རྗེས་དྲན་དད་པའི་རླབས་ཕྲེང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »རྗེས་དྲན་དད་པའི་རླབས་ཕྲེང་།
རྗེས་དྲན་དད་པའི་རླབས་ཕྲེང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-06ལྟ་ཀློག (2924)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྗེས་དྲན་དད་པའི་རླབས་ཕྲེང་།


བཛྲ་ཚུལ་ཁྲིམས་རྒྱ་མཚོ།

བགྲང་ཡས་རྒྱལ་པའི་མཁྱེན་བརྩེའི་གུར་ཀུམ་རྡུལ།།

མཚན་བཟང་འོད་ཞགས་རྩེ་དགས་དམ་འཁྱུད་པ།།

ཡེ་ཤེས་ལྷ་མཆོག་བརྟན་པའི་འཁོར་ལོ་དང་།།

དབྱེར་མེད་བླ་མ་སྤྱི་གཙུག་རྒྱན་དུ་རོལ།།

འཇིགས་མེད་རྣམ་བཞིའི་བང་རིམ་བརྩེགས་པའི་སྤོར།།

བསྟན་པའི་གཞི་མ་བསླབ་གསུམ་ཁང་བཟང་དུ།།

གཞན་ཕན་ནོར་བུའི་ཁྲི་ལ་མངའ་བསྒྱུར་མཁན།།

ཟླ་བྲལ་སྨྲ་བའི་དབང་ཕྱུག་སྙིང་ནས་དྲན།།

མ་ལུས་ཤེས་བྱའི་རང་བཞིན་ཆུ་ཟླའི་འོད།།

ཡེ་ཤེས་མེ་ལོང་གསལ་བར་མངོན་བཀོད་པས།།

བསྐལ་མང་སྔོན་ནས་སྐྱེ་འཆི་ས་བོན་བཅས།།

རྩད་ནས་སྤངས་པའི་གོ་འཕང་རྩེར་སོན་ཀྱང་།།

འཇིགས་རུང་དུ༠ཁ་སྟོང་གིས་རྟག་གཙེ་ཞིང་།།

མཐའ་བྲལ་སྲིད་མཚོར་བྱིང་བའི་འགྲོ་རྣམས་ལ།།

བརྩེ་ཆེན་འོད་ཞགས་རྣོན་པོས་རབ་སྦྲེལ་བས།།

ཞིང་འདིར་སྤྲུལ་བའི་རོལ་གར་ཅི་ཡང་སྟོན།།

འཇལ་དཔལ་གཞོན་ནུ་མཚན་དཔེའི་གཟི་བྱིན་གྱིས།།

རྣམ་པར་མཛེས་པའི་རང་བཞིན་མ་དོར་བར།།

ཡེ་ཤེས་སྣང་བ་ལས་གྲུབ་ལྷུམས་ཀྱི་གཞིར།།

ཞུགས་པའི་ངོ་མཚར་ཡུམ་གྱིས་དངོས་སུ་མྱོང་།།

དེ་ནས་གཟུགས་སྐུའི་སྐྱེ་མཆེད་རྫོགས་པའི་མཐར།།

བསམ་གྱིས་མི་ཁྱབ་མཁྱེན་བརྩེ་ནུས་པའི་མཛོད།།

ངོ་མཚར་དགེ་མཚན་འབུམ་གྱི་འོད་ཕུང་དབུས།།

མཐའ་ཀླས་འགྲོ་བའི་གཉེན་གཅིག་བདེ་བར་བལྟམས།།

ཐ་མལ་སྐྱོན་གྱིས་མ་གོས་གཞོན་ནུ་ནས།།

རླབས་ཆེན་སྤྱོད་པས་ཆེར་རློམ་ཁེངས་པ་བསྙིལ།།

