​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གཅིག་པར་ཕུལ་བའི་མཐར་ཕྱིན་སློབ་མའི་ཤིས་ཚིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གཅིག
​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གཅིག་པར་ཕུལ་བའི་མཐར་ཕྱིན་སློབ་མའི་ཤིས་ཚིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-12-15ལྟ་ཀློག (8435)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གཅིག་པར་ཕུལ་བའི་མཐར་ཕྱིན་སློབ་མའི་ཤིས་ཚིག

འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

སྙན་པ་ས་སྟེང་འཕུར་བའི་ཁྱད་འཕགས་གླིང་།།
གཙུག་ལག་རིན་ཆེན་གསེར་གྱི་ཕོ་བྲང་ཆེ།།
དམ་པའི་གཟི་བྱིན་འོད་དཀར་འཛུམ་པ་ཅན།།
མ་ཡུམ་སློབ་གླིང་མངའ་ཐང་རྒྱས་གྱུར་ཅིག།
ཅེས་བན་ཤུལ་འཁྱམ་བསེ་རུས།

འཁྲུངས་སྐར་ཉེར་གཅིག་པར་ཕུལ་བ།

གངས་ཅན་ཁྱད་ལྡན་བསླབ་བྱ་རྣམས།།
མ་ཉམས་རང་མདངས་གསལ་མཛད་པ།།
རབ་དཀར་གངས་ལྟར་ལྷག་བསམ་ཅན།།
རྒྱལ་མཚན་མཚན་ཅན་འགྲན་ཟླ་བྲལ།།
ཞེས་གཟི་མིག་གསུམ་པས་༢༠༡༥ལོར་ཕུལ།

གངས་དཀར་སཱ་ལའི་སྨན་ལྗོངས་འདིར།།

གྲགས་སྙན་གཡུ་འབྲུག་ཟོལ་འཛིན་པ།།

མ་ཡུམ་གང་གི་དགྱེས་པའི་ཞལ།།
འཛུམ་པའི་པདྨོ་གླིང་བཞིའི་རྒྱན།།

གསར་རྙིང་ཤེས་རིག་ནོར་བུའི་དཔྱ།།
བྱུར་བུར་གཏམས་པའི་སློབ་གླིང་ཆེ།།
དགེ་ལེགས་འདོད་དགུའི་མ་མ་ཞེས།།
གྲགས་པ་ལྷ་ཡི་བུ་མོས་སྒྲོག།

རལ་གྲིའི་འཁྲི་ཤིང་འཛིན་པ་དེས།།
ཁྱོད་ལ་དགྱེས་པའི་སྤྱན་གྱིས་གཟིགས།།
སྲིད་གསུམ་ཤིས་པ་ཀུན་བསྡུས་ནས།།

ཁྱོད་ལ་སྩོལ་བའི་ཉེར་བསྡོགས་རྩོམ།། 

གྱི་ལིང་འཇིགས་མེད་ཀྱིས།

     མི་ལོ་ཉེར་གཅིག་ནི་སྙིགས་དུས་ཀྱི་མི་ཞིག་ལ་མཚོན་པ་ཡིན་ན། ཚེ་ཚད་ཀྱི་སུམ་ཆའི་གཅིག་གམ་བཞི་ཆའི་གཅིག་ཟིན་པ་ལགས་ལ། འདི་འདྲའི་དུས་ཡུན་རིང་མོ་ཞིག་ཏུ་རང་གི་ལང་ཚོ་ཕངས་པ་མེད་པར་མི་རིགས་ཤིག་གམ་འགྲོ་བ་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། སློབ་གསོ་གོང་སྤེལ་གྱི་ཆེད་དུ་བློས་གཏོང་བ་ནི་མིའི་རིགས་ཀྱི་དཔའ་བོ་དང་། སླད་མར་ལོ་རྒྱུས་དེབ་ཐེར་དུ་འགོད་ངེས་པ་ནི་རྩོད་མེད་ཀྱི་དོན་ཞིག་ལགས། འདིར་ཁོ་བོས་དཔའ་བོ་འདི་དག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་ཕྱོགས་སུ་རྒྱས་པའི་སྨོན་འདུན་ཞུ། མ་ཡུམ་སློབ་གླིང་གི་འཁྲུངས་སྟོན་ལ་རྟེན་འབྲེལ་ཞུ། 

