​ བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »​ བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན།
​ བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-01-06ལྟ་ཀློག (13485)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

 བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན།

 吉祥如意与精神文明
     (རྒྱུན་སྤྱོད་ཐ་སྙད་བཀྲ་ཤིས་བདེ་ལེགས་ཞེས་པར་འབྲེལ་ཏེ་བོད་མིའི་བསམ་བློའི་དཔལ་ཡོན་སྐོར་གླེང་བ)
 (从口头用语“扎西德勒”谈藏民族的精神文明建设)
                                                                    བཛྲ་ཚུལ་ཁྲིམས་རྒྱ་མཚོ།
༼ཉིན་ཁ་ཤས་ཀྱི་སྔོན་དུ་བདག་གིས་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་འཆད་ཁྲིད་ཅིག་བྱས་པ་དེ་བློ་གསལ་སྐལ་མཉམ་གཟུར་གནས་དག་ལ་ཅུང་ཟད་རེ་ཕན་དུ་རེ་ནས་ནང་དོན་ཅུང་བསྡུས་ཏེ་འདིར་བཀོད་པའོོ།།༽
       ངས་ཐོག་མར་འདིར་ཕེབས་པའི་དགེ་སློབ་ལྷན་རྒྱས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་འདིར་འུ་ཅག་ལྷན་འཛོམས་བྱུང་བ་ལ་ང་རང་ཤིན་ཏུ་དགའ་བྱུང་།  ངས་དེ་རིང་འདི་ནས་བཤད་རྒྱུའི་ཁ་བྱང་ལ་བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན་ཞེས་བཏགས་ཡོད། རྒྱུ་མཚན་ནི་རྣམ་པ་ཚོ་ཚང་མས་ཤེས་གསལ་ལྟར་ང་ཚོ་བོད་མི་རིགས་ནི་བཀྲ་ཤིས་བདེ་ལེགས་ཞེས་པའི་ཚིག་འདི་བེད་སྤྱོད་བྱེད་རྒྱུར་ཧ་ཅང་དགའ་བའི་མི་རིགས་ཤིག་རེད། གཉེན་ཉེ་གྲོགས་མཆེད་སོགས་དང་ཐོག་མར་མཇལ་འཛོམས་བྱུང་དུས་བཀྲ་ཤིས་བད་ེལེགས་ཞེས་འཚམས་འདྲི་བྱེད་ལ། ཐ་ན་ཁ་པར་སོགས་སུའང་རྒྱ་མིའི་ཝེ་ཞེས་པའི་ཚབ་ཏུ། བོད་པས་བཀྲ་ཤིས་བདེ་ལེགས་བཀོལ། དེ་བཞིན་དུ་རྟགས་དང་སྟོན་མོ་སོགས་ཀྱི་སྐབས་སུ་ཡང་། གལ་ཆེ་བའམ་ཕུན་སུམ་ཚོགས་པའི་རིགས་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཞེས་པ་འདི་བེད་སྤྱོད་བྱེད་ཆོག་པ་ལྟ་བུར་ཡོད།  དེས་ན་ང་ཚོ་རང་གི་གཉེན་ཉེ་གྲོགས་མཆེད་སོགས་གང་ཟག་གཞན་དང་གཞན་ནམ། སུ་དང་གང་ཞིག་གིས་དགའ་འོས་པའི་དོན་བཟང་ཞིག་བསྒྲུབས་ནས་འགྲུབ་པ་དང་འཕྲད་པའམ། ཡང་ན་མཐོང་བ་དང་ཐོས་པའི་ཚེ་ནའང་། གཏམ་གཞན་མང་བོ་བཤད་མི་ཤེས་ཀྱང་བཀྲ་ཤིས་བདེ་ལེགས་ཞེས་པའི་ཚིག་གཅིག་པོ་འདིའི་སྒོ་ནས་རྟེན་འབྲེལ་ཞུ་ཆོག་པ་ལྟ་བུ་ཡིན་མོད། འོན་ཀྱང་དོན་དངོས་གནས་ལ་བཀྲ་ཤིས་བདེ་ལེགས་ཞེས་པར་དོན་ཅི་ཞིག་གོ་རྒྱུ་ཡོད་པ་ཤེས་མཁན་ཕལ་ཆེར་ཉུང་ཉུང་ཡིན་རྒྱུ་རེད་སྙམ། འོ་ན་བཀྲ་ཤིས་བདེ་ལེགས་ལ་གོ་རྒྱུ་ཅི་ཞིག་ཡོད་ཅེ་ན། དེ་ཡང་འཇིག་རྟེན་རྒན་པོ་དག་གི་ཁ་དཔེར་དཀར་འོ་མའི་ནང་ལ་ཀུན་འདུས་ཞེས་པ་ལྟར་བཀྲ་ཤིས་བདེ་ལེགས་ཞེས་པ་འདིའི་ནང་ན་ཡང་རིག་གཞུང་ངོ་མཚར་བ་ཞིག་དང་།  བསམ་བློ་ཡ་མཚན་པ་ཞིག་གོ་རྒྱུ་ཡོད། འོན་ཀྱང་སློབ་གླིང་གིས་ང་ལ་འཆད་ཁྲིད་འདི་རིག་གཞུང་འཆད་ཁྲིད་ཅིག་ཡིན་པས་ཁ་བྱང་ལ། རྒྱུན་སྤྱོད་ཐ་སྙད་བཀྲ་ཤིས་བདེ་ལེགས་ཞེས་པར་འབྲེལ་ཏེ་བོད་མིའི་བསམ་བློའི་དཔལ་ཡོན་སྐོར་གླེང་བ(རྒྱ་སྐད་དུ་从口头用语“扎西德勒”谈藏民族的精神文明建设)ཞེས་པ་ལྟ་བུ་བཏགས་ན་ཅུང་འཚམ་པར་སྣང་མོད། དེ་ལྟར་བཏགས་ན་ཨེ་ཆོག་ཟེར། དེ་མི་ཆོག་རྒྱུ་ཅི་ཞིག་ཡོད། ཁ་བྱང་ཇེ་གསལ་ལ་ཅིག་བཏང་བ་ཙམ་མ་གཏོགས་བརྗོད་བྱ་གཅིག་རེད། འོན་ཀྱང་སྤྱིར་ངས་བསམ་བློ་གཏོང་ཚུལ་ནི་ཁ་བྱང་ཆུང་ཆུང་ཞིག་གི་ནང་ལ་བརྗོད་དོན་རྒྱ་ཆེན་པོ་ཞིག་འདུས་པར་བྱས་ནས་བཤད་རྒྱུ་གོམས་ན་བཟང་གི་བསམ་པ་ཡིན། ད་དུང་དེས་མི་ཚད་དེ་རིང་ངས་རྣམ་པ་ཚོར་བཤད་པར་བྱ་བ་ནི། སྤྱིར་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་དང་སྦྲེལ་ནས་ད་སྐབས་མིའི་རིགས་ཡོངས་ལ་ཧ་ཅང་མཁོ་གལ་ཆེ་བའི་བསམ་བློའི་དཔལ་ཡོན་འཛུགས་བསྐྲུན་ཇི་ལྟར་བྱེད་ཚུལ་ཡིན་པ་ལས། བོད་མི་རིགས་ཙམ་གྱི་བསམ་བློའི་དཔལ་ཡོན་འཛུགས་བསྐྲུན་བྱེད་ཚུལ་འབའ་ཞིག་མིན་ནོ།།དེས་ན་དེ་ཡང་གཟུང་བདེ་བའི་ཕྱིར་དོན་ཚན་གསུམ་གྱིས་བཤད་པར་བྱའོ།།
དང་བོ། བཀྲ་ཤིས་ཞེས་པ་རྒྱུ་དང་བདེ་ལེགས་ཞེས་པ་འབྲས་བུ་ལྟ་བུར་གོ་ཚུལ་ཅུང་ཟད་བཤད་པ།

      རྣམ་པ་ཚོ་ཚང་མས་ཤེས་གསལ་ལྟར་ང་རང་ནང་བའི་ཆོས་ལུགས་པ་ཞིག་ཡིན། དེས་མི་ཚད་གྲྭ་བ་ཞིག་ཀྱང་ཡིན། འདི་གསང་གི་མེད་ལ། གསང་ཐུབ་རྒྱུ་ཞིག་ཀྱང་མིན་ཞིང་། གསང་དགོས་དོན་ནི་དེ་བས་ཀྱང་མེད་སྙམ་མོ།།དེས་ན་ང་ནང་ཆོས་ལ་དགའ་དད་ཆེ་བ་ནི་ཆེས་གནས་ལུགས་དང་མཐུན་པ་ཞིག་ཡིན་པའང་སྨོས་མ་དགོས་པ་ཞིག་རེད། ཡིན་ནའང་རྒྱལ་ཚབ་དར་མ་རིན་ཆེན་མཆོག་གི་ཞལ་ནས། བདེ་གཤེགས་ལམ་ནི་ཟབ་ཅིང་ཤིན་ཏུ་ཕྲ།།བདག་ནི་ཐོས་ཉུང་སྦྱངས་པའི་སྟོབས་དམན་ཡང་།།ཞེས་གསུངས་པ་ལྟར་ནང་ཆོས་ནི་ཆེས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་མི་ཚེའི་སློབ་གསོ་ཞིག་གམ་སེམས་ཁམས་ཀྱི་གསང་བ་ཇི་ལྟ་བ་བཞིན་ཡང་དག་པར་འཚོལ་ཞིབ་བྱེད་པའི་ཚན་རིག་ངོ་མཚར་བ་ཞིག་ཡིན་པ་དང་། ང་རང་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གང་གི་ཆ་ནས་ཀྱང་ཧ་ཅང་ཞན་པས་ཇི་བཞིན་ཤེས་པ་ནི་ཆེས་