དེ་ཕྱིར་བསྟན་འགྲོའི་དཔུང་གཉེན་མཆོག་གོ་ཞེས།།

སྙན་པའི་རྔ་ཆེན་ཕྱོགས་ཀྱི་མཛེས་མས་བརྡུངས།།

མི་རིང་ཀུན་མཁྱེན་བླ་མའི་བཀའ་ལུང་མཆོག །

གསེར་གྱི་ཅོད་པན་དབུ་ལ་ལེགས་བསྩལ་བས།།

ཁྲི་ཆེན་གུང་ཐང་ཁྲི་ལ་མངའ་གསོལ་ཚེ།།

བཀུར་འོས་གང་ཁྱོད་ཀུན་གྱིས་གཙུག་གིས་བཀུར།།

དོན་དམ་དུ་ནི་རྒྱལ་ཀུན་མཁྱེན་པ་དང་།།

འགྲོ་ལ་གཅིག་ཏུ་བརྩེ་བ་ཐུགས་རྗེའི་གཏེར།།

མི་བཟད་འཇིགས་ལས་སྐྱོབ་པའི་ནུས་པ་ཀུན།།

གཅིག་ཏུ་བསྡུས་པ་བླ་མར་ཤར་བ་ཉིད།།

ཐུན་མོང་དུ་ཡང་ལང་ཚོ་གཞོན་ནུའི་དུས།།

ཟླ་བྲལ་མཁྱེན་དཔྱོད་འོད་སྟོང་སྤྲས་པའི་མཐུས།།

མཁས་རློམ་འབུམ་སྡེའི་ཁེངས་པ་བསྙིལ་བ་ན།།

གཟུར་གནས་ཀུན་གྱི་དད་པའི་པད་ཚལ་རྒྱས།།

ཁྱོད་ནི་མཐའ་ཀླས་འགྲོ་བའི་མིག་གཅིག་སྟེ།།

རྒྱལ་བསྟན་ཆུ་སྐྱེས་བཞད་པའི་འོད་ཀྱི་གཏེར།།

སྐལ་ལྡན་གདུང་བ་སེལ་བའི་བསིལ་ཟེར་ཅན།།

ཀུན་གྱི་རེ་སྐོང་དཔག་བསམ་ལྗོན་པའང་ཡིན།།

འོན་ཀྱང་རིང་ནས་ཉོན་མོངས་ཀྱིས་བསླད་པའི།།

སྐལ་ངན་ཡིད་ལ་གཟན་པ་མཚར་དུ་ཅི།།

འབྱུང་བྱའི་མིག་ལ་མུན་པ་རབ་སྟེར་བའི།།

ཉིན་བྱེད་ནོར་བུའི་འོད་ལ་སུ་ཞིག་སྨོད།།

མངོན་གྱུར་བསྟན་ཀྱང་མི་ཤེས་མི་མཐོང་ཞིང་།།

ཤིན་ལྐོག་ཐོགས་མེད་མཁྱེན་པའི་གྲུབ་རྟགས་ཏེ།།

འགལ་འདུའི་ཕུང་བོར་སྟོན་ཕྱིར་ཡོན་ཏན་གཞི།།

བཤེས་གཉེན་ཚུལ་བཞིན་བསྟེན་པའི་རྣམ་ཐར་བཞེས།།

གནས་ལྔ་མ་བསླབས་ཀུན་མཁྱེན་མི་འཐོབ་ཅེས།།

རྒྱལ་བའི་བཀའ་དེ་ཚད་མར་བྱེད་བཞིན་དུ།།

བཀའ་པོཏ་ལྔ་ལས་གནས་གཞན་སྤང་བྱ་རུ།།

འུད་ཀྱིས་སྒྲོག་པའང་བླུན་པར་སྟོན་སླད་དུ།།

མདོ་སྔགས་རིག་གནས་མ་ལུས་སྦྱོང་བའི་ཚུལ།།

མཛད་ཅིང་འཆད་རྩོད་རྩོམ་པའི་ང་རོ་ཡིས།།

ཕྱོགས་རིས་ཙམ་གྱིས་ཁེངས་པའི་གཉིས་འཐུང་ཚོགས།།

སྙིང་རྩ་ལྐོག་མར་འབྱིན་པའི་འཇིགས་པ་བྱིན།།