ཞེས་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་ཁྲི་གླིང་པད་མ་ཡང་གསང་གིས་ལྷ་ལྡན་ཆོས་ཀྱི་གྲོང་ཁྱེར་ནས།  

                    ཤིས་ཚིག

འཇམ་དབྱངས་མི་ཡི་རྣམ་རོལ་སམ་བྷོ་ཊའི།།

མཐའ་དག་ཐུགས་བཞེད་སྐྱོང་ལ་མི་ངལ་བ།།

དགེ་སློབ་འབུམ་གྱི་བསྟི་གནས་ཤེས་རིག་གླིང་།།
དར་ཞིང་རྒྱས་པར་མཆོག་གསུམ་ཤིས་པ་སྩོལ།།

གསར་རྙིང་ལྟ་བའི་གུད་དུ་མ་ལྷུང་ཞིང་།།
ཡང་དག་དབུ་མའི་ལམ་ལ་སྙེག་པ་ཡི།།
ཀུན་ཕན་མཛད་འཕྲིན་ཡར་ངོའི་ཟླ་བ་བཞིན།།
གོང་དུ་འཕེལ་བར་དཀར་ཕྱོགས་ཡོངས་ཀྱིས་སྐྱོངས།།

དགེ་སློབ་བརྒྱ་སྟོང་མང་བོས་ལོ་ནས་ལོར།།
ལྟོ་གོས་ངན་ངོན་འཚོ་བ་ལ་བརྟེན་ནས།།
དབུ་ནག་བོད་པ་ཚང་གི་སྤྱི་ཆོས་ལ།།
བརྩོན་པའི་རྣམ་དཀར་དགེ་བར་གེགས་མེད་ཤོག།
ཅེས་ཁ་བ་གངས་ཅན་པའི་རྨོངས་མུན་སེལ་བའི་སྒྲོན་མེ་ལྟ་བུའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་མི་ཡུལ་འདིར་བལྟམས་ནས་བགྲ་བྱ་ཉེར་གཅིག་ལོན་པར་རྟེན་འབྲེལ་ཞུ་ཆེད་སློབ་གླིང་དེ་གའི་སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་ས་སྒང་འཇམ་དབྱངས་མཁྱེན་རབ་ཏུ་འབོད་པས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ནས་དགའ་གུས་མཚོན་བྱེད་དུ་ཕུལ་བ་དགེ། ༢༠༡༥/༡༢/༡༥  ཉིན །
བདག་གི་དབྱངས་གསལ་ནབ་པའི་ཡུམ་ཆེན་ཁྱོད།།

གནམ་སའི་མཚམས་སུ་བྱོན་པའི་མར་མེ་ཡིན།།
ཉི་ཟླ་ཏོག་ཏུ་འཆིང་བའི་རྒྱ་ཕིབས་ཡིན།།

སེང་གེའི་ང་རོ་སྒྲོག་པའི་སྲོང་བཙན་ཡིན།།

ཞི་བས། 

ཉི་མའི་དྲོད་འདི་ཁྱོད་ཀྱི་ཐུགས་བརྩེ་ཨེ་ཡིན།།
ཟླ་འོད་དཀར་པོ་ཉིད་ཀྱི་གཟི་བྱིནཨེ་ཡིན།།
ཁ་བའི་འདབ་མ་ཁོང་གི་རྔུལ་ཆུ་ཨེ་ཡིན།།
གཙང་བོའི་བཞུར་རྒྱུན་ཁོང་གི་ངང་རྒྱུད་ཨེ་ཡིན།།
ཁོང་གི་གསུང་བཤད་ཀ་མད་སུམ་བཅུའི་གྲུབ་ཡོད།།
ཁོང་གི་ཞབས་རྗེས་འཛམ་པུ་གླིང་ལ་དཔར་ཡོད།།
འགྲོ་དྲུག་སེམས་ཅན་ཁོང་གི་ཐུགས་བརྩེས་གཟུགས་ཡོད།།
མུན་པའི་གླིང་འདིར་ཁོང་གི་འོད་ཀྱིས་སེལ་ཡོད།།འཇིགས་མེད་རྒྱལ་མཚན་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་མའི་གྲལ་མཐའ་བ་སྔོན་པོ་རུ་འབོད་རུ་ཁོང་གི་བཀའ་དྲིན་དྲན་པའི་མིག་ཆུ་འབྱིན་ཞོར་དུ་འབྲོག་ཁུལ་ཅིག་ནས་ཤར་མར་བྲིས 
                     མུན་གླིང་གི་འོད་ཕུང་།

༼༡༽

མུན་པ་ནག་པོ་དྲག་ཏུ་བབས་པའི་སྲོད་ཀྱི་དུས་ཚིགས་སྐྱ་བོ་དེར།།
ཁ་བའི་རྣམ་ཤེས་རླུང་གིས་བདས་པའི་དགུན་གྱི་མཚན་ནམ་རིང་མོ་དེར།།
འོད་ཀྱི་རྨི་ཐག་མཁའ་ནས་ཡལ་བའི་གོད་ཆག་ལྕི་མོའི་བར་གསེང་དེར།།
ཁྱོད་ཀྱིས་ཐོག་མའི་རེ་སྙེག་བསྣམས་ཏེ་རྒྱང་ལ་བཞུད་པའི་སྟ་གོན་བྱས།།
༼༢༽
ངལ་དུབ་ཆེ་བའི་འགྲུལ་བཞུད་རིང་མོ་ཕུགས་བསམ་རྒུམ་པའི་གོམས་སྟབས་ཡིན།།
ཞབས་རྗེས་འཚོལ་བའི་ཀྱག་ཀྱོག་ལམ་བུ་"གངས་དཀར་ཨ་མའི་བསླུ་བྲིད་"ཡིན།།
དབྱངས་ཀྱིས་བཏེགས་པའི་དཔའ་སྤོབས་རེ་རེ་མདུན་དུ་བསྐྱོད་པའི་ལམ་རྒྱགས་ཡིན།།
རྒྱང་ལ་གཏད་པའི་རེ་བའི་མིག་ཟུང་ལྷན་འཛོམས་ཤིག་གི་རྨི་ལམ་ཡིན།།
༼༣༽
ནར་སོན་ལོ་ཟླའི་བང་རིམ་ཁྲོད་ནས་ལང་ཚོའི་གཟི་དཔལ་རྒྱས་པར་ཤོག།།
ཕུགས་འདུན་རླབས་ཀྱི་ཕྲེང་བ་དཀར་པོ་ཡངས་པའི་མཁའ་རུ་འཕྱོ་བར་ཤོག།།
རླབས་ཆེན་བྱ་བའི་སྲོག་ཤིང་བརྟན་པོ་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག།།
ཚེ་བསོད་རླུང་རྟའི་དབང་ཐང་དར་ནས་ཁ་བ་ཅན་རྣམས་བདེ་བར་ཤོག།།
    ཅེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་གི་ཚུལ་དུ་སྐབས་གཉིས་པའི་མཐར་ཕྱིན་སློབ་མ་དབང་ཆེན་རྡོ་རྗེ་རུ་འབོད་པས་སྤྱི་ལོ་༢༠༡༥ ལོའི་ཟླ་༡༢ཚེས་༡༥ཉིན་འཕགས་ཡུལ་ཀཱ་ཤིའི་གྲོང་ནས་ཕུལ།  
   ཐོན་མིའི་ཤེས་རིག་ནོར་བུའི་གླིང་དུ་སྦྲུམ།།  

བོད་ཀྱི་དཔལ་འབྱོར་མཉམ་སྒྲུབ་སྡེ་ནས་བཞད།།  

དེང་གི་ཆབ་སྲིད་འཇིགས་མེད་ཐུགས་ན་འཛུམ།།    
ཆབ་དཔལ་རིག་གསུམ་རྒྱས་པའི་སྔ་ལྟོས་བཟང་།།    
ཕྱོགས་སུ་མ་ཆད་ཆོལ་གསུམ་ས་རུ་ཁྱབ།།  
གྲུབ་མཐའ་རེས་མེད་རབ་བྱུང་སྡེ་རྣམས་འཛོམས།།
ལོ་ནས་མ་བཀག་གཞོན་དར་སློབ་བུ་འདུ།།  
སློབ་གསོའི་ཁ་ཕྱོགས་གནད་དུ་འཁེལ་བ་ཡག།།  
དྲན་པའི་སེམས་ཀྱི་བརྩེ་བའི་མ་ཡུམ་ལ།།
སྐུ་དྲིན་མཚོན་ཕྱིར་སྒོ་གསུམ་གུས་པའི་ངང་།།
འཁྲུངས་སྐར་ཉེར་གཉིས་དགའ་བས་བསུ་བ་བཅས།།
དགེ་སློབ་ཡོངས་ཀྱི་ཡོད་ཚད་དགེ་གྱུར་ཅིག།  
ཅེས་སྐབས་བཞི་བའི་མཐར་ཕྱིན་སློབ་བུ་འཇམ་དབྱངས་བཀྲ་ཤིས་ཀྱིས་གུས་པས་ཕུལ།

མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་བསུ།                                     

གངས་ཅན་ཕན་བདེ་བསྒྲུབ་པའི་རོལ་མོ་རུ།།  

ཤེས་རིག་ནོར་བུའི་ཕྱྭ་གཡང་མགྲོན་དུ་བསུས།།            
གླིང་ལྔ་མཚོ་བཞིས་གྲུབ་པའི་ས་ཆེན་ཁྱོན།།        
ཁྱོད་ཀྱི་མཛད་འཕྲིན་འཁོར་ལོས་ཁྱབ་གྱུར་ཅིག།།                        
མ་ཡུམ་སློབ་གླིང་གི་འཁྲུངས་སྟོན་ལ་གཞི་ཆེན་སྤྲུལ་མིང་ཙམ་འཛིན་པ་གཙང་སྐྱེས་ཐུབ་བསྟན་ཡེ་ཤེས་ཀྱིས་གུས་པས་ཕུལ།

       འདས་པའི་བགྲང་བྱ་ཉེར་གཅིག

                          སྨན་དམིགས་བུས།
ལྷག་བསམ་འོ་མཚོ་གངས་ལ་ཕོག་པས་གངས་ཀྱི་གཟི་མདངས་འོད་དུ་འཚེར།།
ཤེས་རིག་བདུད་རྩིའི་བཅུད་ཀྱིས་གསོས་པའི་སློབ་བུ་སྟོང་ལ་བློ་གཤོག་བསྩལ།།
ཁྱེད་ཀྱི་སྐུ་དྲིན་སྨྲར་བསམ་བརྗོད་འདས་བདག་འདྲའི་བློ་ངོར་ཤོང་དཀའ་ཡང་།།
ཁྱེད་ཀྱི་ཁོར་ཡུག་མཛེས་པའི་རི་མོ་དྲན་པའི་སྨྱུག་རྩེར་འཁྱུད་པ་འདི།།
རེ་བའི་ཉི་ཟེར་མཁའ་ལ་འཕྲོས་ནས་དེ་རིང་བགྲང་བྱ་ཉེར་གཅིག་འཁོར།།
དགའ་བའི་ཐལ་མོ་སྙིང་ཀར་སྦྱར་ནས་ཁྱེད་ལ་བཀྲ་ཤིས་སྨོན་འདུན་ཞུ།།
            ༢༠༡༥ལོའི་༡༢ཚེས༡༥ཉིན།
          བཀྲ་ཤིས་དུང་གི་སྒྲ་དབྱངས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་མི་ཡུལ་དུ་འཁྲུངས་ནས་བགྲང་བྱ་ཉེར་གཅིག་འཁོར་བའི་དུས་སྟོན་ཆེན་མོར།

                                             རྔ་བ་དར་རྒྱས།
རབ་མཛེས་གསེར་ལྡན་བུ་མོའི་ཞལ་ཡངས་ལས། །
རབ་སྙན་གླུ་གར་དྲི་ཟའི་གདངས་དབྱངས་དང་། །
རབ་དཀར་ཆུ་སྐྱེས་གཞོན་ནུ་མཛེས་པའི་ཚལ། །
རབ་ཏུ་དགའ་བའི་དུས་སྟོན་འདི་ན་འཕྱུར། །

འཇིགས་མེད་མཁྱེན་བརྩེའི་ཐུགས་རྗེའི་ཆུ་གཏེར་ལས། །
ལེགས་འཁྲུངས་ལྔ་རིག་གཙུག་ལག་འདབ་བརྒྱའི་ཚལ། །
སྨིན་ལེགས་ཡོངས་འདུའི་ཟེའུ་འབྲུ་གསར་བའི་བཅུད། །
བསྔགས་འོས་པད་མའི་ཕྲེང་བ་འདི་ན་ངོམ། །