ཤིན་ཏུ་དཀའ་བ་ཞིག་ཡིན་མོད། འོན་ཀྱང་རྒྱལ་ཚབ་རིན་པོ་ཆེས། དམ་པའི་བཤེས་དང་འཇམ་མགོན་བླ་མ་ཡིས།།དྲིན་ལས་རིགས་པའི་ལམ་བཟང་འབྱེད་པར་སྤྲོ།།ཞེས་གསུངས་པ་ཇི་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་ནས་མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་ཕྱུག་ཅིང་། འཆད་རྩོད་རྩོམ་གསུམ་ལ་མངའ་དབང་འབྱོར་བའི་མགོན་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ནས་ནང་བའི་ཆོས་གཞུང་ལ་ཐོས་བསམ་བྱེད་པའི་སྐལ་བཟང་ཅི་ཡང་ཤར་བའི་མཐུ་ལས་འདི་ངོ་མཚར་བ་དང་ཡ་མཚན་པ་ཞིག་ཡིན་མིན་ལ་ཐེ་ཚོམ་ཅུང་ཟད་ཙམ་ཡང་མི་སྐྱེ་ཞིང་། དེ་ལ་སྙིང་ནས་ངེས་པ་འདྲོངས་པ་འདྲ་བའི་སྲོལ་ཅིག་ནི་བརྟན་པོར་ཆགས་ཡོད། དེའི་ཕྱིར་ངས་གྲྭ་ཆས་གྱོན། ང་གྲྭ་བའི་གྲས་ནས་འདུག་བཞིན་དུ་ཁྱེད་ཚོའི་ངོ་འཛིན་ཙམ་ཞིག་གི་ཆེད་དམ། ང་རང་དཔེ་མི་སྲིད་པ་ཞིག་གམ་ཡ་མཚན་པའི་བསམ་བློ་སྔོན་ཐོན་ཞིག་ཡིན་པའི་སྲོལ་དུ་བྱས་ནས་ནང་ཆོས་ལ་དགག་པ་རྐྱང་རྐྱང་བརྒྱབ་ནས་རིག་གནས་གསར་བ་ལ་མཁས་མདོག་ཁ་བོ་ཅི་ཡང་སྟོན་རྒྱུ་མེད། གལ་ཏེ་ང་ནང་ཆོས་ལ་མི་དགའ་བའམ་དད་པ་མེད་ན་ཆོས་ལུགས་པའི་གྲལ་ནས་འདུག་དོན་མེད་ལ། གཟན་ཤམ་གོན་དོན་ནི་དེ་བས་ཀྱང་མེད། གལ་ཏེ་ང་མི་དེ་འདྲ་ཞིག་ཡིན་ན་ཁྱེད་ཚོ་མི་ཚད་ལྡན་རྣམས་ནི་ཕལ་ཆེར་ང་ལ་ཁོ་ཆད་འགྲོ་རྒྱུ་རེད་སྙམ། འོན་ཀྱང་སློབ་དཔོན་བདེ་བྱེད་བདག་པོས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན།།སེར་སྐྱ་སོགས་ལ་མི་སྡང་ཡང་།།གང་ཞིག་རིགས་པར་ལྡན་པའི་ཚིག།དེ་ཉིད་སྟོན་པར་ཡོངས་སུ་འཛིན།།ཞེས་གསུངས་པ་ལྟར་དེ་རིང་ངས་འདི་ནས་ཁྱེད་རྣམ་པར་ནང་ཆོས་དང་འབྲེལ་ནས་བསམ་བློའི་དཔལ་ཡོན་གླེང་བ་ནི་ང་རང་གི་དགའ་ཕྱོགས་དང་དད་ཕྱོགས་ཡིན་པས་དེའི་ལ་རྒྱ་ཙམ་བཟུང་ནས་གླེང་བ་མིན་གྱི། ངས་འདི་ངོ་མ་ངོ་མཚར་རྨད་དུ་བྱུང་བ་ཞིག་རེད་སྙམ་སྟེ། འདི་བཤད་ན་ཁྱེད་ཚོ་ལའང་ཕན་པར་འགྱུར་ལས་ཆེ་སྙམ་ནས་བཤད་པ་ཡིན་ལ། དེར་མ་ཟད་བསམ་བློའི་དཔལ་ཡོན་འཛུགས་བསྐྲུན་བྱེད་པ་ལ་ནི་ནང་ཆོས་ལས་གལ་ཆེ་བ་ཞིག་མེད་པ་ལྟ་བུ་ཡིན་སྙམ་མོ།།

    དུས་རབས་ཉི་ཤུ་བའི་ནང་དུ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཕྱི་དངོས་པོའི་དཔལ་ཡོན་ཁོ་ན་གཙོ་བོར་བཟུང་ནས་ནང་བསམ་བློའི་དཔལ་ཡོན་ལ་གཙིགས་ཆེན་མ་བྱས་པར་མ་ཟད། མི་དང་རང་བྱུང་གཉིས་ཕན་ཚུན་ཁ་གཏད་ཡིན་པར་འདོད་ཅིང་། ཤེས་རིག་ཅེས་པ་ནི་མི་རྣམས་ཀྱིས་ཚན་རིག་ལག་རྩལ་ལ་བརྟེན་ནས་རང་བྱུང་ཁམས་ལ་བཅོས་བསྒྱུར་དང་དབང་བསྒྱུར་བྱེད་སྤྱད་ཅིག་ཏུ་གོ་ཞིང་དེ་ཙམ་ཁོ་ན་མཆོག་ཏུ་བཟུང་བའི་མཇུག་འབྲས་ལ་བཟོ་ལས་ཤེས་རིག་ཧ་ཅང་དར་རྒྱས་བྱུང་བ་ཡིན་ལ། དགེ་མཚན་ཡང་མི་ཉུང་བ་རེ་ཐོབ་ཡོད་པ་ནི་གོར་མ་ཆག་མོད། འོན་ཀྱང་བློ་གཟུ་བོར་གནས་པའི་ཤར་ནུབ་མཁས་པ་མང་བོས་དེ་འདྲའི་བཟོ་ལས་ཤེས་རིག་དེ་ཉིད་ཐལ་ཆེ་བར་བཀུར་བའི་མཇུག་འབྲས་དེ་སྤྱི་སྡོམ་བྱས་ན། རང་བྱུང་གི་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ། (དེང་རབས་ཀྱི་སྐད་དུ་བྱས་ན་ཟད་གྲོན་ཆེ་བ高消耗)། ཁོར་ཡུག་ཆེས་ཆེར་མི་གཙང་བར་གྱུར་བ་(སྦགས་བཙོག་ཆེ་བ高污染)།  བརྣབས་སེམས་ཀྱི་སྒོ་ཡངས་པར་ཕྱེ་བ་(འཛད་སྤྱོད་ཆེ་བ་高消费)་སྟེ། སྣོད་ཀྱི་འཇིག་རྟེན་ལ་གནོད་པ་ཚབས་ཆེན་བཏང་ཡང་། ཕུགས་ཀྱི་ཁེ་ཕན་ཆུང་བའི་(低效益)ཐོན་སྐྱེད་དར་བ་དང་།  དེ་ལ་བརྟེན་ནས་མི་རྣམས་ཉེན་ཁ་ཆེ་བའི་འཚོ་བ་ལ་རོལ་ཏུ་བཅུག་པ་རེད་ཅེས་མཐུན་པར་གླེང་། དེ་ནས་དོན་གྱི་གནད་ལ་ལྟ་བའི་བློ་མིག་ཅན་གྱི་ཤར་ནུབ་མཁས་པ་མང་བོས་ཕྱི་དངོས་པོའི་དཔལ་ཡོན་དང་མཉམ་དུ་ནང་བསམ་བློའི་དཔལ་ཡོན་དེ་ཉིད་ཅི་ནས་ཀྱང་གལ་ཆེན་དུ་འཛིན་དགོས་ཚུལ་གྱི་འབོད་བསྐུལ་རམ་དང་རིམ་པར་བཏང་བར་མ་ཟད། མི་དང་རང་བྱུང་ཁ་གཏད་དུ་ཡོད་པའི་ལྟ་བ་དེ་ཡང་ནོར་འཁྲུལ་ཅན་དུ་གོ་ནས་མི་ནི་རང་བྱུང་གི་ཆ་ཤས་ཤིག་ཡིན་ཚུལ་མང་དུ་གླེང་ཞིང་། མི་དང་མིའི་བར་དང་། མི་དང་རང་བྱུང་བར་ལ་འཆམ་མཐུན་དགོས་ཚུལ་ཡང་རིམ་བཞིན་གླེང་རྒྱུ་བྱུང་བ་རེད། ཁྱད་པར་དུ་ད་སྐབས་ཀྲུང་གོ་ན་ཚན་རིག་པ་དང་ཆབ་སྲིད་པ་མཐོ་རིམ་པའི་གྲས་ན་འདི་གླེང་མཁན་མང་བར་མ་ཟད། ཀྲུང་གོའི་ཁྲིམས་ལུགས་ཀྱི་ནང་དུ་ཡང་བསམ་བློའི་དཔལ་ཡོན་གལ་ཆེན་དུ་འཛིན་དགོས་ཚུལ་བཀོད་ཡོད་པ་ལྟ་བུ་ཡིན། ལྷག་པར་དུ་ད་ལྟའི་གཙོ་འཛིན་ཞིས་ཅིན་ཕིན་གྱིས་རྒྱལ་ཁབ་ཕྱི་ནང་མང་བོར་གཏམ་བཤད་སོགས་བྱེད་སྐབས། འཆམ་མཐུན་དང་བསམ་བློའི་དཔལ་ཡོན་གལ་ཆེ་ཚུལ་ཡང་ཡང་གླེང་བར་འདུག་སྟེ། དཔེར་ན་ཞིས་ཅིན་ཕིན་གྱིས་གཏམ་བཤད་ཅིག་གི་སྐབས་སུ།  ཀྲུང་གོའི་རྨི་ལམ་དེ་མངོན་དུ་འགྱུར་བ་ནི།  དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་དོ་མཉམ་དུ་འཕེལ་བ་ལས་འབྱུང་དགོས་པ་ཞིག་ཡིན་ནོ།།( 习近平:“实现中国梦,是物质文明和精神文明均衡发展的结果。”)ཞེས་པ་ལྟ་བུ་དང་། སློབ་གསོ་བ་དང་ཚན་རིག་པ་གྲགས་ཅན་ཕན་ཙོང་ཀོང་གིས་ཀྱང་། (构建和谐社会,不是物质可以解决的,重要的是心态问题。我相信中国传统文化帮助改善社会的和谐。)