ཆོས་སུན་འབྱིན་པའི་སྡིག་པ་འདག་བྱེད་དྭངས་གསལ་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། » ཆོས་སུན་འབྱིན་པའི་སྡིག་པ་འདག་བྱེད་དྭངས་གསལ་གངྒཱའི་ཆུ་རྒྱུན་
ཆོས་སུན་འབྱིན་པའི་སྡིག་པ་འདག་བྱེད་དྭངས་གསལ་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-01-01ལྟ་ཀློག (6244)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ཆོས་སུན་འབྱིན་པའི་སྡིག་པ་འདག་བྱེད་དྭངས་གསལ་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།

༧དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་ཚང་།

    གསེར་རིའི་དབུས་ན་ལྷུན་པོ་དང་།།རྒྱུ་སྐར་དབུས་ན་ཟླ་བ་བཞིན།། ཐུབ་བསྟན་གླིང་བཞིར་དབང་བསྒྱུར་བའི།། ཐུབ་དབང་བསྟན་པའི་བདག་པོར་འདུད།།ཉིན་བྱེད་བཞིན་དུ་མཁྱེན་པས་ཀུན་ལ་ཁྱབ།། བསིལ་ཟེར་བཞིན་དུ་རྒུད་པའི་ཚ་གདུང་སེལ།། བདུད་རྩི་བཞིན་དུ་ལུས་ཅན་ཀུན་ལ་སྨན།།ཐུབ་དབང་སློབ་མར་བཅས་ལ་སྙིང་ནས་འདུད།། རྒྱལ་བས་ལུང་བསྟན་རྒྱལ་བ་ཙོང་ཁ་བ།། རྒྱལ་བའི་གདུང་འཚོབ་རྒྱལ་བ་པཎ་ཆེན་གཉིས།།བཞད་པའི་རྡོ་རྗེ་ཡབ་སྲས་རིམ་བྱོན་སོགས།། བསྟན་དང་འགྲོ་བའི་དཔལ་དུ་བརྟན་གྱུར་ཅིག། ཕན་འདོགས་བྱེད་ལ་ལྷག་པའི་འཛུམ་མི་སྟོན།།ཅི་གནོད་བྱེད་ལ་བརྩེ་བའི་འཛུམ་གྱིས་བསུ།། དྲན་ཉེ་གསུམ་གྱིས་མཁའ་ཁྱབ་འགྲོ་བ་སྐྱོང་།།ཐུབ་དབང་སློབ་མར་བཅས་པ་རྒྱལ་གྱུར་ཅིག། སྙན་པར་སྨྲ་ལ་སྙན་པ་མི་སྒྲོགས་ཤིང་།། ཅི་གནོད་བྱེད་ལ་གནོད་ལན་ཡེ་མི་མཛད།།མཁའ་མཉམ་འགྲོ་ལ་མཁའ་བཞིན་རྗེས་འགྲོ་བ།། རྒྱལ་དང་རྒྱལ་བའི་སྲས་ལ་སུ་མི་དད།། ཡོད་མེད་མཐའ་དང་བྲལ་བའི་གཞ་ིལ་གནས།།སྲིད་ཞིའི་མཐའ་དང་བྲལ་བའི་ལམ་ནས་བྱོན།། ཆོས་གཟུགས་ཟུང་དུ་འཇུག་པའི་དབུས་སྨྲ་བ།། ཐུབ་དབང་སློབ་མར་བཅས་པས་རྟག་ཏུ་སྐྱོངས།།མཁྱེན་ལ་ཐོགས་པ་མེད་པ་མིང་བྱང་སོལ་བའི་ངོས་འཛིན་དང་།། ཀུན་ཏུ་རྒྱུ་དང་བདེན་པ་བོ་ཡིས་འགྲན་པས་འགྲན་མ་ཚུགས།།དུས་གསུམ་རྗེན་པར་གཟིགས་པའི་ལུང་བསྟན་ཇི་བཞིན་དུས་ཐོག་ཏུ།། ཇི་བཞིན་ཁེལ་བ་མངོན་སུམ་འདི་ནི་དེ་ཡི་འཁྲུལ་མེད་རྟགས།།སྟོབས་ལྡན་དགྲ་ལ་ཅིར་ཡང་མི་བརྩི་ཞིང།། ཉམ་ཆུང་འགྲོ་ལ་སྙིང་ནས་རྗེས་བརྩེ་བས།། བྱམས་དང་སྙིང་རྗེས་བདུད་སྡེ་བཅོམ་ཚུལ་དང་།།འགྲོ་བ་སྐྱོང་བ་རི་དྭགས་རི་རིར་ལྟོས།། མཆོག་གསུམ་གཙུག་ཏུ་བཀུར་བ་གཙུག་ན་ཟླ་བ་དང་།།བསྟན་ལ་ལྷག་བསམ་དཀར་བ་ཁ་བའི་རི་བོ་བཞིན།། ཆོས་ལ་མོས་བཞིན་སྤྱོད་པའི་གྲོགས་ཀྱི་དགའ་སྟོན་དུ།།འབེལ་བའི་གཏམ་གྱི་གླེང་གཞི་སྐྱ་རེངས་ཀྱིས་བསུ་འོ།། མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས་བཟོས་པའི།།ཆོས་ལ་སྡང་བའི་སུན་འབྱིན་མཚོན་ཆའི་རིགས།། ཅི་བདེར་འཇུ་བ་རིགས་ལམ་མེ་ཡི་འཕྲུལ།། བཀའ་དང་དགོངས་འགྲེལ་ནས་བླངས་འགྲེམས་པར་བྱ།།མཆོག་གསུམ་ལས་འབྲས་སྐྱེ་བ་སྔ་ཕྱི་ལ།། རྒོལ་བར་འདོད་པ་རྩི་ཤིང་ཚེར་མའི་དཔུང་།། ཅི་ཙམ་མང་དུ་བསགས་པ་དེ་ཀུན་ཀྱང་།།རིགས་ལམ་མེ་ལྕེ་འབར་བའི་མཁོ་ཆས་ཡིན།། ཆོས་ལ་བསླབས་ནས་ཆོས་ལ་ཟུར་ཟ་བའི།། ཡིག་མང་ནམ་མཁའི་ཆར་ལྟར་འབབ་པ་དང་།།ཆོས་པའི་གཟུགས་ཅན་ཆོས་ལ་སྐྱོན་འདོགས་པའི།། རྩོམ་ཡིག་འབྲི་བའང་དེང་སང་ཡོད་དོ་ཟེར།། ཆོས་མིན་ཕྱོགས་ཀྱིས་ཆོས་ལ་རྒོལ་བ་ནི།།ཆོས་ཉིད་ཡིན་ཕྱིར་འདི་ལ་ཡ་མཚན་མེད།། ཆོས་པའི་གྲལ་ནས་ཆོས་ལ་སྐྱོན་འདོགས་པ།། ཡ་མཚན་འདི་ནི་བདུད་ཀྱི་ཆོ་འཕྲུལ་ཡིན།།ཆོས་པའི་གཟུགས་ཀྱིས་ཆོས་ཀྱང་ཉན་ཁུལ་བྱེད།། ཆོས་པའི་གྲལ་དུ་ཆོས་པའི་ཟས་ལ་རྔམས།། ཆོས་ཀྱི་རིགས་པས་ཆོས་ལ་སྨོད་ཁུལ་བྱེད།།ཆོས་རྫུ་དེ་འདྲ་ཆོས་ཀྱི་ཆོམ་རྐུན་ཡིན།། ཁྱིམ་དུ་སྐྱེས་ཤིང་ཁྱིམ་གྱི་ཟས་ལ་དབང་།། ཕ་མས་གཅེས་ཤིང་གཅེས་ནོར་ཡོད་རྒུ་བསྩལ།།ཕ་མའི་དྲིན་བརྗེད་ཕ་མའི་སྲོག་ལ་རྒོལ།། ཁྲེལ་མེད་དེ་འདྲ་སྲིད་ན་ཅང་ཡོད་དམ།། ཆོས་ཀྱི་རིགས་པས་ཆོས་ལ་རྒོལ་འདོད་པ།།ཡལ་གར་ཞོན་ནས་རྩ་བ་གཅོད་པ་སྟེ།། གཡས་དང་གཡོན་གྱི་གཡང་ས་མ་མཐོང་བར།། ཁེ་ཉེན་ཆེ་བའི་འཕྲང་ལ་རྒྱུག་པ་བཞིན།།ལམ་དང་ལམ་མིན་བལྟ་བའི་མིག་དང་བྲལ།། ཅི་ཟེར་འདི་ཟེར་མེད་པའི་གོམ་འགྲོས་འཆོར།། འདི་ཕྱིའི་ལམ་བཟང་བོར་ནས་གཡང་ཁར་རྒྱུག།དམིགས་བུས་བོར་རྣམས་ཐུབ་པས་ད་གཟིགས་ཤིག། འཇམ་དཔལ་དབྱངས་དངོས་ཧ་ས་བཛྲ་གྱི།། ཐུགས་བསྐྱེད་རྒྱ་མཚོ་ཆེན་པོའི་འཇིངས་བཞིན་དུ།།གཏིང་མཐའ་དཔག་པར་དཀའ་ལ་རིང་མོ་ནས།། དགོངས་གཞི་ཅན་གྱི་ཐུགས་སྨོན་འདི་ལྟར་གནང་།། ཁྱད་པར་བདུད་རྩི་དུག་ཏུ་འཁྲུལ་བ་ཡི།།ལོག་པར་རྟོག་པའི་བློ་ཅན་མཐའ་དག་གི།། ཡིད་ཀྱི་ཞེ་སྡང་སྦྱོར་བའི་མེ་ཞུ་ནས།། རིང་བོར་མི་ཐོགས་གུས་པས་འདུད་གྱུར་ཅིག།འདི་ལྟར་གསུངས་པ་རྗེས་འཇུག་ཡོད་ཚད་ཀྱིས།། བསྟན་ལ་ལྷག་བསམ་དགོས་པའི་བསྐུལ་ཚིག་ཏུ།། ལེགས་པར་དགོངས་ནས་རིགས་ལམ་འཕྲུལ་འཁོར་གྱིས།།བསྟན་ལ་བྱ་ར་བྱེད་པའི་དུས་ལ་བབས།།