གང་ཚེ་གཞུང་གི་ཟབ་གནད་འགྲོལ་བ་ལ།།

གཞན་ལས་ལྷག་པའི་ངོ་མཚར་མཁྱེན་དཔྱོད་འཕྲུལ། །

ཡང་ཡང་ངོམ་པས་ཆེར་རློམ་མང་བོའི་ལྗགས།།

སྨྲ་མེད་ཐུང་ངུར་བཀོད་པའི་མཛད་བཟང་མང་།།

མགོན་ཁྱོད་ཕྱིན་དྲུག་སྟོབས་བཅུ་མི་འཇིགས་བཞིས།།

རྒྱ་ཆེར་བསྟོད་པའི་སྦྱོར་བ་སྤྲོ་འོས་ཀྱང་།།

མི་ཤེས་མ་བསླབ་རྨོངས་པའི་འགྲོ་འདི་དག །

དེ་ལྟའི་ཡོན་ཏན་མཐོང་བས་ཕོངས་པ་སྐྱོ།།

གཡོན་ཕྱོགས་འཐོར་རླུང་དྲག་པོའི་དཔུང་ཚོགས་ཀྱིས།།

ས་ཆེན་ཡོམ་ཡོམ་འདར་བའི་གཡུལ་འཁྲུགས་ལ།།

གཡོལ་བར་ནུས་ཀྱང་བདག་ལས་གཞན་གཅེས་པའི།།

སེམས་དེས་མུན་ནག་བཙོན་དུ་དགྱེས་བཞུགས་ཞུགས།།

མི་བཟད་འཇིགས་རུང་མུན་ནག་བཙོན་ཁང་དུ།།

ཧྲུག་ཧྲུག་མིག་གིས་སྐྱབས་འཚོལ་འོ་དོད་འབོད།།

གཉེན་དང་བྲལ་ཞིང་རེ་ཐག་རྨང་ནས་ཆད།།

བརྟོལ་བྲལ་རྣམས་ལ་མགོན་ཁྱོད་ཉིད་བྱེད་དབང་།།

སྙིང་ལ་འཇིགས་སྟེར་ཡ་ངའི་གནས་དེ་ཡང་།།

མགོན་ཁྱོད་ཡིད་འོང་སློབ་གྲྭ་ལྟར་གཟིགས་ནས།།

ཙི་ནའི་རིག་གཞུང་མཁྱེན་དཔྱོད་ཧུབ་གཅིག་གིས།།

དྲངས་པའི་གྲགས་སྙན་དགུ་ཚིགས་རྒྱ་ལས་འགོངས།།

མི་བཟད་གདོན་གྱིས་ཟིན་པའི་སྙིང་རླུང་གིས།།

ནང་དམེ་ཁྲག་ཀླུང་བཞུར་བའི་ལས་དབང་དེ།།

ཐུགས་ཀྱིས་མ་བཟོད་གང་གི་ཞབས་སྐྱེས་རྡུལ།།

རེག་པས་མ་ཁྱབ་བསིལ་ལྗོངས་གནས་དེ་གང་།།

ཚུལ་མིན་ཡིད་བྱེད་བདུད་མོའི་འཛུམ་བག་གིས།།

བསླུས་པའི་སྤྱི་བརྟོལ་ཅན་ཡང་སྲོག་ཆད་ཀྱིས།།

གང་ལ་འོ་དོད་བོས་པའང་བརྩེ་ཆེན་གྱི།།

སྤྲིན་པས་བསིལ་བར་མ་བྱས་སུ་ཞིག་མཆིས།།

བསིལ་ལྡན་གངས་རིའི་ལྗོངས་ལ་གནས་འཆའ་བའི།།

གདོང་དམར་བོད་རིགས་ཕན་དང་བདེ་བའི་གཞི།།

དམ་ཆོས་གདུགས་དཀར་ཡུ་བ་འདེགས་ནུས་པའི།།

ལུང་རྟོགས་དཔུང་ཤུགས་རྫོགས་པ་ཁྱེད་ཉིད་ཙམ།།

ཆེར་སྙིགས་དུས་མཐའི་འགྲོ་ལ་སྙིང་བརྩེ་བས།།