འཆམ་མཐུན་སྤྱི་ཚོགས་ཤིག་བསྒྲིག་འཛུགས་བྱེད་རྒྱུ་ནི་དངོས་འབྱོར་ཙམ་གྱིས་ཐག་གཅོད་ཐུབ་པ་ཞིག་མིན་ལ། གཙོ་བོ་ནི་བསམ་བློའི་འཛིན་སྟངས་ཀྱི་གནད་དོན་ཞིག་རེད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ནི་སྤྱི་ཚོགས་འཆམ་མཐུན་ལེགས་བསྒྱུར་བྱེད་པའི་གྲོགས་སུ་འགྱུར་བར་ང་ལ་ཡིད་ཆེས་ཡོད་ཅེས་བཤད་དོ།།དེར་མ་ཟད་དུས་རབས་བཅུ་དགུ་བ་དང་་ཉི་ཤུ་བའི་ནང་ཡ་ང་བའི་གཡུལ་འཁྲུགས་ཀྱིས་ཚེ་སྲོག་ལ་གནོད་སྐྱོན་ཐེབས་པའི་མི་ནི་བསམ་ཡུལ་ལས་འདས་པ་ཞིག་ཡོད་འདུག་སྟེ། དཔེར་ན་འཛམ་གླིང་འཁྲུགས་ཆེན་ཨང་དང་བོའི་སྐབས་སུ་། རྒྱལ་ཁབ་དང་ས་ཁུལ་སུམ་བཅུ་ལྷག་གི་མི་གྲངས་ཕལ་ཆེར་དུང་ཕྱུར་བཅོ་ལྔ་ཡས་མས་ཙམ་ལ་གཡུལ་འཁྲུགས་ཀྱིས་གནོད་པ་ཐེབས་ཤིང་། ཤི་རྨས་ཅི་རིགས་ཐེབས་པའི་མི་གྲངས་ཀྱང་ས་ཡ་སུམ་བཅུའམ་བྱེ་བ་གསུམ་(3000多万)ལྷག་ཡོད་པར་བཤད། འཛམ་གླིང་འཁྲུགས་ཆེན་ཨང་གཉིས་པའི་ནང་དུ་ཤི་བའི་མི་གྲངས་བྱེ་བ་ལྔ་དང་ས་ཡ་བདུན་(5700多万)ཙམ་ཡོད་པར་གྲགས་ལ། གཞན་ཡང་ཁྲའོ་རོགས་མེ་འགོག་དང་། ཝེ་ཏི་ནམ་གཡུལ་འཁྲུགས། ཀམ་པོ་ཀྲི་ཡའི་ནང་འཁྲུགས། འཇར་འགོག་དམག་འཁྲུགས་སོགས་སུ་ཚེ་སྲོག་ཤོར་བའི་མི་ནི་གྲངས་ལས་འདས་པས། གལ་ཏེ་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ན་སྙིང་མི་འདར་མཁན་སུ་ཞིག་ཡོད། འོ་ན་དེ་ལྟར་ཐོས་པ་ཙམ་གྱིས་སྐྱི་གཡའ་བར་བྱེད་པའི་དམག་འཁྲུགས་དེ་དག་ཅི་ལས་བྱུང་བ་ཡིན་ཞེ་ན། དེ་ནི་གཙོ་བོ་ཕྱི་དངོས་པོའི་དཔལ་ཡོན་ཙམ་དོན་ཐམས་ཅད་ཀྱི་སྙིང་བོར་བཟུང་ནས་ནང་བསམ་བློའི་དཔལ་ཡོན་ལ་གཙིགས་ཆེན་གཏན་ནས་མ་བྱས་པ་ཁོ་ནས་ལན་པ་རེད། དེའི་ཕྱིར་ད་ལྟའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིན་གྱིས་ཀྱང་གནད་དོན་དེ་ཤེས་ནས་ཧྥ་རན་སི་ནས་གཏམ་བཤད་ཅིག་གི་སྐབས་སུ་ཡང་། གནད་དོན་གལ་ཆེ་བ་གསུམ་བཤད་དེ། གནད་དོན་དང་བོའི་ནང་དུ་ (联合国教科文组织总部大楼前的石碑上:第一,战争起源于人之思想,故务需于人之思想中筑起保卫和平之屏障。)མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གཞུང་རྩ་འཛུགས་ཀྱི་ཐོག་ཁང་ཆེན་མོའི་མདུན་གྱི་རྡོ་རིང་ངོས་ལ། འཐབ་འཁྲུགས་ནི་མིའི་བསམ་བློ་ལས་བྱུང་བས། མིའི་བསམ་བློའི་ནང་དུ་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཡོལ་བ་ཞིག་ནི་ཅིས་ཀྱང་བཟོ་དགོས་ཞེས་བརྐོས་ཡོད་ཚུལ་སོགས་ནས་འཕྲོས་ཏེ་བསམ་བློ་ལེགས་བསྒྱུར་བྱེད་དགོས་ཚུལ་མང་དུ་བཤད། གནད་དོན་གཉིས་པའི་ནང་དུ་ (第二,文明因交流而多彩,文明因互鉴而丰富;文明交流互鉴,是推动人类文明进步和世界和平发展的重要动力。)ཤེས་རིག་ནི་ཕན་ཚུན་སྤེལ་རེས་བྱས་པ་ལས་སྣ་མང་དུ་གྱུར་བ་དང་། ཕན་ཚུན་མིག་ལྟོས་བྱས་པ་ལས་ཕུན་སུམ་ཚོགས་པར་གྱུར་བ་ཡིན་ཞིང་། ཤེས་རིག་ཕན་ཚུན་སྤེལ་རེས་དང་མིག་ལྟོས་བྱེད་པ་ནི། མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་གཏོང་བྱེད་དང་འཛམ་གླིང་ཞི་བདེ་དང་ལྡན་པར་གོང་འཕེལ་དུ་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ཚུལ་སོགས་བཤད། གནད་དོན་གསུམ་པའི་ནང་དུ་ (第三,以文化人,让文化为人类进步助力,推动中华文明创造性转化和创新性发展。)རིག་གནས་ལ་བརྟེན་ནས་མི་འདུལ་བ་སྟེ། རིག་གནས་དེ་མིའི་རིགས་ཡར་རྒྱས་གཏོང་བྱེད་ཀྱི་གྲོགས་ཤུགས་སུ་འགྲོ་རུ་བཅུག་ནས། ཀྲུང་ཧྭ་ཤེས་རིག་དེ་གསར་གཏོད་རང་བཞིན་ཅན་གྱི་འཕོ་འགྱུར་དང་གསར་བསྐྲུན་རང་བཞིན་ཅན་གྱི་འཕེལ་རྒྱས་གཏོང་དགོས་ཚུལ་སོགས་བཤད་ཡོད་དོ།།  

   འོ་ན་དེ་འདྲའི་བསམ་བློའི་ཡོལ་བ་དེ་ཇི་ལྟར་བཟོ་དགོས་ཞེ་ན། མི་གཞན་ལ་བཤད་ཚུལ་གཞན་ཡང་ཡོད་སྲིད་མོད། འོན་ཀྱང་ངས་ནི་དེ་རིང་འདིར་བཀྲ་ཤིས་བདེ་ལེགས་སམ་ནང་ཆོས་དང་འབྲེལ་ནས་ཞི་བདེ་སྲུང་སྐྱོབ་བྱེད་པའི་ཡོལ་བའམ། ནང་བསམ་བློའི་དཔལ་ཡོན་ཇི་ལྟར་ཡར་རྒྱས་གཏོང་ཚུལ་ཅུང་ཟད་བཤད་རྒྱུ་ཡིན། དེ་ཡང་ནང་ཆོས་ཞེས་པ་ནི་ཧ་ཅང་ཟབ་ལ་རྒྱ་ཆེ་བས་བདག་ལྟ་བུས་ཇི་ལྟ་བ་བཞིན་འཆད་རྒྱུ་ཤིན་ཏུ་དཀའ་མོད། འོན་ཀྱང་ངས་རེ་ཞིག་གཞན་ཐམས་ཅད་བཞག་སྟེ། དུས་རྒྱུན་པར་ང་ཚོའི་ཁ་ལ་གོམས་འདྲིས་ཆེ་བའི་བཀྲ་ཤིས་བདེ་ལེགས་ཞེས་པའི་ཚིག་དང་འབྲེལ་ནས་གོ་སླ་བར་བཤད་པར་འདོད་དོ།།དེ་ཡང་སྤྱིར་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཞིག་སྟེ། འདིའི་ནང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བས་བསྡུས་པའི་རྒྱུ་འབྲས་ཐམས་ཅད་འདུ་བར་བཤད་ཀྱང་ཐལ་མི་ཆེ་བར་སེམས་སོ།།དེས་ན་བཀྲ་ཤིས་བདེ་ལེགས་ཀྱི་དོན་ནི་འཇིག་རྟེན་པ་རྣམས་ཀྱིས་འདོད་པའི་གནས་སྐབས་ཀྱི་བསམ་ཐོག་ཏུ་བབ་པ་ལྟ་བུའི་དོན་བཟང་ཙམ་གྱིས་མི་ཚད་དེ། བཀྲ་ཤིས་དང་བདེ་ལེགས་ཞེས་པའི་ནང་ན་རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ཧ་ཅང་ཟབ་མོ་རེ་གོ་རྒྱུ་ཡོད། དཔེར་ན་བཀྲ་ཤིས་ནི་རྒྱུ་དགེ་བ་དང་། བདེ་ལེགས་ནི་དེས་བསྐྱེད་པའི་འབྲས་བུ་བདེ་བ་ལ་གོ་ཆོག་པ་ལྟ་བུ་ཡིན། དེ་ལ་ཡང་རིམ་པ་དུ་མ་ཡོད་པ་ལས།