    དེ་ལ་འདིར་ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་ཉིད་ཀྱིས་མཁའ་ཁྱབ་འགྲོ་བའི་དོན་དུ། དང་བོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་ཏུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད། སོ་སོར་ཡང་དག་པར་རིག་པ་བཞི། སྤྱན་ལྔ། མངོན་ཤེས་རྣམ་དྲུག་ལ་སོགས་པ་ཡོན་ཏན་མཐའ་དག་གི་ཕ་རོལ་ཏུ་སོན་ནས། ཇི་སྐད་དུ། མཛོད་ལས། དང་བོ་གསུམ་པ་དྲུག་པ་ནི།། ཆོ་འཕྲུལ་རྣམས་ཡིན་བསྟན་པ་མཆོག།གསུངས་པ་ལྟར། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་། གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་དང་། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་བ་ལ་སོགས་པ་དང་། འཇིག་རྟེན་གྱི་ཁམས་མཐའ་དག་གི་གཟུགས་ཕྲ་རགས་ལ་སོགས་པ་ཐམས་ཅད་མངོན་སུམ་དུ་གཟིགས། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མུ་སྟེགས་སྟོན་པ་དྲུག་ལ་སོགས་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཟིལ་གྱིས་མནན་ནས་བཏུལ། མ་ག་དྷ་བཟང་མོའི་རྟོགས་བརྗོད་ལྟ་བུའི་རྫུ་འཕྲུལ་གྱིས་འགྲོ་བ་གྲངས་མེད་པ་སྨིན་གྲོལ་ལ་བཀོད། གསུང་རྗེས་བསྟན་གྱི་ཆོ་འཕྲུལ་གྱིས་རང་ཉིད་ཀྱིས་ཟག་མེད་ཀྱི་བདེ་བ་བླ་ན་མེད་པ་བརྙེས་པའི་བདེ་བ་ལ་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་ཀྱང་འགོད་པར་དགོངས་ནས། རང་ཉིད་ལམ་གང་ནས་བྱོན་པའི་ཚུལ་གསལ་བར་འདོམས་པ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་རིམ་པ་གསུམ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་ཆོས་འཁོར་རྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་འདོམས་པར་མཛད་དོ།།དེ་ནས་གནས་བརྟན་འོད་སྲུངས་ཆེན་པོ། ཀུན་དགའ་བོ། ཤ་ནའི་གོས་ཅན་ལ་སོགས་པ་བསྟན་པའི་གཏད་རབས་ཆེན་པོ་བདུན་དང་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་སོགས་རྒྱལ་བའི་བཀའི་དགོངས་འགྲེལ་བྱེད་པོ་གྲུབ་མཐའ་རྣམ་བཞིའི་སློབ་དཔོན་རྗེས་འབྲང་དང་བཅས་པས། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ།།དེ་ནས་བྲི་ཀ་མ་ལ་ཤཱི་ལར་མཁས་པ་སྒོ་དྲུག་ཏུ་གྲགས་པ་བྱོན་ནས་བསྟན་པ་རྒྱ་ཆེར་སྤེལ་ཞིང་། བོད་གངས་ཅན་གྱི་ལྗོངས་འདིར། མཁན་སློབ་ཆོས་གསུམ་སོགས་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་བསྟན་པའི་སྲོལ་བཏོད། གཞི་བཙུགས། དར་ཞིང་རྒྱས་པར་མཛད་དོ།། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལྗོངས་འདིར་བྱོན་ནས་རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པར་བསྡུས་པ་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས། རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པའི་ཡི་གེ་སྣ་གཅིག་ཀྱང་འདོར་རྒྱུ་མེད་པར་ཐམས་ཅད་འཚང་རྒྱ་བའི་གདམས་ངག་ཏུ་འཁྱེར་བ་ལ་བཀའ་གདམས་པར་གྲགས་པའི་བཀའ་གདམས་པའི་སྲོལ་ཆེས་ཆེར་ཕྱེས་ཤིང་། ཐུགས་ཀྱི་སྲས་གཅིག་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་གདམས་ངག་ཡོངས་སུ་རྫོགས་པར་གསན། ཇོ་འབྲོམ་ཡབ་སྲས་ནས་བརྒྱུད་པའི་གདམས་ངག་གི་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གཙོ་བོ་ནི། ལོང་མེད་ཐུགས་ལ་འཁྲུངས་པའི་པོ་ཏོ་བ་དང་། བདག་པས་གཞན་གཅེས་སྒོམ་པའི་སྤྱན་སྔ་བ་དང་། སྒྲུབ་པ་སྙིང་བོར་མཛད་པའི་ཕུ་ཆུང་བ་སྟེ་རྒྱལ་སྲས་སྐུ་མཆེད་གསུམ་གྲགས་ཆེ་ཞིང་། དེ་ལས་གླང་ཤར་གཉིས་སོགས་དང་། དགོན་པ་བ་ལས་དགོན་པ་བུ་བཞི་སོགས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་གནམ་གྱིས་ས་བཀབ་པ་ལྟ་བུ་མང་བོ་བྱོན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ།།སྒྲུབ་བརྒྱུད་ཀྱི་བསྟན་པའི་རྩ་ལག་ཏུ་གྱུར་པ་མར་བ་མི་ལ་ཡབ་སྲས་བརྒྱུད་འཛིན་དང་བཅས་པ་དང་། ས་རྙིང་ཀར་འབྲུག་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་རིམ་པར་བྱོན་པ་རྣམས་ཀྱིས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ།།བོད་ཀྱི་ལོ་ཆེན་ལོ་ཆུང་དུ་གྲགས་པ་རྣམ་གཉིས་ཀྱིས་བཤད་གྲྭ་དང་རྩོད་གྲྭ་བཙུགས་པ་ནས་བཟུང། འཇམ་མགོན་ས་སྐྱ་པཎ་ཆེན། རིགས་པའི་སེང་ཆེན་བརྒྱད་དུ་གྲགས་པ་སོགས་བྱུང་ནས། ཕྱི་རོལ་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་ལྟ་བུ་བོད་ཀྱི་པཎ་ཊི་ཏས་རྩོད་པས་ཚར་བཅད་ནས་ནང་བའི་གྲུབ་མཐའ་ལ་གཞུག་པ་སོགས་གངས་ཅན་གྱི་ལྗོངས་འདིར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ།།ཇི་སྐད་དུ། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ།། ས་ཡི་སྟེང་འདི་སྟོང་བ་ན།།ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།། སངས་རྒྱས་མཛད་པ་བྱེད་པར་འགྱུར།། དེའི་ཚེ་དགོན་ཆེན་རབ་དགའ་བ།།ཁ་བ་ཅན་ན་ཡོད་པ་ཡིན།། ཞེས་མདོ་རྒྱུད་བསྟན་བཅོས་མང་བོ་ལས་གསལ་བར་ལུང་བསྟན་པ་བཞིན། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་ྋརྗེ་བློ་བཟང་གྲགས་པ་ལྗོངས་འདིར་བྱོན་ནས་བསྟན་པའི་ནང་མཛོད་འདུལ་ཁྲིམས་རྣམ་པར་དག་པས་ས་སྟེང་ཁྱབ་པར་མཛད། བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ་གྱི་བསྟན་བཅོས་འགྲན་ཟླ་དང་བྲལ་བ་བསམ་གྱིས་མི་ཁྱབ་པ་མང་དུ་མཛད་ནས་ལེགས་བཤད་གཏེར་གྱི་སྒོ་བརྒྱ་ཕྱེ་བས། སྐལ་ལྡན་གྱི་གདུལ་བྱ་གྲངས་མེད་པ་ལེགས་བཤད་བདུད་རྩིའི་བགོ་སྐལ་གྱིས་ཚིམ་པར་མཛད་ནས། འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བའི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུ་གྲངས་མེད་པ་བྱོན། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ཞེས་སྙན་པའི་གྲགས་པས་ས་སྟེང་ཁྱབ་པ་ལ། གྲུབ་མཐའ་རིས་མེད་ཀྱི་མཁས་པ་གཟུར་གནས་རིགས་པའི་རྗེས་འབྲང་རྣམས་ཀྱིས་རྗེས་སུ་ཡི་རངས་པའི་བསྔགས་བརྗོད་འདི་ལྟར་མཛད་དེ། སྟག་ཚང་ལོ་ཙཱ་བ་སྒྲ་བ་ཤེས་རབ་རིན་ཆེན་གྱི་འགྱོད་ཚངས་ལས། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།། མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་ཡིད་ཁེངས་པའི་ཀུན་ད་ལྷག་པར་ཟུམ།། ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།། ཞེས་དང་། མདོ་སྔགས་མཐའ་དག་ཁྱད་པར་རྒྱུད་སྡེ་དང་།། རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དང་།།བླ་མེད་མཐའ་དག་ཁྱད་པར་སྒྱུ་ལུས་ལ།། སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།། ཅེས་རྗེས་སུ་ཡི་རངས་མཛད་པ་ལྟར། འཆད་རྩོད་རྩོམ་གསུམ། གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ་གང་དང་གང་ཐད་ལའང་དཔྱད་གསུམ་རྣམ་པར་དག་པའི་རིགས་ལམ་དྲི་མ་མེད་པས་ལེགས་པར་གཏན་ལ་ཕབ་ནས་འཁྲུལ་བའི་ཆ་ཕྲ་མོ་ཙམ་ཡང་མེད་པ་གསེར་སྦྱངས་བཙོ་མ་ལྟ་བུའི་ལུགས་བཟང་དྲི་མ་མེད་པ་འདི་ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་ཏུ་འགྲེལ་བར་མཛད་དོ།།

    དེ་ནས་རྒྱལ་ཚབ། མཁས་གྲུབ། འདུལ་འཛིན་གྲགས་པ་རྒྱལ་མཚན། རྗེ་ཤེས་རབ་སེངྒེ། རྗེ་དགེ་འདུན་གྲུབ། འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ་སོགས་བུ་སློབ་ཡང་སློབ་གསེར་གྱི་རི་བོའི་ཕྲེང་བ་ཚར་དུ་བསྒྲིགས་པ་ལྟ་བུ་རིམ་པར་བྱོན་པ་རྣམས་ཀྱིས་རྒྱལ་བའི་བཀའ་དང་། རྗེ་རིན་པོ་ཆེའི་དགོངས་འགྲེལ་གྱི་བསྟན་བཅོས་ཤན་སྦྱར་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་རྗེ་རིན་པོ་ཆེའི་དགོངས་འགྲེལ་གྱིས་དཀྲལ་བ་ཇི་བཞིན་དུ་བཀྲལ་ནས་དེ་ལས་གཞན་དུ་དྲངས་མི་རུང་བར་རིགས་པ་དྲི་མ་མེད་པས་ལེགས་པར་གཏན་ལ་ཕབ་པས། རྗེ་རིན་པོ་ཆེའི་གཞུང་ལེགས་པར་འཛུགས་པའི་ངེས་པ་བསྟན་བརྟནཔར་མཛད་དོ།།དེ་ནས་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་༧རྒྱལ་དབང་ཕྱག་ན་པད་མོ་སྐུ་ཕྲེང་རིམ་བྱོན། སངས་རྒྱས་སྣང་བ་མཐའ་ཡས་མིའི་གར་གྱིས་རྣམ་པར་རོལ་པ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་དང་། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་ཡབ་སྲས་སོགས། བོད་གངས་ཅན་གྱི་ལྗོངས་འདིར་མཁས་ཤིང་གྲུབ་པའི་དབང་ཕྱུག་བླ་མ་དགེ་བའི་བཤེས་གཉེན་རིམ་པར་བྱོན་པ་རྣམས་དང་། བསྟན་ལ་ལྷག་བསམ་ཆེ་ཞིང་ཕྱག་རྗེས་རླབས་ཆེ་བའ་ིཆོས་རྒྱལ། ཆོས་བློན། ལོ་ཙཱ་བ། བསྟན་འགྲོ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མི་རིགས་སོ་སོས་བསྟན་འགྲོ་ལ་མཛད་རྗེས་མང་དུ་བཞག་ཚུལ་སོགས་ནི་རང་རང་གི་རྣམ་ཐར་གྱི་ཡི་གེ་ཆེན་པོ་རྣམས་སུ་ཤེས་པར་བྱ་སྟེ། འདི་ནི་ཆེ་ལོང་ཙམ་གྱིས་མཚོན་བྱེད་དོ།།

    སྨྲས་པ། རྒྱལ་དང་རྒྱལ་བའི་སྲས་ཀྱི་རྣམ་ཐར་གྱི།།ཕྱོགས་ཙམ་མཐོང་བ་ཡིད་ཀྱི་ཤིང་རྟ་དེས།། བཀའ་དང་དགོངས་འགྲེལ་མཛོད་ཀྱི་སྒོ་ཕྱེས་ནས།། རིགས་ལམ་རིན་ཆེན་སྣ་ཚོགས་འདྲེན་པར་ཆས།།སྔོན་བྱོན་མཁས་པ་བཟོ་བོའི་འདུ་བྱེད་ཀྱིས།། བསྐྲུན་པའི་རིགས་ལམ་འཕྲུལ་འཁོར་བསམ་མི་ཁྱབ།།བསྟན་པ་བསྲུང་ལ་ཉེར་མཁོ་གྲངས་མེད་པ།། ཕྱི་རབས་གདུལ་བྱའི་ལག་ཏུ་ཅི་བདེར་གཏད།། བདག་དང་བདག་འདྲའི་བློ་གྲོས་ཉམ་ཆུང་བས།།རིགས་ལམ་ཡོད་ཚད་བློ་ཡིས་བཀོལ་མི་ནུས།། ནུས་པ་རྣམས་ཀྱང་ལྷུ་ལག་མ་འཕྲོད་ན།། འབེན་ལ་མི་ཕོག་ཕོག་ཀྱང་འགྱེལ་མི་ནུས།།དེ་ཕྱིར་བདག་དང་བདག་འདྲས་རྣམ་ཀུན་ཏུ།། སྔོན་བྱོན་མཁས་པའི་གསུང་གི་རྗེས་ཞུགས་ནས།། བསྟན་པ་བསྲུང་བའི་ཆ་རྐྱེན་མེད་མི་རུང་།།ནང་རིག་ཐུན་མོང་མིན་པའི་རིགས་ལམ་སྦྱོངས།། ཞེས་བྱ་བ་ནི་འབེལ་བའི་གཏམ་གྱི་སྔོན་འགྲོ་གླེང་བསླང་བའི་རིམ་པར་ཕྱེ་བའོ།།

     ན་མོ་གུ་རུ་མཉ྄ཛུ་གྷོ་ཥ་ཡ། བདེ་ཆེན་འཁོར་ལོའི་ར་བར་འདབ་སྟོང་རྩེར།། སྐྱབས་ཀུན་སྤྲིན་གྱི་ཕུང་བོ་ཇི་བཞིན་དུ།།ཡོངས་ཁྱབ་ཐུབ་དབང་འཁོར་དང་བཅས་པ་ཡིས།། བསྟན་ལ་བྱ་བ་འགྲུབ་པར་བྱིན་གྱིས་རློབས།། དྲན་པ་ཡིས་ཀྱང་རྨོངས་པའི་སྨག་ཆེན་དང་།།མ་རྟོགས་ལོག་རྟོག་ཐེ་ཚོམ་རབ་རིབ་ཀུན།། སེལ་མཛད་ཡབ་གཅིག་བསྟན་པའི་འཁོར་ལོ་དང་།། དབྱེར་མེད་ཙོང་ཁ་བ་ཁྱོད་སྙིང་ལ་བཞུགས།།མཁས་པའི་ཡོན་ཏན་གསུང་གིས་ས་སྟེང་ཁྱབ།། བཙུན་པའི་ཡོན་ཏན་ཉེ་བར་འཁོར་ལ་འགྲན།། བཟང་བོའི་ཡོན་ཏན་བྱམས་བརྩེས་འགྲོ་བ་སྐྱོང་།།བཞད་པའི་རྡོ་རྗེ་རིམ་བྱོན་གཙུག་གིས་མཆོད།། ཤེལ་དཀར་ཞུན་མའི་ལྷུན་པོ་འཇའ་ཚོན་གྱིས།།བཀླུབས་པ་ཇི་བཞིན་ཡིད་འཕྲོག་ལང་ཚོས་སྒེག། ཚངས་སྲས་མ་ཀྱེ་མགྲིན་པའི་འོ་མཚོར་བྱོན།། ངག་གི་མདུད་པ་དགྲོལ་བའི་དུས་ལ་བབས།།བདུད་རྩིའི་བུམ་བཟང་དུག་ཆུའི་སྣོད་ཡིན་ཞེས།། སྒྲོག་པའི་སུན་འབྱིན་རྫབ་ཀྱིས་སྦགས་པ་རྣམས།།བཀའ་དང་དགོངས་འགྲེལ་ལྷ་ཡུལ་ནས་དྲངས་པའི།། དྭངས་གསལ་གངྒཱའི་རྒྱུན་གྱིས་བྱི་དོར་བྱ།།