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཕངས་མེད་དུ།།

ཡང་ཡང་བསྐོར་བས་མཐའ་ཡས་གདུལ་བྱའི་ཚོགས།།

སྨིན་མཛད་ཁྱེད་ནི་ཐུབ་པའི་གདུང་འཚོབ་ལགས།།

ས་སྒང་ཟླུམ་པོའི་དགའ་ཚལ་མཛེས་བྱེད་པའི།།

ཤེས་རིག་མེ་ཏོག་བཀྲ་བའི་མི་རིགས་ཁྲོད།།

མིག་གིས་རྐང་སྣེ་ཕུག་པར་མི་འདོད་ན།།

རིག་གནས་སློབ་གསོ་སྤེལ་བ་གནད་ཀྱི་དོན།།

དེ་ཕྱིར་རང་རིགས་ཡར་རྒྱས་འབྱུང་བའི་གཞི།།

ཡང་དག་སློབ་གསོའི་བྱ་གཞག་སྤེལ་བའི་སླད།།

བརྩེ་བའི་བཀའ་སློབ་མང་བོའི་རྒྱུ་ནོར་བཅས།།

ཕངས་མེད་ཡང་ཡང་བསྩལ་བའི་བཀའ་དྲིན་དྲན།།

མཁས་རྒུར་ཟབ་གནད་གསལ་བའི་སྟོན་པ་མཆོག །

རྨོངས་བའི་བློ་མུན་སེལ་བའི་ཉི་མ་དང་།།

ཉམ་ཐག་གཡང་ལས་སྐྱོབ་པའི་ཕ་མ་སྟེ།།

ཀུན་གྱི་སྤྱི་གཙུག་མཛེས་པའི་བླ་མ་ལགས།།

དེ་ལྟའི་བོད་མིའི་སྙིང་གི་ནོར་བུ་སྟེ།།

ཐུབ་བསྟན་པད་ཚལ་ཡོངས་ཀྱི་གཉེན་གཅིག་པུ།།

འགྲོ་བའི་ཉིན་བྱེད་གློ་བུར་ནུབ་རིར་གཤེགས།།

ཀྱེ་མ་ས་གསུམ་གཅིག་ཅར་མུན་པས་བསྒྲིབས།།

རིང་ནས་ཁྱེར་ལ་རེ་བའི་གདུལ་བྱའི་ཚོགས།།

ཡིད་ལ་མྱ་ངན་སྲེག་ཟ་འབར་བ་དང་།།

གདོང་ལ་མཆི་མའི་ཆར་ཆེན་འཁྲིགས་པ་ལས།།

མི་བཟད་སྡུག་བསྔལ་ན་ཀྲའི་ཀློང་དུ་བྱིང་།།

ཐུབ་བསྟན་གདུཊ་དཀར་འདེགས་པའི་བྱེད་པོ་སུ།།

ཐར་འདོད་ཡིད་ཀྱི་གདུང་བ་སུ་ཡིས་སེལ།།

ནང་དམེའི་ཁྲག་མཚོ་འོ་མར་སུ་ཡིས་བསྒྱུར།།

ཉམ་ཐག་འགྲོ་བའི་རེ་ལྟོས་སུ་ལ་འཆའ།།

དེ་ལྟར་གང་གི་མཛད་མཆོག་རེ་རེ་བཞིན།།

ཡིད་ཀྱི་ཆུ་མཚོར་གསལ་བར་ཤར་བ་ན།།

མངོན་དགའ་དད་པའི་པད་མོ་བཞད་དང་ལྷན།།

འདས་ཚུལ་དྲན་པས་ཟུག་རྔུས་ལྷག་པར་གདུང་།།

འདོད་སྲེད་ཞགས་པས་དམ་དུ་བཅིངས་པ་ཡི།།

བདག་ལྟའི་ཡིད་ཀྱི་རྟག་འཛིན་གཞིག་སླད་དུ།།

གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་ཙམ་ལས།།