 ༼༡༽ཚེ་འདི་ཙམ་གྱི་དབང་དུ་བྱས་ནས་བཀྲ་ཤིས་པའི་རྒྱུ་ལས་འབྲས་བུ་བདེ་ལེགས་འབྱུང་ཚུལ་ཅུང་ཙམ་བཤད་པ། དེ་ཡང་ཕ་མ་ལ་སྲི་ཞུ། དགེ་རྒན་ལ་གུས་བཀུར། དུང་སེམས་ལ་གཅེས་སྤྲས། མི་ཆོས་ལ་བརྩི་བསྲུང་། འཆམ་མཐུན་ལ་དོ་སྣང་། མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དང་། གཞན་ཡང་འདྲ་མཉམ་ལ་བརྩི་འཇོག་དང་། ཤེས་སྤྱོད་གཉིས་ཟུང་འབྲེལ་བྱེད་པ་ལྟ་བུ་རྣམས་ནི་རྒྱུ་ཡིན་ལ། བཀྲ་ཤིས་པའི་རྒྱུ་དེ་ལས་འབྲས་བུ་ཅི་ཞིག་འབྱུང་ཞེ་ན། ཚེ་འདིར་རང་ལ་གཞན་གྱི་གུས་བཀུར་དང་རོགས་རམ་ཐོབ་པར་མ་ཟད། དུས་རྟག་ཏུ་ཡིད་མི་ཞུམ་ཞིང་དགའ་བདེས་ཁེངས་པར་འགྱུར་བ་སོགས་ལ་བདེ་ལེགས་ཞེས་བྱ་ཞིང་། སྤྱིར་བཤད་ན་འདི་ནི་བཀྲ་ཤིས་པའི་རྒྱུ་ལས་འདོད་བྱ་བདེ་ལེགས་འབྱུང་ཚུལ་ལས་རིམ་པ་ཆེས་དམའ་ཤོས་ཤིག་ཡིན་མོད། འོན་ཀྱང་འདིའི་ནང་དུ་མི་ཆོས་ཞེས་པ་དེ་འདུས་པས་ཤིན་ཏུ་གལ་ཆེ་སྟེ། མི་ཡི་ཆོས་ལུགས་ལེགས་སྤྱད་ན།།ལྷ་ཡུལ་བགྲོད་པ་ཐག་མི་རིང་།།ལྷ་དང་མི་ཡི་ཐེམ་སྐས་ལ།།འཛེགས་ན་ཐར་བ་གམ་ན་གནས།།ཞེས་གསུངས་པ་ལྟར་བདེ་ལེགས་ཐམས་ཅད་འབྱུང་བའི་ཆེས་རྨང་གཞི་ལྟ་བུ་ནི་འདི་དང་འདི་འདྲའི་མི་ཆོས་ཡིན་པས་སོ།།

༼༢༽ཚེ་ཕྱི་མ་དང་འབྲེལ་ནས་བཀྲ་ཤིས་པའི་རྒྱུ་ལས་འབྲས་བུ་བདེ་ལེགས་འབྱུང་ཚུལ་བཤད་པ། དེ་ཡང་ཐོག་མར་མཚན་ཉིད་ཚང་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པ། ཐོབ་ཟིན་པའི་དལ་འབྱོར་གྱི་ལུས་རྟེན་རིན་པོ་ཆེ་ལ་གཅེས་སྤྲས་བྱེད་པ། འདུས་བྱས་ཐམས་ཅད་ཀྱི་རང་བཞིན་མི་རྟག་པར་ཤེས་པ་དང་ཁྱད་པར་དུ་འཆི་བ་མི་རྟག་པ་གནས་ལུགས་བཞིན་བསྒོམ་པ། སྐྱབས་གནས་ཡང་དག་པ་ཞིག་ལ་སྐྱབས་སུ་འགྲོ་བ།  ལས་འབྲས་སྤྱི་དང་བྱེ་བྲག་ལ་ངེས་པ་ལེགས་པར་རྙེད་པར་བྱེད་པ། ཚེ་འདི་དང་ཕྱི་མ་གཉིས་ལས་ཕྱི་མའི་དོན་གཙོ་བོར་བྱེད་པ་སོགས་སྡིག་སྤོང་དགེ་སྒྲུབ་ལ་འབད་ཅི་ཐུབ་བྱེད་པ་ནི་བཀྲ་ཤིས་པའི་རྒྱུ་བསྒྲུབ་པ་ཡིན་ལ། གལ་ཏེ་སུ་དང་གང་གིས་དེ་ལྟར་བསྒྲུབ་ན། འབྲས་བུ་བདེ་ལེགས་ཏེ། ཚེ་ཕྱི་མར་ཡང་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པར་འགྱུར་རོ།།འདི་ནི་རིམ་པ་ཅུང་དམའ་ཤོས་སུ་གྱུར་བའི་བཀྲ་ཤིས་ལས་བདེ་ལེགས་འབྱུང་ཚུལ་ཡིན་ལ། ནང་ཆོས་སུ་འདིིའི་རིགས་ལ་སྐྱེས་བུ་ཆུང་ངུའི་ལམ་ཞེས་བྱ་སྟེ། གང་ཞིག་ཐབས་ནི་གང་དག་གིས།།འཁོར་བའི་བདེ་བ་ཙམ་དག་ལ།།རང་ཉིད་དོན་དུ་གཉེར་བྱེད་པ།།སྐྱེས་བུ་དེ་ནི་ཐ་མར་ཤེས།།ཞེས་གསུངས་པ་ལྟར་རོ།།
༼༣༽ཐར་བ་མྱང་འདས་དང་འབྲེལ་ནས་བཀྲ་ཤིས་པའི་རྒྱུ་ལས་འབྲས་བུ་བདེ་ལེགས་འབྱུང་ཚུལ་བཤད་པ།  འཁོར་བ་སྤྱི་དང་བྱེ་བྲག་གི་སྐྱོན་མ་ལུས་པ་ཤེས་པར་བྱེད་པའམ་། སྡུག་བསྔལ་གསུམ་དང་བརྒྱད་སོགས་ཀྱི་རང་བཞིན་ལེགས་པར་ཤེས་པར་བྱས་ནས། ཁམས་གསུམ་གྱི་འཁོར་བ་མཐའ་དག་ལས་ཐར་བའི་ཆེད་དུ་ལྷག་པའི་བསླབ་པ་གསུམ་ལ་སློབ་པ། འཕགས་པའི་བདེན་པ་བཞི་ལེགས་པར་བསྒོམས་ཏེ་སྤང་བླང་འཇུག་ལྡོག་ཚུལ་བཞིན་དུ་བྱེད་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་གིས་བསྒོམ་པ་སོགས་ནི་བཀྲ་ཤིས་པའི་རྒྱུ་ཡིན་ལ། དེའི་སྟོབས་ཀྱིས་འབྲས་བུ་ལས་ཉོན་གྱི་འཆིང་བ་མ་ལུས་པ་ལས་གྲོལ་བའམ་ཐར་བ་ཐོབ་པ་ནི་བདེ་ལེགས་ཡིན།  འདི་ནི་བཀྲ་ཤིས་པའི་རྒྱུ་འབྲིང་ཙམ་བསྒྲུབས་པ་ལས་འབྲས་བུ་བདེ་ལེགས་ཀྱང་འབྲིང་ཙམ་འབྱུང་ཚུལ་ཡིན་ལ། ནང་ཆོས་སུ་འདི་ལ་སྐྱེས་བུ་འབྲིང་གི་ལམ་ཞེས་ཟེར་ཏེ། མཉམ་མེད་ཇོ་བོ་ཆེན་པོའི་བྱང་ཆུབ་ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་།།སྡིག་པའི་ལས་ལས་ལྡོག་བདག་ཉིད།།གང་ཞིག་རང་ཞི་ཙམ་དོན་གཉེར།།སྐྱེས་བུ་དེ་ནི་འབྲིང་ཞེས་བྱ།།ཞེས་གསུངས་པ་ལྟར་རོ།།
༼༤༽ཐོབ་བྱ་མཐར་ཐུག་པ་སངས་རྒྱས་ཀྱི་གོ་འཕང་དང་འབྲེལ་ནས་བཀྲ་ཤིས་པའི་རྒྱུ་ལས་འབྲས་བུ་བདེ་ལེགས་འབྱུང་ཚུལ་བཤད་པ། རང་ཁོ་ནའི་ཆེད་དུ་ཐར་བ་ཙམ་གཙོ་བོར་དོན་དུ་གཉེར་བའི་དམན་པའི་མྱང་འདས་ཙམ་གྱིས་ཡིད་མི་ཚིམ་པར་མཁའ་མཉམ་གྱི་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་འབད་དེ་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པ་ནི་བཀྲ་ཤིས་པའི་རྒྱུ་ཡིན་ལ། དེའི་སྟོབས་ཀྱིས་འབྲས་བུ་སྐུ་བཞིའི་བདག་ཉིད་དམ་དོན་གཉིས་མཐར་ཕྱིན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ནི་འབྲས་བུ་བདེ་ལེགས་འབྱུང་ཚུལ་ཏེ། འདི་ནི་བཀྲ་ཤིས་པའི་རྒྱུ་ལས་འབྲས་བུ་བདེ་ལེགས་འབྱུང་ཚུལ་གྱི་རིམ་པ་ཆེས་མཐར་ཐུག་པའམ་ཆེས་བླ་ན་མེད་པ་ཞིག་ཡིན་ལ། ནང་ཆོས་ཀྱི་གཞུང་དུ་འདི་ལ་སྐྱེས་བུ་ཆེན་པོའི་ལམ་རིམ་ཟེར་ཏེ། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས།།གང་ཞིག་གཞན་གྱིས་སྡུག་བསྔལ་ཀུན།།ཡང་དག་ཟད་པར་ཀུན་ནས་འདོད།།སྐྱེས་བུ་དེ་ནི་མཆོག་ཡིན་ནོ།།ཞེས་གསུངས་པ་ལྟར་རོ།། དེས་ན་འདི་ནི་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་ཡིན་ལ། འདི་འདྲའི་བསམ་བློ་གོང་འཕེལ་དུ་གཏོང་བ་ནི་ནང་ཆོས་སུ་བཤད་པའི་བསམ་བློའི་དཔལ་ཡོན་འཛུགས་བསྐྲུན་བྱེད་ཚུལ་ཡང་ཡིན་ནོ།།
གཉིས་པ། ད་ལྟའི་བཀྲ་ཤིས་བདེ་ལེགས་འདི་ཡང་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་བཤད་པ།
    པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།།བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི།།བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས།།གཞན་བདེས་དགའ་བ་བསྐྱེད་པར་བྱིན་གྱིས་རློབས།།ཞེས་གསུངས་པ་ལྟར་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ནི། སེམས་ཅན་སུ་དང་སུ་ཡིན་ཀྱང་འདྲ་འདྲ་ཡིན་པ་ནི་ལུང་དང་རིགས་པའི་སྒྲུབ་བྱེད་ལ་མ་ལྟོས་པར་གསལ་བར་ཤེས་ནུས་པ་ཤིག་རེད། ཡིན་ན་ཡང་སྤྱོད་འཇུག་ཆེན་མོ་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།།སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས།།རང་གི་བདེ་བ་དགྲ་ལྟར་འཇོམས།།ཞེས་གསུངས་པ་ལྟར་ང་དང་ང་འདྲ་བའི་སེམས་ཅན་མ་རིག་པས་རང་རྒྱུད་ཀྱི་ལེགས་ཉེས་དཔྱོད་པའི་བློ་མིག་ལོང་བར་གྱུར་བ་རྣམས་ནི། བདེ་སྡུག་གི་རྒྱུ་དགེ་སྡིག་གི་སྤང་བླང་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་ན། སྙིང་ནས་ཐོབ་འདོད་པ་ནི་བཀྲ་ཤིས་བདེ་ལེགས་ཡིན་ཡང་། རེ་འབྲས་བཞིན་མངོན་དུ་འགྱུར་བ་ཧ་ཅང་དཀའ་བའི་ཚོད་དུ་འདུག་པ་རང་ཅག་ལ་ལྐོག་ཏུ་མ་གྱུར་བ་འདི་རང་རེད། དེས་ན་རང་ཅག་ལ་མངོན་ཏུ་གྱུར་ཟིན་པའི་བཀྲ་ཤིས་བདེ་ལེགས་འདི་ལ་གཅེས་སྤྲས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་མ་ཟད། དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་ད་ལྟ་རང་ཅག་ལ་མངོན་དུ་གྱུར་ཟིན་པའི་བཀྲ་ཤིས་བདེ་ལེགས་འདི་རྒྱུ་ཅི་ལས་བྱུང་བ་ཡིན་ཚུལ་ལ་བསམ་བློ་ཞིབ་མོ་ཞིག་གཏོང་རྒྱུ་དེ་ཡིན། རང་ཅག་མིའི་རིགས་འདི་ལོ་རྒྱུས་ཀྱི་འཕོ་འགྱུར་མང་དུ་བརྒྱུད་ནས་དུས་རབས་ཉེར་གཅིག་པའི་ནང་དུ་སླེབས་ཡོད། སྔར་ཚན་རིག་ལག་རྩལ་སོགས་གང་ཡང་ཆེས་ཆེར་མ་དར་བའི་དུས་རབས་སྔོན་མ་རྣམས་དང་བསྡུར་ན། ད་ལྟ་རྒྱུ་ནོར་ལོངས་སྤྱོད་སོགས་སྔར་མི་ཞིག་གི་ཡིད་ལ་དྲན་པ་ཙམ་ཡང་དཀའ་བའི་ཚོད་དུ་གྱུར་བ། ངོ་མ་རྣམ་ཐོས་སྲས་ཀྱི་བང་མཛོད་ལ་མངའ་བརྙེས་པ་ལྟ་བུའི་ཕྱུག་པོ་མང་བོ་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པར་མ་ཟད། སའི་གོ་ལ་འདིའི་གྲུ་ཟུར་གང་ཞིག་ན་མི་སུ་ཞིག་ལ་དཀའ་སྡུག་ཅི་ཞིག་འཕྲད་ཡོད་ནའང་མྱུར་དུ་ཐོས་ཐུབ་པ། མང་བོ་ཞིག་གི་གདུང་སེམས་མཉམ་བསྐྱེད་དང་། རོགས་རམ་སོགས་ཀྱང་མྱུར་དུ་འབྱོར་ཐུབ་པས། སྡུག་བསྔལ་ཆེ་བ་རྣམས་ཆུང་བ་དང་། ཆུང་བ་རྣམས་མེད་པར་ཡང་གཏོང་ནུས་པ་འདི་ངོ་མ་ཡ་མཚན་པ་ཞིག་རེད། འདི་ཐམས་ཅད་ནི་མངོན་དུ་གྱུར་ཟིན་པའི་བཀྲ་ཤིས་བདེ་ལེགས་ཡིན་པའང་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་དེ་དག་དང་མཉམ་དུ་སད་སེར་བཙའ་ཐན། ནད་མུག་འཐབ་རྩོད་འཁྲུགས་ལོང་སོགས་ཀྱང་སྔར་ལས་ཇེ་རྒོད་དང་ཇེ་ཐུར་འགྱུར་བཞིན་པ་ཡང་མངོན་སུམ་ཡིན་པས་སུ་ལ་གསང་། དེས་ན་ད་ལྟ་མངོན་དུ་གྱུར་ཟིན་པའི་བཀྲ་ཤིས་བདེ་ལེགས་འདི་དག་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་པ་ཤེས་དགོས་པར་མ་ཟད། དེ་དང་མཉམ་དུ་བྱུང་བའི་བཀྲ་མི་ཤིས་ཤིང་བདེ་ལེགས་ཀྱི་འགལ་རྐྱེན་དུ་གྱུར་བ་འདི་དག་ཀྱང་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་པའང་ཤེས་དགོས་པ་ཡིན། གལ་ཏེ་དེ་ལྟར་ཤེས་ན་བཀྲ་མི་ཤིས་ཤིང་བདེ་ལེགས་འབྱུང་བའི་འགལ་རྐྱེན་དུ་གྱུར་བའི་བསམ་བློ་དང་ཀུན་སྤྱོད་ངན་པའི་རིགས་ལ་འཛེམས་པའི་བློ་སྐྱེ་ཞིང་། བཀྲ་ཤིས་བདེ་ལེགས་འོངས་པའི་རྒྱུ་བསམ་བློ་དང་ཀུན་སྤྱོད་བཟང་བོའི་རིགས་ལ་འབད་པའི་བློ་ཡང་ཁྲིམས་ལུགས་ལ་མ་ལྟོས་པར་རང་ཤུགས་ཀྱིས་སྐྱེ་བར་འགྱུར་རོ།།གལ་ཏེ་དེ་ལྟར་འབྲས་བུ་དེ་དག་བསྐྱེད་པའི་རྒྱུའི་འཇུག་ལྡོག་ལ་རང་ཤུགས་ཀྱིས་འབད་པ་ཞིག་བྱུང་ན། དཔལ་ལྡན་ཟླ་བ་གྲགས་པས། ཇི་ལྟར་རྒྱ་མཚོའི་རོ་དང་ལྷན་ཅིག་དང་།།བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན།།དེ་ལྟར་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཆེ།།དེ་འཆལ་བ་དང་ལྷན་ཅིག་གནས་མི་འདོད།།ཅེས་གསུངས་པ་ལྟར་བཀྲ་མི་ཤིས་པ་རྣམས་མི་འབྱུང་ཞིང་བཀྲ་ཤིས་པ་རྣམས་འབྱུང་བར་འགྱུར་བར་མ་ཟད། བཀྲ་མི་ཤིས་པ་བསྐྱེད་པའི་རྒྱུ་སྒྲུབ་མཁན་དེ་དག་དང་ཡང་བསམ་བློ་ལྷན་ཅིག་ཏུ་གནས་པའི་གོ་སྐབས་འབྱུང་མི་སྲིད་དོ།།དེ་ཡང་མདོར་བསྡུས་ན་རྒྱུ་འབྲས་ཀྱི་རང་བཞིན་ལེགས་པར་ཤེས་པས་སྐྲག་ས་འཇིགས་ས་ཞིག་ཡོད་པར་གྱུར་བ་སྟེ། དཔེར་ན་ཞིན་ཅིན་ཕིན་གྱིས། (习近平:“心中要有敬畏,知道什么是高压线,想都不要想,一触即跳,才能守得住底线。”)སེམས་ནང་ན་གུས་ས་དང་སྐྲག་ས་ཞིག་དགོས་པ་ཡིན། ཅི་ཞིག་མཐོ་གནོན་གློག་སྐུད་ཡིན་པ་ཤེས་ན་བསམ་བློ་ཙམ་ཡང་གཏོང་མི་དགོས་པར། དེར་རེག་ཙམ་ནས་ལྡང་བར་འགྱུར་ལ། ད་གཟོད་གསང་ཐིག་དེ་ཉིད་ཀྱང་བསྲུང་ནུས་པ་ཡིན་ཞེས་བཤད་ལ། དེ་ལུགས་ནང་ཆོས་ལས་ནི་སྔོན་མ་ནས་གསུངས་ཟིན་པ་ཞིག་སྟེ། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས། ཅི་སྐྱོན་ཅི་སྐྱོན་རང་བྱས་ན།།འདི་སྐྱོན་དམྱལ་བ་ནས་བསྟན་ཡོང་།།མི་རུང་མི་རུང་རེ་བྱས་ན།།རུང་བའི་དོན་སྟེང་ནས་མི་འཛུར།།ཞེས་དང་། སྤྱོད་འཇུག་ལས། དེ་བས་བང་དུ་སྦྲུལ་འོངས་ན།།ཇི་ལྟར་རིངས་པས་ལྡང་བ་ལྟར།།དེ་བཞིན་གཉིད་དང་སྙོམ་འོངས་ན།།མྱུར་དུ་དེ་དག་བཟློག་པར་བྱ།།ཞེས་གསུངས་པ་ལྟ་བུས་མཚོན་ཤིན་ཏུ་མང་ངོ་།། གསུམ་པ། ལས་འབྲས་ལ་བླང་དོར་ཚུལ་བཞིན་བྱེད་པ་ནི་མ་འོངས་པའི་བཀྲ་ཤིས་བདེ་ལེགས་ཀྱི་རྒྱུ་ཡིན།