    དེ་ལ་འདིར་ཆོས་སུན་འབྱིན་པའི་འདོད་པ་དགག་པ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ།། དང་བོ་ནི། རྒྱང་འཕེན་པ་ན་རེ། ཐུགས་རྗེ་ཆེན་པོ་སྐྱེ་བ་དུ་མར་གོམས་པ་ལས་བླ་མེད་བྱང་ཆུབ་འཐོབ་པར་འགྱུར་བ་ཡིན་ནོ་ཞེས་སྟོན་པ་ལ། རྣམ་འགྲེལ་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ།། ཞེས་པའི་གཞུང་འདི་བྱུང་བ་མི་འཐད་པར་ཐལ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར། སྐྱེ་བ་སྔ་ཕྱི་མེད་དེ། སེམས་ལུས་ཀྱི་བདག་ཉིད་ཡིན་པས་ན། ལུས་སྐྱེས་པ་ན་སེམས་སྐྱེས། ལུས་འཇིག་པ་ན་སེམས་ཀྱང་འཇིག་འགྲོ་བའི་ཕྱིར། དཔེར་ན། ཆང་གྲུབ་མ་ཐག་མྱོས་འགྱུར་གྱི་ནུས་པ་གྲུབ། ཆང་འགག་པ་ན་མྱོས་འགྱུར་གྱི་ནུས་པ་འགག་འགྲོ་བ་བཞིན་ཡིན་པའི་ཕྱིར། ཞེས་པ་དང་། ཡང་སྐྱེ་བ་སྔ་ཕྱི་མེད་དེ། སེམས་ལུས་ཀྱི་འབྲས་བུ་ཡིན་པས་ན། ལུས་སྐྱེས་པ་ན་སེམས་སྐྱེ། ལུས་འགག་པ་ན་སེམས་ཀྱང་འགག་པའི་ཕྱིར། དཔེར་ན། མར་མེ་གློ་བུར་དུ་སྐྱེས་པ་ན་འོད་སྐྱེ། མར་མེ་འགག་པ་ན་འོད་ཀྱང་འགག་འགྲོ་བ་བཞིན་ཡིན་པའི་ཕྱིར། ཞེས་པ་དང། ཡང་སྐྱེ་བ་སྔ་ཕྱི་མེད་དེ། སེམས་ལུས་ཀྱི་ཡོན་ཏན་ཡིན་པས་ན། ལུས་སྐྱེས་པ་ན་སེམས་སྐྱེ། ལུས་འགག་པ་ན་སེམས་འགག་འགྲོ་བའི་ཕྱིར། དཔེར་ན། རྩིག་པ་གྲུབ་པ་ན་དེའི་མདོག་དབྱིབས་རི་མོ་སོགས་ཀྱང་གྲུབ། རྩིག་པ་འཇིག་པ་ན། དེའི་མདོག་དབྱིབས་རི་མོ་སོགས་འཇིག་འགྲོ་བ་བཞིན་ཡིན་པའི་ཕྱིར། ཞེས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་དུ་མ་སྨྲ་བར་བྱེད་དེ། འདི་ནི་རྣམ་འགྲེལ་ལས། བློ་ནི་ལུས་ལ་བརྟེན་པའི་ཕྱིར།། གོམས་པས་གྲུབ་པ་མེད་ཅེ་ན།།ཞེས་དང་། ཚད་མ་རྒྱན་ལས། བློ་ནི་ལུས་ཀྱི་བདག་ཉིད་དང་།། ལུས་འབྲས་ལུས་ཀྱི་ཡོན་ཏན་དང་།།དེ་ལྟར་ལུགས་གསུམ་ལ་བརྟེན་ནས།། གོམས་པ་གྲུབ་པ་མེད་པར་འདོད།། ཅེས་སོགས་ཀྱི་དགོངས་པའོ།།

    གཉིས་པ། དེ་དགག་པ་ལ་གཉིས། སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་འགོད་པ་དང་། མེད་པའི་སྒྲུབ་བྱེད་འགོག་པའོ།། དང་བོ་ནི་སྐྱེས་མ་ཐག་པའི་རྒྱུད་ཀྱི་སེམས་ཆོས་ཅན། རང་གི་རིགས་འདྲ་སྔ་མའི་ཉེར་ལེན་དང་། གོམས་པ་སྔོན་དུ་སོང་སྟེ། སེམས་ཡིན་པའི་ཕྱིར། དཔེར་ན། ད་ལྟའི་དབང་རྣོན་གཤིས་བཟང་དུ་གྲགས་པའི་མིའི་སེམས་བཞིན། རིགས་པ་འདི་ནི་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན།། འབྱུང་རྔུབ་དབང་བོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།། ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།། ཧ་ཅང་ཐལ་ཕྱིར། ཞེས་དང་། ལུས་ནི་གནས་པ་ཉིད་ན་སེམས།། ལྡོག་པ་མེད་པར་ཐལ་བར་འགྱུར།།ཞེས་སོགས་གསུངས་པའི་དགོངས་པའོ།། དེ་ལ་ཁོ་ན་རེ། སེམས་ཡིན་ན་རིགས་འདྲ་སྔ་མའི་ཉེར་ལེན་དང་། གོམས་པ་སྔོན་དུ་སོང་བས་མ་ཁྱབ་པའི་ཕྱིར། རིགས་པ་དེས་སྐྱེ་བ་སྔ་ཕྱི་ཡོད་པར་མི་འགྲུབ་ཟེར་རོ།།དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བྱིས་པ་འགའ་ཞིག་ཆུང་དུས་ནས་དབང་བོ་ཤིན་ཏུ་རྟུལ་བ་དང་། ཕ་མས་ཉེས་སྤྱོད་ལས་བཟློག་ཀྱང་ལྡོག་མི་ནུས་པར། རང་བཞིན་གྱིས་གསོད་རྐུ་རྫུན་ཕྲ་མ་གནོད་སེམས་སོགས་ཀྱི་བསམ་པ་མངོན་དུ་གྱུར་འོང་ལ། བྱིས་པ་འགའ་ཞིག་ཆུང་དུས་ནས་དབང་བོ་རྣོ་ཞིང་། ཕ་མས་མ་བསླབས་ཀྱང་རང་བཞིན་གྱིས་གསོད་རྐུ་རྫུན་ཕྲ་མ་གནོད་སེམས་མི་བྱེད་པའི་བསམ་པ་མངོན་དུ་གྱུར་འོང་བའི་རྒྱུ་མཚན་མེད་པར་ཐལ། བསམ་པ་དེ་གཉིས་རིགས་འདྲ་སྔ་མའི་ཉེར་ལེན་དང། གོམས་པ་སྔོན་སོང་ལ་ལྟོས་མི་དགོས་པ་གང་ཞིག རང་བཞིན་བཟང་ངན་འོང་བའི་རྒྱུ་མཚན་གཞན་མེད་པའི་ཕྱིར། རྟགས་དང་བོ་ཁྱོད་ཀྱིས་ཁས་བླངས་པས་སོ།། དེ་ལ་ཁོ་ན་རེ། ཕ་མ་རང་བཞིན་བཟང་ངན་དང་། ཕྱི་རོལ་གྱི་གྲོགས་བཟང་ངན་དང་འཕྲད་པའི་རྐྱེན་གྱིས། ཆུང་དུས་ནས་རང་བཞིན་བཟང་ངན་གྱི་ཁྱད་པར་བྱུང་བ་ཡིན་ནོ་ཟེར་ན། ཕ་མ་རང་བཞིན་བཟང་བའི་བུ་གཉིས། ཚེ་འདིར་གྲོགས་ངན་ལ་འགྲོགས་སུ་མ་བཅུག་པར། གྲོགས་བཟང་ཤ་སྟག་དང་འགྲོགས་སུ་བཅུག