དོན་དམ་མི་འགྱུར་རྡོ་རྗེའི་སྐུ་བརྙེས་པས།།

ཞིབ་ཏུ་བསམ་ན་སྐྱོ་དགོས་མ་མཆིས་ཤིང་།།

དད་པས་ཟིན་ན་འབྲལ་མེད་རྟག་བཞུགས་ཀྱང་།།

ཐུཊ་རྗེའི་འཛུམ་ཟེར་སྤྲོ་བའི་གསེར་ཞལ་མདངས།།

རེ་ཞིག་ཡལ་བས་གདུང་བ་འགོག་མ་ནུས།།

བསྐལ་བར་ཞི་བདེའི་དབྱིངས་ལས་མི་ལྡང་བའི།།

ཏིང་འཛིན་མཆོག་གི་མཐུ་ལ་དབང་འབྱོར་ཡང་།།

མཁའ་མཉམ་འགྲོ་བ་སྒྲོལ་བར་དམ་བཅས་པའི།།

རྡོ་རྗེའི་ཚིག་དང་འགལ་བ་མེད་པར་མཛོད།།

རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ཡོངས་བཏང་བའི།།

སྙིགས་མའི་འགྲོ་འདི་དམུས་ལོང་ཇི་བཞིན་གྱུར།།

ཐུབ་པའི་བསྟན་པའང་རླུང་ནང་མར་མེ་ལྟར།།

གྱུར་བའི་ངང་ཚུལ་ལེགས་པར་གཟིགས་མཛོད་ལ།།

ལུང་རྟོགས་ཡོན་ཏན་སྣང་བ་འབུམ་སྤྲོ་ཞིང་།།

ཐུགས་རྗེ་དཀྱིལ་འཁོར་རྫོགས་པའི་ཉི་གཞོན་ཏེ།།

མཆོག་སྤྲུལ་འཁྲུལ་མེད་ཐུན་མོང་སྣང་ངོར་ཡང་།།

ཁྱེད་ཉིད་ཇི་བཞིན་འབྱོན་པའི་ཐུཊ་རྗེས་གཟིགས།།

ཁྱད་པར་ལྔ་བདོའི་མུན་པ་སྟུག་པོའི་ཁྲོད།།

སྡུག་བསྔལ་འབུམ་གྱིས་མནར་བའི་མ་རྣམས་ཀུན།།

བྱིན་རླབས་འོད་དཀར་བདུད་རྩིས་མི་བསྐྱང་ན།།

འཇམ་དཔལ་གཞོན་ནུའི་གར་དུ་ཅི་ཡིས་བསྒྲུབ།།

བཞད་པའི་རྡོ་རྗེའི་བཀའ་ལུང་གསེར་གྱི་རི།།

ཁྲིམས་ལྡན་འདུས་སྡེའི་བསླབ་ཁྲིམས་གཙང་བ་དང་།།

ཆོས་ཀྱི་མངའ་འབངས་དད་པའི་གདུང་དབྱངས་ཀྱིས།།

གསོལ་བའི་འབྲས་བུ་མྱུར་དུ་འགྲུབ་གྱུར་ཅིག།

འདི་ནི་དངོས་དོན་ཡིན་གྱི་བཅོས་མ་མིན།།

དད་གདུང་གསོལ་འདེབས་ཡིན་གྱི་གཅམ་བུ་མིན།།

ཇི་བཞིན་བརྗོད་པ་ཡིན་གྱི་ཕྱོགས་ཞེན་མིན།།

དེ་ཕྱིར་སྨོན་པ་ཇི་བཞིན་འགྲུབ་པར་ཤོག།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530886
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།