      བཀྲ་ཤིས་བདེ་ལེགས་ཞེས་པ་ཁ་གཡང་ཙམ་ལས་མེད་ན་བོད། མི་རིགས་འདི་བཀྲ་ཤིས་བདེ་ལེགས་ཞེས་པ་ལ་དགའ་དོན་དེ་ཙམ་་མེད་སྙམ་པས་བཀྲ་ཤིས་བདེ་ལེགས་འབྱུང་བའི་ཐབས་ལ་བརྩོན་དགོས།  དེས་ན་སེམས་སྟེང་ནས་བཀྲ་ཤིས་བདེ་ལེགས་ཞེས་པའི་འབྲས་བུ་ངོ་མཚར་བ་དེ་ལ་ལོངས་སྤྱོད་འདོད་ན། ད་ལྟ་ནས་དེའི་རྒྱུ་བསྒྲུབ་དགོས། དེའི་རྒྱུ་ལ་མང་བོ་ཡོད་པ་གོང་དུ་བཤད་ཟིན་པ་ལྟར་ཡིན་མོད། ད་སྐབས་ཀྱི་སྤྱི་ཚོགས་འདིའི་གནས་ཚུལ་མཐོང་ན་རང་ཅག་ལ་ཆེས་གལ་ཆེ་བ་ནི་ལས་འབྲས་མི་བསླུ་བའི་ངང་ཚུལ་བསྒོམས་པ་ལས་ལྷག་པའི་བསམ་བློའི་དཔལ་ཡོན་ཞིག་མེད་ལ། ལས་འབྲས་ལ་བླང་དོར་ཚུལ་བཞིན་བྱེད་པ་ལས་ལྷག་པའི་ཞི་བདེ་དང་འཆམ་མཐུན་བསྐྲུན་པའི་རྒྱུ་རྐྱེན་མཆོག་ཏུ་གྱུར་བ་ཞིག་ཀྱང་ཡོད་པ་མིན་ལ། དེ་ནི་བཀྲ་ཤིས་བདེ་ལེགས་ཞེས་པའི་བསྟན་དོན་ལག་ལེན་བྱེད་ཚུལ་ཡང་ཡིན། དེ་ལྟར་ཡིན་པའི་སྒྲུབ་བྱེད་ཀྱང་མང་བོ་ཡོད་མོད། འོན་ཀྱང་དུས་ཚོད་ཀྱི་དབང་གིས་རེ་རེ་བཞིན་བཤད་ཁོམ་མེད་ལ་བཤད་ཀྱང་མི་དགོས་སྙམ། ད་སྐབས་མི་ལ་ལས་ལས་རྒྱུ་འབྲས་ཞེས་པའི་ཚིག་འདི་ཐོས་ཙམ་ནས་ཆོས་ལུགས་རྨོངས་དད་ཀྱི་བཤད་ཚུལ་ཞིག་རེད་བསམ་གྱིན་འདུག  རྒྱུ་འབྲས་མི་བསླུ་བ་དེ་ནང་ཆོས་ཀྱི་བཤད་ཚུལ་ཡིན་པ་ནི་བདེན་མོད། འོན་ཀྱང་རྨོངས་དད་རེད་སྙམ་པ་ནི་མ་ཤེས་པ་ཡིན་ཏེ། རྒྱུ་འབྲས་མི་བསླུ་བ་ཡིན་པ་ནི་ནང་བསྟན་གྱིས་གསར་དུ་གཏན་འཁེལ་བྱས་པ་ལྟ་བུ་ཞིག་མ་ཡིན་པར་རང་བྱུང་གི་ཆོས་ཉིད་ཁོ་ན་ཡིན་པའི་ཕྱིར། དཔེར་ན་ཚན་རིག་པ་གྲགས་ཅན་ཕན་ཙོང་ཀོང་གིས།(潘宗光:“现在空气污染非常严重,一个原因是工业发展产生大量的二氧化碳,另一个是我们砍伐了很多森林,树木吸收二氧化碳制造氧气的功能减少了。这些都是我们破坏了自然,违背了自然规律,所以就这样烦恼。”)ད་སྐབས་མཁའ་དབུགས་ཀྱི་འབགས་ཙོག་འདི་ཧ་ཅང་གནོད་ཚབས་ཆེ། དེའི་རྒྱུ་རྐྱེན་གཅིག་ནི་བཟོ་ལས་འཕེལ་རྒྱས་བྱུང་བ་ལས་དབྱང་གཉིས་ཐན་འགྱུར་འབོར་ཆེན་བཟོས་པ་དང་། ཕྱོགས་གཅིག་ནས་འུ་ཅག་གིས་ནགས་ཚལ་མང་དུ་བཅད་པས། ལྗོན་ཤིང་གིས་དབྱང་གཉིས་ཐན་འགྱུར་རྔུབ་སྟེ་དབྱང་དབུགས་བཟོ་བའི་ནུས་པ་ཇེ་ཞན་དུ་བཏང་བས་ཡིན། འདི་དག་ཐམས་ཅད་ནི་འུ་ཅག་གིས་རང་བྱུང་ལ་གཏོར་བརླག་བྱས་ཤིང་། རང་བྱུང་གི་ཆོས་ཉིད་དང་འགལ་བར་བྱས་པས་འདི་ལྟར་དཀའ་ངལ་དང་འཕྲད་པ་རེད་ཅེས་བཤད་པའང་རང་བྱུང་གི་རྒྱུ་འབྲས་ཀྱི་ཆོས་ཉིད་བཤད་པ་རེད། དེའི་མི་ཚད་ཚན་རིག་པ་ཁོས་དེ་ལས་ཀྱང་ཆེས་ཁ་གསལ་དུ་བཏང་ནས་ནང་བསྟན་ལས་གསུངས་པ་ལྟར་གྱི་རྒྱུ་འབྲས་ཀྱི་ལྟ་བ་དེ་ཕྱི་རབས་པ་མང་བོའི་སེམས་ནང་ལ་ཨེ་ཞོག་བལྟ་དགོས་པར་བཤད་ཡོད་དེ། (“佛家讲因果,我们要教导下一代明白因果规律,有一颗感恩的心。懂得感恩父母,自然会孝顺;感恩师长,自然会尊重;感恩朋友,自然会互相帮助;感恩社会,自然会回馈;感恩国家,自然会承担。我们要种善因,结善缘。把正能量传递给年轻人,鼓励他们多做善事,多帮助他人,多修慈悲。我这里说的不是鼓励年轻人要去信佛,而是运用传统文化的智慧去做人。”)ནང་བ་སངས་རྒྱས་པས་རྒྱུ་འབྲས་བཤད་པ་ལྟར། ང་ཚོས་ཕྱི་རབས་པ་རྣམས་ལ་རྒྱུ་འབྲས་ཀྱི་ཆོས་ཉིད་དེ་ལེགས་པར་བསླབ་སྟོན་བྱས་ནས་དྲིན་དྲན་པའི་སེམས་ཤིག་སྐྱེ་རུ་འཇུག་དགོས། གལ་ཏེ་ཕ་མའི་དྲིན་དྲན་ན་སྲི་ཞུ་བྱེད་པ་ངང་གིས་འབྱུང་ལ། དགེ་རྒན་གྱི་དྲིན་དྲན་ན་གུས་བཀུར་བྱེད་པ་ངང་གིས་འབྱུང་། གྲོགས་པོའི་དྲིན་དྲན་ན་ཕན་ཚུན་རོགས་རམ་བྱེད་པ་ངང་གིས་འབྱུང་ལ། སྤྱི་ཚོགས་ཀྱི་དྲིན་དྲན་ན་དྲིན་ལན་འཇལ་འདོད་ངང་གིས་འབྱུང་ཞིང་། རྒྱལ་ཁབ་ཀྱི་དྲིན་དྲན་ན་ནི་འགན་ལེན་གྱི་བསམ་བློ་ངང་གིས་འབྱུང་བར་འགྱུར་རོ།།ང་ཚོས་དགེ་བའི་ས་བོན་ནམ་རྒྱུ་དེ་འདེབས་འཛུགས་དང་། དགེ་བའི་རྐྱེན་ཡང་བསྒྲུབ་དགོས། ནུས་ཚད་ཡང་དག་པ་འདི་གཞོན་སྐྱེས་རྣམས་ལ་འཕྲོད་པར་བྱེད་དགོས་ཤིང་། ཁོ་ཚོར་དགེ་བའི་བྱ་བ་བསྒྲུབ་རྒྱུ་དང་གཞན་ལ་རོགས་རམ་བྱེད་པར་བསྐུལ་མ་བཏང་ནས་སྙིང་རྗེ་ལ་གོམས་པ་འགྲོ་རུ་འཇུག་དགོས། ངས་འདིར་བཤད་པ་ནི་གཞོན་སྐྱེས་རྣམས་ནང་ཆོས་ལ་དད་པ་བྱེད་དུ་འཇུག་དགོས་ཞེས་ཟེར་གྱིན་མེད། སྲོལ་རྒྱུན་རིག་གནས་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་མི་ཞིག་ཇི་ལྟར་བྱེད་ཚུལ་བསླབ་དགོས་ཞེས་བཤད་ཀི་ཡོད་ཅེས་བཤད་པ་ནི་ངེས་པར་གཟུར་གནས་མཁས་པའི་ཤ་ཚ་བའི་སྙིང་གཏམ་རེད་སྙམ་མོ།།