རིག་གནས་མང་ཉུང་མེད་པར་བསླབས་ན་མྱུར་དུ་ཤེས་མི་ཤེས་ཀྱི་དབང་བོ་རྣོ་རྟུལ་གྱི་ཁྱད་པར་དང་། གསོད་རྐུ་རྫུན་ཕྲ་མ་གནོད་སེམས་ཀྱི་བསམ་པ་མ་བསླབས་ཀྱང་མངོན་དུ་གྱུར་འོང་མི་འོང་མི་འདྲ་བའི་ཁྱད་པར་འབྱུང་བའི་རྒྱུ་མཚན་མེད་པར་ཐལ། ཚེ་འདིར་ཕ་མ་དང་། གྲོགས་བཟང་ངན་འདྲ་ཞིང་། ཚེ་འདིར་རིག་གནས་ལ་གོམས་མ་གོམས་ཀྱང་འདྲ་བ་གང་ཞིགཚེ་སྔ་མའི་རིགས་འདྲའི་ཉེར་ལེན་དང་། གོམས་པ་སྔོན་སོང་ལ་ལྟོས་པ་མེད་པའི་ཕྱིར། རྟགས་ཕྱི་མ་ཁྱོད་ཀྱིས་ཁས་བླངས་སོ།། དེ་ལ་ཁོ་ན་རེ། ཕ་མ་དང་གྲོགས་བཟང་ངན་འདྲ་ན་ཡང་། བྱིས་པ་དེ་གཉིས་ལ་རང་བཞིན་བཟང་ངན་གྱི་ཁྱད་པར་ཡོད་པས། གཤིས་བཟང་ངན་གྱི་ཁྱད་པར་བྱུང་བ་ཡིན་ནོ་ཞེས་ཟེར་བ་ནི་ཤིན་ཏུ་མི་འཐད་དེ། རང་བཞིན་བཟང་ངན་ལས། རང་བཞིན་བཟང་ངན་གྱི་ཁྱད་པར་བྱུང་བ་ཡིན་ནོ་ཞེས་ཟེར་བ་དང་འདྲ་བས་བཞད་གད་ཀྱི་གནས་ཡིན་པའི་ཕྱིར། རིགས་པ་ཤེས་པའི་མཁས་མང་གི་མདུན་སར་གཏམ་དེ་འདྲ་སྨྲ་བ་ལ་ངོ་ཚ་ཤེས་དགོས་སོ།།ཡང་ཁ་ཅིག་གཞན་ན་རེ། ཕ་མ་དང་གྲོགས་དང་སྐྱེ་ཡུལ་བཟང་ངན་ཅི་རིགས་ལས། ཆུང་དུས་ནས་རང་བཞིན་བཟང་ངན་གྱི་ཁྱད་པར་བྱུང་བ་ཡིན་གྱི། ཚེ་སྔ་མར་བཟང་གོམས་ངན་གོམས་སྔོན་སོང་ལས་ཆུང་དུས་ནས་གཤིས་བཟང་ངན་གྱི་ཁྱད་པར་བྱུང་བ་མིན་ནོ་ཞེས་ཟེར་རོ།།དེ་ལ་ངེས་པ་ཅུང་ཟད་ཀྱང་མེད་པར་ཐལ། གྲོགས་བཟང་བར་ཡང་གཅིགསྐྱེ་ཡུལ་བཟང་བར་ཡང་གཅིག་པའི་ཕ་མ་བཟང་བོའི་བུ་ལ་ངན་པ་ཡང་ཡོད། གྲོགས་ངན་པ་དང་འཕྲད། སྐྱེ་ཡུལ་ངན་པ་དང་ཕ་མ་ངན་པའི་བུ་ལ་བཟང་བོ་ཡང་ཡོད་པ་མངོན་སུམ་དུ་མཐོང་བ་དང་འགལ་བའི་ཕྱིར། རྒྱུ་མཚན་དེས་ན། ཚེ་འདིར་བསམ་པ་བཟང་ངན་དང་བྱ་བ་བཟང་ངན་ལ་གོམས་ཁོམ་མ་བྱུང་བའི་བྱིས་པ་གཉིས་ལ། རང་བཞིན་བཟང་ངན་གྱི་ཁྱད་པར་འབྱུང་བའི་རྒྱུ་མཚན་ཡོད་དེ། ཚེ་སྔ་མར་བསམ་པ་བཟང་ངན་དང་བྱ་བ་བཟང་ངན་ལ་གོམས་པ་སྔོན་དུ་སོང་མ་སོང་གི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དཔེར་ན། ཚེ་སྟོད་མི་བཟང་བོར་གྲགས་པ་འགའ་ཞིག་གྲོགས་ངན་པ་དང་ཕྲད་ནས་བསམ་ངན་དང་བྱ་བ་ངན་པ་ལ་ཧ་ཅང་གོམས་ཆེས་ན། ཚེ་སྨད་དུ་མི་ངན་པ་ཞིག་ཏུ་འགྱུར་འགྲོ་བ་དང་། ཚེ་སྟོད་མི་གཤིས་ངན་དུ་གྲགས་པ་འགའ་ཞིག གྲོགས་བཟང་དང་ཕྲད་ནས་བསམ་པ་བཟང་བོ་དང་། བྱ་བ་བཟང་བོ་ལ་གོམས་ཆེས་ན་ཚེ་སྨད་ལ་མི་གཤིས་བཟང་དུ་འགྱུར་འགྲོ་བ་མངོན་སུམ་དུ་མཐོང་བ་བཞིན་ནོ།།འདི་ནི་ཚད་མ་རྣམ་འགྲེལ་ལས། ཉེར་ལེན་འགྱུར་བ་མེད་པར་ནི།།ཉེར་ལེན་ཅན་དག་འགྱུར་བར་ནི།། བྱེད་པར་མི་ནུས་དཔེར་འཇིམ་པ།། འགྱུར་བ་མེད་པར་བུམ་སོགས་བཞིན།།ཞེས་པའི་དགོངས་པ་ཡིན་ལ། འཇིག་རྟེན་ཁམས་ན་གསོད་རྐུ་ལོག་གཡེམ། རྫུན་ཕྲ་མ་ཚིག་རྩུབ། གནོད་སེམས་སོགས་ལ་ཆད་པའི་ཁྲིམས་བཅས་ནས། ཡ་རབས་ཀྱི་ལུགས་སྲོལ་སྐྱོང་བཞིན་པ་རྣམས་ཀྱང་རྒྱུ་མཚན་དེ་ལ་ཐུག་འདུག་གོ།།

    གཉིས་པ། སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ།། དང་བོ་ལ་ཁོ་ན་རེ། སྐྱེ་བ་སྔ་ཕྱི་མེད་དེ། འཇིག་རྟེན་སྔ་མ་ནས་ཤི་འཕོས་ནས་འདིར་སྐྱེས་པ་དང་། འདི་ནས་ཤི་འཕོས་ནས་འཇིག་རྟེན་ཕྱི་མར་སྐྱེས་པ་མ་མཐོང་བའི་ཕྱིར་ཟེར་རོ།།མ་མཐོང་བའི་ཕྱིར་ཟེར་བ་འདི་ཁྱོད་ཀྱིས་མ་མཐོང་བའི་རྒྱུ་མཚན་གྱིས། སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པ་ཡིན་ནམ། ཐམས་ཅད་ཀྱིས་མ་མཐོང་བའི་ཕྱིར་ཞེས་པའི་རྒྱུ་མཚན་གྱིས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པ་གང་ཡིན། དང་བོ་ལྟར་ན། ཁྱབ་པ་གཏན་ནས་མེད་དེ། ཁྱོད་ཀྱིས་མ་མཐོང་བའི་འཇིག་རྟེན་ཁམས་ཀྱི་རི་ར་བ་ཁང་ཁྱིམ་སོགས་ཡོད་ཀྱང་། ཁྱོད་ཀྱིས་མ་མཐོང་བའི་ཕྱིར་དང་། བྱ་རྒྱང་རིང་དུ་འཕུར་བ་རང་ཅག་གིས་གར་སོང་ཆ་མ་མཐོང་ཡང་། དེ་མེད་སོང་བར་ཁས་ལེན་མཁན་སུ་ཡང་མེད་པའི་ཕྱིར། གཉིས་པ་ལྟར་ན། ཐམས་ཅད་ཀྱིས་སྐྱེ་བ་སྔ་ཕྱི་མ་མཐོང་བར་རྟགས་མ་གྲུབ་སྟེ། སྐྱེ་བ་སྔ་ཕྱི་མཐོང་བའི་སེམས་ཅན་མང་བོས་སྐྱེ་བ་སྔོན་མའི་སྐྱེ་ཡུལ་དང་། ཕ་མ་དང་གྲོགས་སྤུན་སྲིང་ཡོ་བྱད་རྣམས་མ་འཁྲུལ་བར་ངོས་བཟུང་ནས། སྐྱེ་བ་སྔ་ཕྱིའི་མ་བུ་ངོ་འཕྲོད་དེ་འབྲལ་མི་ཕོད་པ་ལྟ་བུ་བྱུང་བར་ད་ལྟ་ཡང་འཇིག་རྟེན་ན་གྲགས་ཤིང་གྲུབ་པའི་ཕྱིར་དང་། ཀུན་གྱིས་མི་ཤེས་པ་དང་མི་མཐོང་བ་ཁྱོད་ལ་ཐེ་ཚོམ་ཙམ་ལས་མེད་དེ། ཁྱོད་ཀྱིས་གཞན་སེམས་མི་ཤེས་པའི་ཕྱིར། འདི་ནི་རྣམ་འགྲེལ་ངེས་དང་ཚད་ཆེན་རྩ་འགྲེལ་སོགས་ཀྱི་དགོངས་པ་སྟེ། ཀུན་གྱིས་མ་མཐོང་ཐེ་ཚོམ་དང་།། རང་གིས་མ་མཐོང་འཁྲུལ་བ་སྟེ།།འབིགས་བྱེད་རི་ཕུག་ངུར་བ་སོགས།། མ་མཐོང་བར་ཡང་ཡོད་ཕྱིར་རོ།། སོགས་གསུངས་པས་སོ།། གཞན་ཡང་། སྐྱེ་བ་སྔ་ཕྱི་མེད་པ་མངོན་སུམ་གྱིས་མཐོང་ངམ་མ་མཐོང། མཐོང་ན། ཁྱོད་ཀྱིས་དངོས་པོ་ཙམ་ཞིག་ལས་དངོས་མེད་མེད་ཟེར་བའི་དངོས་གཙོ་སྨྲ་བའི་ལུགས་འཐད་ལྡན་དུ་བཞག་པ་དང་ཁས་བླངས་ནང་འགལ་ཏེ། སྐྱེ་བ་སྔ་ཕྱི་མེད་པ་དངོས་མེད་ཡིན་པའི་ཕྱིར། མ་མཐོང་ཟེར་ན། སྐྱེ་བ་སྔ་ཕྱི་མེད་པ་ཆོས་ཅན། མེད་པར་ཐལ། མ་མཐོང་བའི་ཕྱིར། མ་ཁྱབ་ཟེར་ན། ཁྱོད་རང་གིས་ངེད་ཅག་ལ། མ་མཐོང་བའི་རྟགས་ཀྱིས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པ་དང་ནང་འགལ་ལོ།།མེད་པར་འདོད་ཟེར་ན། སྐྱེ་བ་སྔ་ཕྱི་མེད་པ་རྟགས་ཡང་དག་གི་བསྒྲུབ་བྱར་ཁས་བླངས་པ་དང་ནང་འགལ་ལོ།།འདི་ནི་འཇུག་པ་ལས། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི།།ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ།། དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར།།གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེའི་ཚེ་བཞིན།། ཞེས་གསུངས་པའི་དགོངས་པ་ཡིན་ལ། ཁྱོད་ཀྱིས་ངེད་ཅག་ལ། སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དུ་བཀོད་