     དེས་ན་བློ་རབ་འབྲིང་མཐའ་གསུམ་གྱི་ཁམས་མོས་དབང་བོའི་བབ་དང་བསྟུན་ནས་བཀྲ་ཤིས་བདེ་ལེགས་ལ་གོ་བ་ལེན་ཚུལ་དང་བཀྲ་ཤིས་བདེ་ལེགས་ཀྱི་དོན་ལག་ལེན་བྱེད་ཚུལ་ཇི་དང་གང་འདྲ་ཡོད་པ་ནི་ངས་ད་སོ་མ་གོང་དུ་བཤད་ཟིན་པ་དེ་ལྟར་ཡིན་མོད། དེ་ལྟར་དམ་པ་ལྷ་ཆོས་ཀྱི་རྩ་བར་གྱུར་བ། འཛམ་གླིང་ཞི་བདེ་ཡི་གོམ་པ་དང་བོ། སྤྱི་ཚོགས་ཡར་རྒྱས་ཀྱི་རྨང་གཞི་གཅིག་བུ་ནི་ཚུལ་མཐུན་གྱི་མི་ཆོས་ཡིན་ལ། དེ་ཡང་རྒན་བཀུར་གཞོན་བྱམས་ནས་འགོ་འཛུགས་དགོས་པ་ཡིན་ཞིང་། དེ་ཁྱབ་བརྡལ་དུ་གཏོང་བའང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་འགོ་བཟུང་ན་ཧ་ཅང་ལེགས་སྙམ་མོ།  །ཉེ་ཆར་ངས་ཝང་ཧྥན་王帆ཞེས་པའི་རྒྱའི་བུ་མོ་ཞིག་གིས་ཁ་བྱང་ལ་ཇི་འདྲ་བའི་བུ་ཕྲུག་ཅིག་བྱེད་དགོས་ཞེས་པའི་གཏམ་བཤད་ཐུང་ཐུང་ཞིག་བྱས་པ་ཐོས། གཏམ་བཤད་དེའི་ནང་དོན་མདོར་དྲིལ་ན་འདི་ལྟར། ང་རང་༨༠ ལོའི་རྗེས་ཀྱི་མི་རབས་ཤིག་ཡིན། ༨༠ ལོའི་རྗེས་ཀྱི་མི་རབས་ཞེས་པའི་མིང་འདི་ནི། གཙོ་བོར་༡༩༨༠ ལོ་ནས་༡༩༨༩ལོའི་བར་གྱི་ཁེར་སྐྱེས་བུ་ཕྲུག་དག་ལ་ཟེར་བ་ཡིན་ལ། ཀྲུང་གོ་རྒྱལ་ཁབ་འདིར་༨༠ ལོའི་རྗེས་ཀྱི་མི་རབས་ཞེས་པ་ལ་གོ་རྒྱུ་ཁྱད་པར་བ་ཞིག་ཡོད་དེ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་ཀྲུང་གོའི་སྲིད་གཞུང་གིས་འཆར་ལྡན་བུ་སྐྱེས་སྲིད་ཇུས་དེ་དངོས་སུ་ལག་བསྟར་བྱས་ཕྱིན་གསར་དུ་སྐྱེས་པའམ་་ཁེར་སྐྱེས་བུ་དང་བུ་མོ་རྣམས་ལ་ཟེར་བ་ཡིན།  ང་ཚོ་སྐྱེས་མ་ཐག་ནས་རྒྱལ་ཁབ་རིམ་པའི་ལག་རྟགས་ཤིག་ཀྱང་ཐོབ་ཡོད། དེའི་མིང་ལ་ཁེར་སྐྱེས་བུ་ཕྲུག་གི་ལག་རྟགས་ཟེར། ལག་རྟགས་འདིས་ང་ཚོས་རང་ཉིད་གཅིག་བུར་ཕ་མ་ཟུང་གི་གཅེས་སྐྱོང་ལོངས་སུ་སྤྱོད་ཆོག་པའི་བདེན་དཔང་བྱེད་ཐུབ་མོད། འོན་ཀྱང་ལག་རྟགས་འདིས་ད་དུང་ང་ཚོས་ང་ཚོར་ཕ་མ་ཟུང་ལ་བདག་སྐྱོང་བྱེད་པའི་འགན་ཁུར་ཡོངས་སུ་རྫོགས་པ་སྤྲད་ཡོད་པའང་ཤེས་དགོས། དེའི་ཕྱིར་ངས་དང་ཐོག་ང་རང་བུ་མོ་བཟང་བོ་ཞིག་བྱེད་དགོས་ན་ཅིས་ཀྱང་སྒོར་མོ་མང་བོ་བཙལ་ནས་ཕ་མར་འཚོ་བ་ལེགས་པོ་ཞིག་རོལ་དུ་འཇུག་དགོས་སྙམ་སྟེ། ངས་སློབ་ཆེན་འགྲིམས་འགོ་བརྩམས་པ་བཟུང་དཔལ་འབྱོར་གྱི་ཐད་ནས་རང་བདག་རང་གིས་བྱས་པ་ཡིན། དེའི་ཕྱིར་ངའི་གུང་གསེང་ཡོད་ཚད་ལ་ལས་ཀ་ལས་པས་ངའི་ཕ་མ་གཉིས་ཀྱིས་ང་ལོ་ཧྲིལ་བོའི་རིང་ལ་ཐེངས་གཉིས་ཀྱང་ཕལ་ཆེར་མཐོང་རྒྱུ་དཀའ་བའི་ཚོད་དུ་སོང་། ང་དང་ང་འདྲ་བའི་་ཡུལ་གཞན་ན་སློབ་གཉེར་བྱེད་མཁན་དང་ཞོར་ལས་བྱེད་མཁན་གྱི་ཁེར་སྐྱེས་བུ་དང་བུ་མོ་རྣམས་ལ་མཚོན་ན། ང་ཚོའི་ཕ་མ་རྣམས་ནི་ཁྱིམ་སྟོང་ནང་གི་རྒན་རྒོན་ཁེར་རྐྱང་དུ་གྱུར་ཡོད། ཐེངས་ཤིག་ཨ་མས་ང་ལ་ཁ་པར་བཏང་ནས་ད་ནིང་སྔ་མོར་ཁྱོད་ཀྱི་ཨ་ཕས་མིག་ཆུ་འཐོར་བཞིན་བུ་མོ་དྲན་སོང་ཟེར་གྱིན་འདུག་ཅེས་བཤད། དེ་དུས་ངའི་སེམས་ལ་ཨ་ཕས་དེ་འདྲ་བྱེད་དགོས་དོན་ཅི་ཡོད་སྙམ། ཡིན་ནའང་ངས་ནམ་ཡང་སེམས་ནས་བརྗེད་མི་ཐུབ་པ་ཞིག་ལ། ཐེངས་ཤིག་ང་ཡུལ་དུ་སོང་ཚེ་ཨ་ཕ་སྒེའུ་ཁུང་གི་འགྲམ་དུ་ལངས་ནས་འདུག   ཕར་ལྟོས་ཚོད་ལ་ཁོང་སྔར་བཞིན་དུ་གཟུགས་སྟོབས་ཆེ་ཞིང་བརྗིད་ཉམས་ལྡན་པ་ལྟ་བུར་ཡོད་མོད། འོན་ཀྱང་ཞིབ་ཏུ་བལྟས་པ་ན། ཁོའི་སྐེད་པ་ནི་སྔོན་དང་འདྲ་བའི་དྲང་མོ་ཞིག་མིན་ལ། སྐྲ་ཡང་སྔོན་ཆད་དང་འདྲ་བར་ནག་བྱུག་གེར་མེད། ཁོས་སྒེའུ་ཁུང་གི་ནང་འགྲམ་དུ་བཞག་པའི་མེ་ཏོག་ལ་ལྟ་བཞིན་ཤུགས་རིང་ཞིག་དང་བཅས། ཨ་ཕ་ལ་ཨ་མ་མེད་སོང་། ཨ་ཕ་ལ་ཨ་མ་མེད་སོང་ཟེར། རེད་ཡ། ཨ་ཕ་ལ་ཨ་མ་མེད་སོང་ཞེས་པའི་སྐད་ཆ་འདིས་ཅི་ཞིག་བཤད་ཀི་ཡོད། ཁོའི་སེམས་པ་སྐྱོ་བའི་མྱ་ངན་དང་ནུས་མེད་དུ་གྱུར་བའི་གཉོམ་དུང་དུང་གི་སེམས་ཁམས་མཚོན་པ་ཙམ་ཡིན་ནམ། ཡང་ན་སྐྱོབ་གཉོར་བྱེད་དགོས་པའི་རེ་བ་འདོན་གི་ཡོད། ང་བྱིས་པ་ཆུང་ཆུང་ཡིན་དུས། གལ་ཏེ་རྨི་ལམ་དུ་ཨ་མས་ང་མི་དགོས་ཟེར་བ་ལྟ་བུ་རྨིས་སོང་ན་ང་ངུ་བཞིན་གཉིད་ལས་སད་ཅིང་སེམས་པ་ཤིན་ཏུ་སྐྱོ། འོན་ཀྱང་ཨ་ཕ་ལ་ཨ་མ་མེད་སོང་ཞེས་པའི་ཚོར་བ་ནི་ཅི་འདྲ་ཞིག་ཡིན་པའི་ཕྱོགས་ལ་ངས་གཏན་ནས་བསམ་བློ་བཏང་མ་མྱོང་། ཡིན་ན་ཡང་ངའི་སེམས་ཁོང་ན་ནམ་ཡང་དཔེ་མི་སྲིད་པའི་བརྗིད་ཆགས་སྟོབས་ལྡན་གྱི་ཕོ་རབ་ཅིག་ཏུ་བཞེངས་བསྐྲུན་བྱས་་ཡོད་པའི་ཨ་ཕ་དེ་གློ་བུར་དུ་ལོ་ལོན་པར་གྱུར་བ་ད་གཟོད་ཚོར་བྱུང་། བསམ་བློ་ཞིབ་ཏུ་བཏང་ན་ཨ་ཕ་ལ་ཨ་མ་མེད་སོང་ཞེས་པའི་སྐད་ཆ་འདིས་ང་ལ་ཁོང་གི་སེམས་ཀྱི་སྐྱོ་གདུང་ཙམ་བཤད་པ་མིན་ལ། ནུས་མེད་དུ་གྱུར་བའི་གཉོམ་དུང་དུང་གི་སེམས་ཁམས་དེ་ཙམ་ཡང་བཤད་ཀི་མི་འདུག  

    འོ་ན་ཅི་ཞིག་བཤད་ཀི་ཡོད་ཅེ་ན། ཕར་དེད་ན་ཁོ་རང་རྟེན་ས་ཞིག་འཚོལ་བཞིན་ཡོད་པ་ཡིན། ལོས་ཡིན། ང་ཚོ་སུ་ཞིག་ཡིན་ཡང་ཕ་མ་ནི་རྟེན་ས་ཆེས་གལ་ཆེ་བའམ་ཉག་གཅིག་ལྟ་བུར་ཡོད་པ་ནི་སྨོས་མ་དགོས། འོན་ཀྱང་ང་ཚོའི་ཕ་མ་རྣམས་ལ་ཁོ་ཚོའི་ཕ་མ་དེ་མེད་པར་སོང་བ་ན། ཁོང་རྣམ་པ་སུ་ཞིག་ལ་སེམས་ཀྱི་རྒྱབ་རྟེན་འཆའ། དེའི་ཕྱིར་དུས་དེ་ཉིད་དུ། ངས་དུས་ནམ་ཡིན་ཡང་ཕ་མ་ལ་ང་ཚོ་མཁོ་བ་ཚོར་བྱུང་ལ། དེར་མ་ཟད་ཁོ་ཚོའི་ཚེ་སྨད་ལ་སེམས་ཀྱི་རྒྱབ་རྟེན་འཆའ་ས་ཉག་གཅིག་ཀྱང་ང་རང་ཡིན་པ་ཚོར་བྱུང་། དེས་ན་ངས་ངེས་པར་དུ་ཁོ་ཚོ་སྐྱོབ་གཉོར་བྱེད་དགོས་ལ། ཇི་ལྟར་ཁོང་རྣམ་པས་ང་ལ་གཅེས་སྐྱོང་གནང་བ་དེ་ལྟར་ངས་ཅིས་ཀྱང་སེམས་ཀྱི་བརྩེ་བ་ཡོད་ཚད་ད་ཁོ་ཚོ་ལ་འབུལ་དགོས། ཁོང་ཚོ་ལ་ཨ་མ་མེད་པར་གྱུར་ན་ཡང་། ད་དུང་ང་རང་ཡོད་པ་ངས་ཅིས་ཀྱང་ཁོང་ཚོ་ལ་ཤེས་སུ་འཇུག་དགོས།  དེའི་ཕྱིར་ངས་དུས་དེ་ནས་བཟུང་ཅི་ནུས་ཀྱིས་ལས་ཀ་སོགས་འཇོག་ཐུབ་པ་རྣམས་འཇོག་ཅི་ཐུབ་བྱས་ཏེ་ཕ་མ་ཟུང་དང་མཉམ་རོལ་ཀྱི་དུས་ཚོད་བཀོད་སྒྲིག་བྱེད་ཅི་ཐུབ་བྱས་པ་ཡིན། དེའི་མི་ཚད་ང་ཅི་ཐུབ་ཀྱིས་ཁོ་ཚོ་དང་མཉམ་དུ་ཡུལ་སྐོར་ལ་འགྲོ་བ་ལས། ངས་སྒོར་མོ་མང་བོ་ཞིག་ཡུལ་སྐོར་ཚོགས་པ་ལ་བྱིན་ནས་ཆ་མེད་རྒྱུས་མེད་ཀྱི་མི་གཞན་པ་ཚོར་ཕ་མ་ཁྲིད་ནས་འགྲོར་བཅུག་པ་མིན། དེ་ཡང་ཕ་མ་སྐྱོབ་གཉོར་ཞེས་པ་དེ་སྒོར་མོ་མང་བོ་མང་བོ་ཞིག་ཁོ་ཚོ་ལ་སྤྲད་དེ་ཁོང་ཚོ་གཅིག་བུ་ཁེར་རྐྱང་དུ་འཚོ་བ་རོལ་ཏུ་བཅུག་པ་ལ་གཏན་ནས་གོ་མི་རུང་ཞིང་། ཅི་ནུས་ཀྱིས་ཁོ་ཚོ་དང་འཚོ་བ་མཉམ་རོལ་བྱེད་དགོས་པའི་གནས་ལུགས་དེ་ཤེས་སོང་།  དེའི་ཕྱིར་ངས་སྐབས་སྐབས་ལ་རང་གི་ཨ་མ་ཁྲིད་ནས་ལུས་འཁྲུ་ལྟེ་གནས་ལ་སོང་བ་ཡིན་ཞེས་སོགས་མང་དུ་བཤད།  དེར་མ་ཟད་ཉིན་ཞིག་དེར་སོང་བ་ན་མོ་ཨ་བུ་གཉིས་ལ་ཡིད་སྨོན་ཤོར་བའི་བུད་མེད་ཅིག་དང་འཕྲད་ཚུལ། དེ་དང་གླེང་མོལ་བྱས་པ་ལས་དེའི་སྲི་ཞུ་ཅན་གྱི་བུ་སྡུག་པ་གཅིག་བུ་དེ་མ་དེ་དང་གཏན་བྲལ་དུ་སོང་བའི་བྱུང་བ་དང་སྐྱོ་གདུང་བརྗོད་པའི་གནས་ཚུལ་ཞིག་དཔེར་དྲངས་ནས་ཕ་མ་སུ་དང་སུ་ཞིག་ཡིན་ན་ཡང་། ཁོ་ཚོ་ལ་ཆེས་མཁོ་གལ་ཆེ་བ་ནི་བུ་བུ་མོའི་བརྩེ་སེམས་ཡིན་པ་དེ་གསལ་བར་ཤེས་ཞེས་བཤད་ཅིང་། མོའི་སེམས་ལ་དངངས་སྐྲག་ཅིག་སྐྱེས་བྱུང་ཟེར། དངངས་སྐྲག་སྐྱེས་དོན་ནི་མོའི་ལག་ནས་ཕ་མ་ཤོར་འགྲོ་རྒྱུ་རེད་སྙམ་པ་མིན་གྱི། ང་རང་ཕ་མའི་ལག་ནས་ཤོར་ན་ཁོ་ཚོའི་རྟེན་ས་སུ་ལ་བྱེད་སྙམ་དུ་དངས་སྐྲག་སྐྱེས་པ་ཡིན་ཞེས་སོགས་ངོ་མའི་དོན་སྙིང་ཅན་གྱི་སྐད་ཆ་མང་དུ་བཤད་མཐར་མཇུག་སྡོམ་གྱི་ཚུལ་དུ། ཕ་མ་རྣམས་ནི་ང་ཚོའི་འཚར་ལོངས་དང་མཉམ་འགྲོགས་བྱས་ནས་འོངས་པ་ཇི་བཞིན། ང་ཚོ་ཡང་ཁོང་རྣམ་པའི་རྒ་བ་དང་འགྲོགས་ནས་མཉམ་དུ་བསྐྱོད་རོགས་བྱེད་དགོས་ཞེས་སོགས་ངོ་མ་ཡིད་འགུལ་ཐེབས་པའི་གཏམ་བཤད་ལེགས་པོ་ཞིག་བྱས་པས་དེར་གནས་མང་བོའི་མིག་ཆུ་ཤོར་བ་མཐོང་།

    འདིར་འདུས་ཀྱི་དགེ་སློབ་ལྷན་རྒྱས་རྣམ་པ་ལགས། ང་ཚོ་ནི་ཆོས་ལྡན་ཁ་བ་རི་བའི་མི་རྒྱུད་ཡིན།  ང་ཚོ་དུས་རྒྱུན་དུ་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་ཀྱི་ལ་རྒྱ་སོགས་སྐད་ཆ་རྫིག་པོ་བཤད་རྒྱུར་དགའ་ལ། སའི་གོ་ལ་འདིའི་ཤར་ནུབ་རིག་གནས་ཀུན་གྱིས་མཚོན་ཡོན་ཏན་མང་དུ་སྦྱངས་ནས་རིག་གཞུང་ལ་ཞིབ་འཇུག་བྱེད་དགོས་ཚུལ་སོགས་བཤད་རྒྱུར་ཡང་ཧ་ཅང་དགའ་མོད། འོན་ཀྱང་ཆེས་རྨང་གཞིར་གྱུར་བའི་རང་རང་གི་མི་གཤིས་ལ་ང་ཚོས་ཞིབ་འཇུག་བྱེད་ཀི་ཨེ་ཡོད། ཁ་ན་དུས་རྒྱུན་དུ་བཀྲ་ཤིས་བདེ་ལེགས་ཟེར་ཀི་ཡོད་མོད། འོན་ཀྱང་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་དངོས་གནས་དེ་ཅི་ཞིག་ཡིན་པ་དང་། བཀྲ་ཤིས་བདེ་ལེགས་ངོ་མ་དེ་ཇི་ལྟར་འོངས་ཐབས་ལ་ང་ཚོས་བསམ་བློ་ཞིབ་ཚགས་རེ་བཏང་ཨེ་མྱོང་། རང་བློ་རང་ལ་ལྐོག་གྱུར་མིན་པས་མི་ཤེས་རྒྱུ་མེད། དེས་ན་གཉིས་སྟོང་བཅོ་ལྔ་ལོའི་ཆེས་མཐའ་མཇུག་དང་གཉིས་སྟོང་བཅུ་དྲུག་ལོ་ཚེས་པ་ལ་མངོན་དུ་ཕྱོགས་པའི་དེ་རིང་གི་ཉིན་མ་འདིར། ངས་རྣམ་པ་ཚོར་བཀྲ་ཤིས་བདེ་ལེགས་དང་འབྲེལ་ནས་བསམ་བློའི་དཔལ་ཡོན་ཇི་ལྟར་འཛུགས་བསྐྲུན་བྱེད་ཚུལ་གླེང་བ་འདི་བརྒྱུད་ནས། ཁྱེད་ཅག་ཚང་མ་ངག་ནས་བཀྲ་ཤིས་བདེ་ལེགས་ཟེར་ཤེས་པར་མ་ཟད། དོན་ལ་བཀྲ་ཤིས་བདེ་ལེགས་བསྒྲུབ་ཤེས་པའི་ཕྱི་རབས་གཞོན་སྐྱེས་ཤ་སྟག་ཏུ་འོངས་པར་སྙིང་ནས་རེ་བ་ཞུ།   ངས་ཉིན་ཤས་ཀྱི་སྔོན་དུ་དབྱིན་ཇིའི་རྒྱལ་མོས་ཡེ་ཤུའི་འཁྲུངས་སྐར་དང་འབྲེལ་ནས་གཏམ་བཤད་བྱེད་སྐབས། (与其诅咒黑暗,不如点燃蜡烛。)མུན་ནག་ལ་དམོད་མོ་གཏོང་བ་ལས་སྒྲོན་མེ་སྦར་ན་དགའ་ཞེས་བཤད་པ་ཐོས། དེས་ན་ལྷག་པར་ནང་ཆོས་ལ་དད་པའི་བོད་ཀྱི་ཕྱི་རབས་གཞོན་སྐྱེས་ཤེས་ཡོན་ཅན་ཁྱེད་ཅག་རྣམ་པས། ད་ལྟའི་དུས་རབས་དང་སྤྱི་ཚོགས་འདི་ཇི་འདྲའི་མུན་ནག་ཅིག་རེད་ཨང་ཞེས་འཁང་ར་ཁོ་ན་བྱས་ནས་མི་འདུག་པར་རང་ནུས་ཅི་ཡོད་ཀྱིས་ཚང་མ་བཀྲ་ཤིས་བདེ་ལེགས་འོངས་པར་འབད་བརྩོན་བྱེད་པར་སྙིང་ནས་རེ་བ་ཞུ།  བཀྲ་ཤིས་བདེ་ལེགས།

རྩོམ་ཡིག་མཁོ་སྤྲོད་པ། གྱི་ལིང་འཇིགས་མེད། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​ བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན།   སྤེལ་མཁན།: གངས་བུ་སྨྲ་སེང་གིས་ཕུལ། སྤེལ་དུས:2016/1/6
རྒན་ལགས་ཀྱིས་ལྷག་བསམ་ཟོལ་མེད་སྒོས་དུས་སུ་བབས་པའིཆར་ལྟ་བུའི་འཆད་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུ།
how to abort at home abortion pill what happens when you get an abortion
buscopan read buscopan spc
  ​ བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན།   སྤེལ་མཁན།: ལྡོང་མེ་ཆ། སྤེལ་དུས:2016/1/6
དགེ་རྒན་བཀའ་དྲིན་ཚང་གིས་༼བཀྲ་ཤིས་བདེ་ལེགས་༽དང་འབྲེལ་ནས་བསླབ་བྱ་མང་བོ་གསུངས་སོང་། ཐུགས་རྗེ་ཆེ། རྒན་ཚང་གི་སྐུ་གཟུགས་བདེ་ཐང་ཡོང་བ་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཡང་ཡང་འདེབས།
pharmacy exam coupon code click rite aid online coupon
prescription discount codes rx drugs coupons rx discounts
husband cheat site married affairs sites
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23523315
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།