པའི་རྟགས་དེ། ངེད་ཅག་གིས་ཁྱོད་ལ་ཕྱིར་བཀོད་ནས་དངོས་འགལ་བསྟན་པ་ཡིན་པས། ནང་འགལ་གྱི་འཁོར་ལོ་བསྐོར་བ་ཡིན་ནོ།། ཡང་ཁོ་ན་རེ། སྐྱེ་བ་སྔ་ཕྱི་ཡོད་དུ་ཆུག་ཅིང་། ཚེ་སྔ་མའི་ལས་དགེ་སྡིག་ལས། ཚེ་ཕྱི་མར་འབྲས་བུ་བདེ་སྡུག་མྱོང་བར་འགྱུར་ཟེར་བ་འདི། བསྟན་བཅོས་ལས་དེ་སྐད་གསུངས་པ་ལ། ཁྱེད་ཅག་ཆོས་ལ་དད་པས་ཡིད་ཆེས་པ་ཙམ་དུ་ཟད་ཀྱི། སྒྲུབ་བྱེད་ལུང་ཙམ་ལས་མེད་པས། ཁོ་བོ་ཅག་ལུང་ཚད་མར་ཁས་མི་ལེན་པ་རྣམས། ལས་དགེ་སྡུག་ལས། འབྲས་བུ་བདེ་སྡུག་མྱོང་བ་འདི་ལ་ཡིད་མི་ཆེས་ཤིང་ཁས་མི་ལེན་ཟེར་རོ།།དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ལས་དགེ་སྡིག་ལས། འབྲས་བུ་བདེ་སྡུག་འབྱུང་ཞེས་ཐ་སྙད་མི་འདོགས་པ་རྣམས་ཀྱིས་ཀྱང་། དོན་དེ་བཞིན་དུ་ཁས་བླངས་ཏེ། བསམ་པ་བཟང་བ་དང་མི་མི་གསོད་རྐུ་མི་བྱེད་རྫུན་ཕྲ་མ་གནོད་སེམས་སོགས་མི་བྱེད་པ་ལ། འབྲས་བུ་བཟང་བ་དང་ཡ་རབས་ཀྱི་སྲོལ་བཟང་དུ་གྲགས་ལ། གསོད་རྐུ་རྫུན་ཕྲ་མ་གནོད་སེམས་སོགས་བྱེད་པ་ལ། འབྲས་བུ་ངན་པ་དང་མ་རབས་སྤྱོད་ངན་དུ་གྲགས་ཤིང་། སྤྱོད་ངན་དེ་འགོག་ཐབས་ཀྱི་ཁྲིམས་འཆའ་བ་མངོན་སུམ་དུ་ཡང་གྲུབ་པ་གང་ཞིགལུས་ངག་ཡིད་གསུམ་གྱིས་བྱ་བ་བཟང་བོ་སྒྲུབ་པ་ལ་དགེ་བའི་ལས་བསགས་ཞེས་ཐ་སྙད་འདོགས་ལ། ལུས་ངག་ཡིད་གསུམ་གྱིས་བྱ་བ་ངན་པ་སྒྲུབ་པ་ལ་མི་དགེ་བའི་ལས་བསགས་ཞེས་ཐ་སྙད་འདོགས་པ་ཡིན་གྱི། བྱ་བ་བཟང་ངན་ལས་ལོགས་སུ། ལས་བཟང་ངན་དང་དགེ་སྡིག་འཇོག་རྒྱུ་མེད་པར། རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལས་མཐུན་པར་གསུངས་སོ།།

    དེ་ལྟར་ན་འཇིག་རྟེན་སྤྱི་སྐད་ལ། གསོད་རྐུ་རྫུན་ཕྲ་མ་སོགས་མི་བྱེད་པའི་ཡ་རབས་ཀྱི་སྤྱོད་པ་ལ་འབྲས་བུ་བཟང་བས་ལུགས་སྲོལ་དེ་བསྐྱང་དགོས་པར་གྲགས་ལ། གསོད་རྐུ་རྫུན་ཕྲ་མ་སོགས་བྱེད་པའི་མ་རབས་ཀྱི་སྤྱོད་པ་ལ་འབྲས་བུ་ངན་པ་ལས་མེད་པས་སྤྱོད་ངན་དེ་ལ་ཁྲིམས་འཆའ་བ་སོགས་ཀྱིས་དགག་དགོས་པར་ཐམས་ཅད་ལ་གྲགས་བཞིན་པ་འདི་ཁས་ལེན་དགོས་པའི་ཕྱིར། བསྟན་ཆོས་ལས། ལས་དགེ་སྡིག་བསགས་པ་ལས་རྣམ་སྨིན་བདེ་སྡུག་མྱོང་བར་བཤད་པ་ལ་ཡིད་མི་ཆེས་ཁས་མི་ལེན་ཟེར་མོད་ཀྱང་། དོན་ཁས་བླངས་ཚར་ནས་མིང་ཁས་མ་བླངས་པ་ཙམ་དུ་ཟད་པས་མིང་དོན་ངོ་འཕྲོད་པར་གྱིས་ཤིགཡང་ཁོ་ན་རེ། བྱ་བ་བཟང་ངན་ལ། ལས་བཟང་ངན་གྱི་ཐ་སྙད་བཏགས་པ་ཡིན་དུ་ཆུག་ཀྱང་། ཚེ་འདིར་གསོད་རྐུ་རྫུན་ཕྲ་མ་གནོད་སེམས་སོགས་མི་བྱེད་པའི་བྱ་བ་བཟང་བོའམ། ལས་བཟང་བོ་བྱས་ན། ཚེ་འདིར་འབྲས་བུ་བཟང་བོ་འབྱུང་བས་ཡ་རབས་ཀྱི་ལུགས་སྲོལ་དེ་བསྐྱང་དགོས་ལ། ཚེ་འདིར་གསོད་རྐུ་རྫུན་ཕྲ་མ་གནོད་སེམས་སོགས་བྱ་བ་ངན་པའམ། ལས་ངན་པ་བྱས་ན། ཚེ་འདིར་འབྲས་བུ་ངན་པ་འབྱུང་བའི་རྒྱུ་མཚན་གྱིས། སྤྱོད་ངན་དེ་འདྲ་ལ་ཁྲིམས་འཆའ་བ་སོགས་ཀྱིས་སྤྱོད་ངན་དེ་འགོག་ཅི་ཐུབ་བྱས་པ་ཡིན་གྱི། ཚེ་འདིར་ལས་དགེ་སྡིག་བྱས་པས། ཚེ་ཕྱི་མར་རྣམ་སྨིན་བདེ་སྡུག་མྱོང་བར་བསྟན་ཆོས་ལས་བཤད་ཅེས་ཁྱེད་ཅག་ཁས་ལེན་པ་ནི། ཆོས་ལ་དད་པ་ཙམ་དུ་ཟད་ཀྱི། སྒྲུབ་བྱེད་ཅི་ཡང་མེད་པས་སོ་ཞེས་ཆོས་སུན་འབྱིན་པར་བྱེད་དོ།།དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྔར་སྒྲུབ་བྱེད་བཀོད་ཟིན་པ་ལྟར་ཁྱོད་ཀྱིས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་ཐབས་མེད་བྱུང་ནས་ཁས་བླངས། ལས་དགེ་སྡིག་ལས། རྣམ་སྨིན་གྱི་འབྲས་བུ་བདེ་སྡུག་འབྱུང་བའང་ཁས་མི་ལེན་ཐབས་མེད་བྱུང་ནས་ཁས་བླངས་ཟིན་པའི་ཕྱིར། སྐྱེ་བ་སྔ་མར་བསགས་པའི་ལས་དགེ་སྡུག་ལས། སྐྱེ་བ་ཕྱི་མར་རྣམ་སྨིན་བདེ་སྡུག་མྱོང་བ་ཡོད་པར་ཁས་ལེན་དགོས་ཏེ། སྔར་སྒྲུབ་བྱེད་བཀོད་པ་ལྟར་སྐྱེ་བ་སྔ་ཕྱི་ཡོད་པ་དང་ལས་དགེ་སྡིག་གཉིས། རྣམ་སྨིན་བདེ་སྡུག་སོ་སོའི་རྒྱུར་ཁས་བླངས་ཟིན་པ་གང་ཞིགསྐྱེ་བ་སྔ་མར་བསགས་པའི་ལས་དགེ་སྡིག་འགའ་ཞིག སྐྱེ་བ་སྔ་མར་རྐྱེན་དང་ཕྲད་ནས་སྐྱེ་བ་སྔ་མར་བདེ་སྡུག་མྱོང་ཟིན་པ་ཡང་ཡོད། སྐྱེ་བ་སྔ་མར་བསགས་པའི་ལས་དགེ་སྡིག་འགའ་ཞིག་སྐྱེ་བ་ཕྱི་མར་རྐྱེན་དང་ཕྲད་ནས་རྣམ་སྨིན་བདེ་སྡུག་མྱོང་བར་འགྱུར་བ་ཡང་ཡོད། སྐྱེ་བ་སྔ་མར་བསགས་པའི་ལས་དགེ་སྡུག་འགའ་ཞིགཚེ་རབས་མང་བོའི་རྗེས་སུ་རྐྱེན་དང་ཕྲད་ནས་། ཚེ་རབས་མང་བོའི་རྗེས་སུ་རྣམ་སྨིན་བདེ་སྡུག་མྱོང་བར་འགྱུར་བ་ཡང་ཡོད་པའི་ཕྱིར། དཔེར་ན། ལོ་སྔ་མའི་སྨན་དང་དུག་གི་ས་བོན་སྐམ་པོ་འགའ་ཞིག ལོ་སྔ་མར་ས་བརླན་སོགས་ཀྱི་རྐྱེན་དང་ཕྲད་ནས་ལོ་སྔ་མར་རང་རང་གི་མྱུ་གུ་འབྱིན་པ་ཡང་ཡོད། ལོ་སྔ་མའི་སྨན་དང་དུག་གི་ས་བོན་སྐམ་པོ་འགའ་ཞིག་ལོ་རྗེས་མར་ས་བརླན་སོགས་ཀྱི་རྐྱེན་དང་ཕྲད་ནས་ལོ་རྗེས་མར་རང་རང་གི་མྱུ་གུ་འབྱིན་པ་ཡང་ཡོད། ལོ་སྔ་མའི་ས་བོན་སྐམ་པོ་འགའ་ཞིག ལོ་མང་བོའི་རྗེས་སུ་ས་བརླན་སོགས་ཀྱི་རྐྱེན་དང་ཕྲད་ནས། ལོ་མང་བོའི་རྗེས་སུ་རང་རང་གི་མྱུ་གུ་འབྱིན་པ་ཡང་མངོན་སུམ་དུ་མཐོང་བའི་ཕྱིར། ཁྱབ་སྟེ། དཔེ་དོན་གྱི་རྒྱུ་སོ་སོ། རང་རང་གི་འབྲས་བུ་སོ་སོའི་ཐུན་མོང་མ་ཡིན་པའི་རྒྱུར་ཁས་བླངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱུ་དགེ་བའི་ལས་བསགས་པ་ལས། རྣམ་སྨིན་སྡུག་བསྔལ་མྱོང་རྒྱུ་ཡོད་ལ། མི་དགེ་བའི་ལས་བསགས་པ་ལས་ཀྱང་རྣམ་སྨིན་བདེ་བ་མྱོང་རྒྱུ་ཡོད་དེ། དགེ་བ་བྱེད་བྱེད་པའི་མི་འགའ་ཞིག་གིས། སྡུག་བསྔལ་མང་བོ་མྱོང་བ་མངོན་སུམ་དུ་མཐོང་ལ། མི་དགེ་བ་བྱེད་བྱེད་པའི་མི་འགའ་ཞིག་གིས་བདེ་སྐྱིད་མང་བོ་མྱོང་བ་ཡང་ཀུན་གྱིས་མངོན་སུམ་དུ་མཐོང་བའི་ཕྱིར། དེེས་ན་དགེ་བའི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་འབྱུང་མི་སྲིད་ཟེར་བ་དང་། མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་བདེ་བ་འབྱུང་མི་སྲིད་ཅེས་བསྟན་ཆོས་ལས་བཤད་པ་འདི་མི་འཐད་པ་ཁོ་ན་ཡིན་ནོ་ཞེས་ཆོས་སུན་འབྱིན་པར་བྱེད་དོ།།དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྨན་གྱི་ས་བོན་བཏབ་པ་ལས་དུག་གི་ལོ་མ་དང་མྱུ་གུ་འབྱུང་མི་སྲིད་པ་དང་། དུག་གི་ས་བོན་བཏབ་པ་ལས། སྨན་གྱི་ལོ་མ་དང་མྱུ་གུ་འབྱུང་མི་སྲིད་དོ་ཞེས་ཐམས་ཅད་ཀྱིས་སྨྲ་བ་དེ་གཏན་ནས་མི་འཐད་པ་ཁོ་ན་ཡིན་པར་ཐལ། སྨན་གྱི་ས་བོན་ཞིང་ནང་དུ་བཏབ་པ་ལས། ཞིང་ནང་དེར་དུག་གི་ལོ་མ་མང་བོ་སྐྱེས་པ་མངོན་སུམ་དུ་མཐོང་ལ། དུག་གི་ས་བོན་ཞིང་ནང་དུ་བཏབ་པ་ལས། ཞིང་ནང་དེར་སྨན་གྱི་ལོ་མ་མང་བོ་སྐྱེས་པ་ཡང་མངོན་སུམ་དུ་མཐོང་བའི་ཕྱིར། ཞེས་སྨྲས་ན་ལན་ཅི་ཡོད། དེ་ལ་ཁོ་ན་རེ། དེ་ལྟར་མངོན་སུམ་དུ་མཐོང་ཡང་། སྨན་གྱི་ས་བོན་ལས་དུག་གི་ལོ་མ་འབྱུང་བ་དང་། དུག་གི་ས་བོན་ལས་སྨན་གྱི་ལོ་མ་འབྱུང་བར་ཁས་ལེན་མི་དགོས་ཏེ། སྨན་གྱི་ཞིང་ནང་གི་དུག་གི་ལོ་མ་དེ། དུག་གི་ས་བོན་ལས་བྱུང་བ་ཡིན་གྱི། སྨན་གྱི་ས་བོན་ལས་བྱུང་བ་མ་ཡིན་ལ། དུག་གི་ཞིང་ནང་གི་སྨན་གྱི་ལོ་མ་དེ་ཡང་། སྨན་གྱི་ས་བོན་ལས་བྱུང་བ་ཡིན་གྱི། དུག་གི་ས་བོན་ལས་བྱུང་བ་མ་ཡིན་པའི་ཕྱིར་ཟེར་ན། འོ་ན་ཁོ་བོ་ཅག་ལ་ཡང་མཚུངས་ཏེ། དགེ་བ་བྱེད་བྱེད་པའི་མི་འགའ་ཞིག་གིས་སྡུག་བསྔལ་མྱོང་བ་དང་། མི་དགེ་བ་བྱེད་བྱེད་པའི་མི་འགའ་ཞིག་གིས་བདེ་སྐྱིད་མྱོང་བ་མངོན་སུམ་དུ་མཐོང་ཡང། དགེ་བའི་ལས་བསགས་པ་ལས། རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་རྒྱུ་ཡོད་པ་དང་། མི་དགེ་བའི་ལས་བསགས་པ་ལས། རྣམ་སྨིན་གྱི་འབྲས་བུ་བདེ་སྐྱིད་མྱོང་རྒྱུ་ཡོད་པར་ཁས་ལེན་མི་དགོས་ཏེ། དགེ་བ་བྱེད་བྱེད་པའི་མི་འགའ་ཞིག་གིས་སྡུག་བསྔལ་མྱོང་བ་དེ་སྔོན་བསགས་པའི་མི་དགེ་བའི་ལས་ཀྱི་རྣམ་སྨིན་ཡིན་གྱི། དགེ་བའི་ལས་ཀྱི་རྣམ་སྨིན་མ་ཡིན་ལ། མི་དགེ་བ་བྱེད་བྱེད་པའི་མི་འགའ་ཞིག་གིས་བདེ་སྐྱིད་མྱོང་བ་དེ་ཡང་། སྔོན་དགེ་བའི་ལས་བསགས་པ་ལས་བྱུང་བ་ཡིན་གྱི། མི་དགེ་བའི་ལས་བསགས་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད།

    ཡང་ཁ་ཅིག་ན་རེ། མི་སྡིག་ཅན་ཤི་ནས་མི་དགེ་བའི་ལས་དབང་གིས་དམྱལ་བ་དུད་འགྲོ་སོགས་སུ་སྐྱེ་ཟེར་བ་གཏན་ནས་མི་འཐད་དེ། ཤི་ནས་སྐྱེ་བ་ཕྱི་མར་སྐྱེ་རྒྱུ་ཡོད་མེད་ཀྱང་མི་ཤེས་ལ། ཕྱི་མར་སྐྱེ་རྒྱུ་ཡོད་དུ་ཆུག་ཀྱང་། མི་ཤི་ནས་མི་ཁོ་ནར་སྐྱེ་ལ། དུད་འགྲོ་ཤི་ནས་དུད་འགྲོ་ཁོ་ནར་སྐྱེ་དགོས་ཀྱི་ཕན་ཚུན་འཆོལ་ནས་སྐྱེ་མི་སྲིད་དེ། སྲན་མ་ལས་སྲན་མའི་མྱུ་གུ་ཁོ་ན་འབྱིན་ལ། གྲོ་ནས་སོགས་ལས་ཀྱང་རང་རང་གི་མྱུ་གུ་ཁོ་ན་འབྱིན་དགོས་ཀྱི་གཞན་གྱི་མྱུ་གུ་འབྱིན་མི་སྲིད་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་སྨྲ་ཞིང་ཆོས་སུན་འབྱིན་པར་བྱེད་དོ།། དེ་ལ་འདི་འདྲི་བར་བྱ་སྟེ། གསེར་དངུལ་གཡུ་བྱུར་དང་། གྲི་དང་ཐུར་མ་ཁེམ་བུ་སོགས་ཐང་དུ་བོར་བ་དེ། རི་དྭགས་ཕལ་ཆེར་གྱིས་རང་ལ་མཁོ་སྙམ་ནས་མི་འཁྱེར་ལ། བྱ་རོག་དང་འུག་པ་དང་ཙི་ཙི་སོགས་འགའ་ཞིག་གིས་རང་ལ་མཁོ་སྙམ་ཏུ་རང་རང་གི་ཚང་ནང་དུ་ཁྱེར་ནས་བཞག་པ་མངོན་སུམ་དུ་མཐོང་བ་གཏན་ནས་མི་འཐད་པར་ཐལ། རང་ཚེ་སྔ་མར་མིར་སྐྱེས་པའི་དུས་སུ་མིའི་རྫས་དེ་རྣམས་རང་ལ་མཁོ་སྙམ་པའི་འདུ་ཤེས་ད་ལྟ་ཡང་མ་བརྗེད་པའི་རྒྱུ་མཚན་གྱིས་དུད་འགྲོ་དེ་དག་གིས། རྫས་དེ་དག་རང་ལ་མཁོ་སྙམ་ནས་ཚང་ནང་དུ་ཁྱེར་འོང་བ་མ་ཡིན་པ་གང་ཞིགདུད་འགྲོའི་རྟེན་ལ་རྫས་དེ་དག་གིས་ཕན་པ་གང་ཡང་མེད་པའི་ཕྱིར། རྟགས་དང་བོ་ཁས། ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་། སྤྲེའུ་ཕལ་ཆེར་གྱིས་མདུན་དུ་ཆུ་ཚོད་བཞག་ཀྱང་མི་འཁྱེར་ལ། སྤྲེའུ་འགའ་ཞིག་གིས། ལྟ་སྐོར་བའི་ལག་གི་དུས་ཚོད། མིག་ཤེལ། རྒྱང་ཤེལ། སྨྱུ་གུ་སོགས་འཕྲོག་འགྲོ་བ་མངོན་སུམ་དུ་མཐོང་བ་འདི་གཏན་ནས་མི་འཐད་པར་ཐལ། རང་མིར་སྐྱེས་དུས་སུ་མིའི་རྫས་དེ་དག་རང་ལ་མཁོ་སྙམ་པའི་འདུ་ཤེས་ད་ལྟ་ཡང་མ་བརྗེད་པའི་རྒྱུ་མཚན་གྱིས་མ་ཡིན་པ་གང་ཞིགསྤྲེའུའིརྟེན་ལ་རྫས་དེ་དག་གིས་ཕན་པ་གང་ཡང་སྒྲུབ་མི་ནུས་པའི་ཕྱིར། རྟགས་དང་བོ་ཁས། ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་། ཁྱིམ་བདག་གིས་ཁྱིམ་གྱི་ར་བར་གསེར་ས་འོག་ཏུ་སྦས་ནས་ཤི་བས། ཁྱིམ་མི་རྣམས་ཀྱིས་གསེར་ཡོད་ས་མ་ཤེས་པའི་སྐབས་དེར། ཕྱིས་སུ་ཁྱིམ་དེར་སྐྱེས་པའི་བ་གླང་ཞིག་གིས། ལན་མང་བོར་གསེར་སྦས་ཡོད་པའི་སྟེང་གི་ས་རྨིག་པས་དྲལ་ནས། འདིའི་འོག་ཏུ་ལེན་རྒྱུ་ཞིག་ཡོད་པའི་བརྡ་ཡང་ཡང་བསྟན་པའི་རྐྱེན་གྱིས། ཁྱིམ་མི་རྣམས་ཐེ་ཚོམ་སྐྱེས་ནས་ས་བརྐོས་པས། ཁྱིམ་བདག་གིས་གསེར་སྦས་པ་ལག་ཏུ་ཐོབ་པར། རྒྱ་བོད་ལོ་རྒྱུས་ཀྱི་ཡིག་ཆ་མང་བོ་ལས་བཤད་པ་གཏན་ནས་མི་འཐད་པར་ཐལ། བ་གླང་དེས་རང་ཁྱིམ་བདག་ཏུ་སྐྱེས་དུས་གསེར་སྦས་པ་མ་བརྗེད་པའི་རྒྱུ་མཚན་གྱིས། དེར་གསེར་ཡོད་པ་ཤེས་པ་མིན་པ་གང་ཞིག བ་གླང་ལ་གཞན་གྱི་བྱ་བ་དྲན་པའི་མངོན་ཤེས་མེད་པའི་ཕྱིར། རྟགས་དང་བོ་ཁས། ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་། སྤྲ་དང་སྤྲེའུ་སོགས་དུད་འགྲོ་སྣ་ཚོགས་ལས་མི་རིགས་གསར་བྱུང་དེ་རྣམས་སྐྱེ་བ་སྔ་མ་མེད་པའི་མི་ཡིན་ན། སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་སྔར་བཤད་པ་རྣམས་དང་འགལ་ལ། སྐྱེ་བ་སྔ་མའི་མི་ཞིག་ཤི་ནས་ཚེ་འདིར་སྤྲེའུ་རིགས་ཀྱི་མིར་སྐྱེས་པ་ཡིན་ན། མི་དུད་འགྲོའི་བུར་སྐྱེ་རྒྱུ་ཡོད་པར་ཁས་ལེན་དགོས་པ་དང་། སྐྱེ་བ་སྔ་མའི་དུད་འགྲོ་ཞིག ཚེ་འདིར་མིར་སྐྱེས་པ་ཡིན་ན། དུད་འགྲོ་མིར་སྐྱེ་རྒྱུ་ཡོད་པར་ཁས་ལེན་དགོས་པས། ཁྱོད་རང་གིས་ནས་སྲན་སོགས་དང་དཔེ་དོན་སྦྱར་ནས་བཤད་པའི་ཁས་ལེན་དེ་འདོར་དགོས་སོ།།ཞེས་བརྗོད་ན་ལན་ཅི་ཡོད། དོན་འདི་ནི་མདོ་སྡེ་ལས་བརྒྱ་བ་དང་། རྟོགས་བརྗོད་བརྒྱ་བ་དང་། མདོ་མཛངས་བླུན་སོགས་བཀའ་བསྟན་ཆོས་མཐའ་དག་གི་དགོངས་པ་སྟེ། ཕལ་སྐད་ཀྱི་སྟེང་ནས་གོ་སླ་བར་བྱས་པ་ཡིན་ནོ།།ཞེས་བརྗོད་པར་བྱའོ།། དེ་ལྟར་གསོད་རྐུ་རྫུན་ཕྲ་མ་གནོད་སེམས་སོགས་ནི། འདི་ཕྱི་ཀུན་གྱི་སྡུག་བསྔལ་གྱི་སྣ་འདྲེན་ཡིན་ཕྱིར། ཀུན་གྱིས་འགོག་ཅི་ཐུབ་བྱེད་དགོས་པར་བསྟན་ཆོས་ལས་གསུངས་ལ། གསོད་རྐུ་རྫུན་ཕྲ་མ་གནོད་སེམས་སོགས་མི་བྱེད་པ་ནི། འདི་ཕྱིའི་བདེ་སྐྱིད་ཀུན་ཀྱི་རྩ་བ་ཡིན་ཕྱིར་ཀུན་གྱིས་སྒྲུབ་ཅི་ཐུབ་བྱེད་དགོས་པར་ཡང་གསུངས་སོ།།འཇིག་རྟེན་ན་ཡང་གསོད་རྐུ་སོགས་ལ་འབྲས་བུ་ངན་པ་ལས་མེད་ཕྱིར། མ་རབས་ཀྱི་སྤྱོད་ངན་ཞེས་དམའ་འབེབས་ཤིང་ཁྲིམས་འཆའ་བ་སོགས་བྱེད་ལ། གསོད་རྐུ་རྫུན་ཕྲ་མ་སོགས་མི་བྱེད་པ་འབྲས་བུ་བཟང་ཕྱིར། ཡ་རབས་ཀྱི་སྤྱོད་བཟང་ཞེས་བསྔགས་རྗོད་བྱེད་ཅིང་། ཡ་རབས་ཀྱི་ལུགས་སྲོལ་དེ་སྐྱོང་ཅི་ཐུབ་བྱེད་དགོས་པར་འཇིག་རྟེན་ན་ཡང་གྲགས་ཤིང་གྲུབ་པ་ཡིན་ནོ།།དེ་ལྟར་ན་ལས་དགེ་སྡིག་ལས། འབྲས་བུ་བདེ་སྡུག་འབྱུང་ཚུལ་དང་། འབྲས་བུ་བཟང་ངན་འབྱུང་ཚུལ་འདི་ལ། ཆོས་དང་འཇིག་རྟེན་སྤྱི་སྐད་གཉིས་མིང་ཙམ་མ་གཏོགས་དོན་སྟེང་ནས་མཐུན་པར་བསྒྲུབས་ཟིན་པའི་ཕྱིར། འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་སྐྱོང་མཁན་དང་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁྲིམས་བཙུགས་ཡོད་སར། ཆོས་སུན་འབྱིན་པ་ཀུན་མི་རིགས་པའི་ལམ་དུ་སོང་བར་ཤེས་པར་བྱ་ཞིང་། དེ་རྣམས་ཡང་དག་པའི་ལམ་བཟང་དུ་བཀྲི་ཐབས་ལ་ཀུན་གྱིས་བརྩོན་པར་གྱིས་ཤིགཆོས་སུན་འབྱིན་པའི་ལོག་རྟོག་རྒྱས་པར་འགོག་ཚུལ། མདོ་སྡེ་ལང་གཤེགས། ཚངས་པའི་དྲ་བའི་མདོ་སོགས་རྒྱལ་བའི་བཀའ་མང་བོ་དང། རིགས་ཚོགས། ས་སྡེ། དུས་འཁོར་རྒྱུད་འགྲེལ། དབུ་མ་རྒྱན། དབུ་མ་སྙིང་བོ་རྩ་འགྲེལ། འཇུག་པ་རྩ་འགྲེལ། སྡེ་བདུན། ཚད་ཆེན་རྩ་འགྲེལ་སོགས་བཀའི་དགོངས་འགྲེལ་གྱི་བསྟན་ཆོས་མང་བོ་དང་། རྗེ་ཡབ་སྲས་རྗེས་འབྲང་དང་བཅས་པའི་ཡིག་ཆ་རྣམས་སུ་རིགས་ལམ་གྱི་འཕྲུལ། ངོ་མཚར་བ་མཐའ་ཡས་པའི་ལྟད་མོ་བསྟན་ཡོད་པས། ལྟད་མོ་བལྟ་འདོད་ན་གཞུང་དེ་རྣམས་སུ་བལྟ་དགོས་ཀྱི། འདིར་ནི་མཛུབ་མོས་ཕྱོགས་སྟོན་གྱི་དཔེ་ལྟར། མཚོན་བྱེད་ཟུར་ཙམ་མོ།།

    འདིར་སྨྲས་པ། བཀའ་དང་དགོངས་འགྲེལ་ལྷ་ལམ་ཡངས་པ་ན།།རིགས་ལམ་ཉི་ཟླ་སྐར་ཚོགས་གྲངས་མེད་ཀྱི།། ངོ་མཚར་ལྟད་མོ་འདོད་ན་ད་ལྟོས་ཞེས།། འཕྲིན་ཡིག་སོར་མོ་འདི་ཡིས་ནམ་མཁའ་བསྟན།།བདག་ནི་ཐོས་ཉུང་བློ་གྲོས་མི་གསལ་ཡང་།། མཁས་གྲུབ་ལྷ་དབང་མང་བོས་རྗེས་བཟུང་ཞིང་།། བདུད་རྩིའི་བགོ་སྐལ་ཅུང་ཟད་ཐོབ་པའི་ཕྱིར།།སྐལ་མཉམ་གཞན་ལ་ཕན་ཕྱིར་ཅུང་ཟད་བྲིས།། ལོག་པའི་ཡིད་བྱེད་སྨུག་ཚེར་ར་བའི་ནང་།། ལོག་ལྟའི་དུག་སྡོང་སྨིན་པའི་སྐྱེད་ཚལ་དུ།།ལོག་པར་ལྟུང་བའི་གཡང་སར་རྒྱུག་པ་རྣམས།། ལོག་ལམ་གསལ་བའི་མིག་དང་ལྡན་པར་ཤོག། ལེགས་ཉེས་འབྱེད་པའི་བློ་ཡི་མིག་ཕྱེ་ཤིང་།།བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།། ལེགས་པར་རྟོགས་ནས་བསྟན་དང་སྟོན་པ་ལ།། ཡིད་ཆེས་རྙེད་པས་ཕྱོགས་ཀུན་ཁྱབ་གྱུར་ཅིག།བསྟན་ལ་རིམ་པ་བཞིན་དུ་མ་བསླབས་ན།། ཡང་ཐོག་ལྷ་ཡི་གདན་ལ་སྤྱོད་འདོད་མོད།། བགྲོད་ལམ་ཐེམ་པ་སྤངས་ནས་བལྟས་ཙམ་གྱིས།།ལྷ་ཡི་བདེ་སྐྱིད་ཕུན་ཚོགས་ཐོབ་ཡོང་ངམ།། ས་ཆེན་འདི་ན་བསྟན་པའི་པད་ཚལ་གྱིས།། མཛེས་པ་བསྐྱེད་འདོད་རིས་མེད་མཁས་པའི་ཚོགས།།ཆོས་ལ་རྒོལ་བའི་ཚ་ཐན་འགོག་པའི་ཕྱིར།། ལུང་རིགས་ཆོས་ཀྱི་ཆར་བ་མང་དུ་ཕོབས།།

རྩོམ་ཡིག་མཁོ་སྤྲོད་པ། གྱི་ལིང་འཇིགས་མེད།
 
རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522127
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།