རིས་མེད་རིག་པའི་གཞུང་ལུགས་རྒྱ་མཚོ་རུ། །
དད་བརྩོན་གཡས་འཁྱིལ་སྐྱེ་བ་ལྔ་བའི་སྒྲ། །
སྙན་འཇེབས་ངག་གི་ལོངས་སྤྱོད་མ་ཉམས་པར། །

མ་ཡུམ་སློབ་གྲྭའི་དཔལ་ཡོན་འདི་ན་རྒྱས། །


ལྔ་རིག་སྤྲང་རྩི་འཁྱིལ་བའི་སློབ་གླིང་དུ། །

ཤེས་རིག་པད་དཀར་ཆུན་པོ་རབ་དགོད་པར། །
དཔྱོད་ལྡན་བུང་བའི་འདུ་འཚོགས་རྒྱས་པས་ན། །
བཀྲ་ཤིས་སྐྱ་རེངས་གསར་བ་འདི་ན་ཤར། །

མཚུངས་མེད་བཤེས་གཉེན་དམ་པ་གང་ཉིད་ཀྱི། །
ཐུགས་བསྐྱེད་ཉི་ཟླའི་ལང་ཚོ་འཁྱིལ་བའི་གླིང་། །
གདུལ་བྱའི་སྐར་ཚོགས་འབར་བའི་ལྷ་ལམ་དུ། །
མཛད་འཕྲིན་འོད་སྟོང་འཕྲོ་བ་ཉམས་མེད་ཤོག །

མཆོག་གསུམ་བསླུ་མེད་མཆོག་གི་བདེན་ཚིག་གིས། །
མཆོག་གྱུར་བྱིན་རླབས་མཆོག་ཐུན་དངོས་གྲུབ་འབུམ། །
མཆོག་ཏུ་བསྩལ་བའི་མཆོག་དམན་ཐམས་ཅད་ལ། །
མཆོག་གི་དགའ་སྟོན་མཆོག་ཏུ་རྒྱས་གྱུར་ཅིག །

གནམ་ལ་བཀྲ་ཤིས་ཉི་ཟླ་སྐར་གསུམ་འཛོམས། །
ས་ལ་བཀྲ་ཤིས་དགེ་སློབ་འཆད་ཉན་དར། །
ཡུལ་ལ་བཀྲ་ཤིས་ཚེ་བསོད་སྟོབས་འབྱོར་འཕེལ། །
ཕུན་ཚོགས་བཀྲ་ཤིས་རྒྱ་མཚོས་ཁྱབ་པར་སྨོན། །
                 ༢༠༡༥/༡༢/༡༥

  ཤིས་ཚིག་མཆོད་སྤྲིན་དཀར་པོ།

དྭངས་གཙང་སེམས་ཀྱི་ཤིས་སྨོན་དཀར་པོ་འདིས།།
ཁ་བའི་ལྗོངས་ན་གཟི་འོད་རབ་འབར་ཞིང་།།
མཚན་སྙན་འཛམ་གླིང་ཧྲིལ་བོར་ཡོངས་ཁྱབ་པའི།།
མ་ཡུམ་ཤེས་རིག་གླིང་གི་འཁྲུངས་སྟོན་བསུ།།

གྲྭ་རྐྱང་དཀྱུས་མ་ཞིག་གི་ལྷག་བསམ་དང་།།
རྔུལ་ཆུ་ཐིགས་པས་བསྐྲུན་པའི་སློབ་གླིང་འདི།།
འཇིག་རྟེན་མི་ཡི་ཡུལ་དུ་སྐུ་བལྟམས་ནས།།
བགྲང་བྱ་ཉེར་གཅིག་འཁོར་བའི་དགྱེས་སྟོན་བསུ།།

མདུན་སྐྱོད་འགག་འཕྲང་ཅི་ཙམ་དོག་ན་ཡང་།།
དཀའ་སྤྱད་ཐུགས་བློ་ནམ་ཡང་མ་ཕམ་པར།།
གངས་རིའི་ལྗོངས་སུ་འོད་ལྔའི་ལམ་བཏོད་པའི།།
འཇིགས་མེད་རིག་པའི་དཔའ་བོ་ཁྲི་ལོར་ཤོག།

སྐུ་ཡི་གཟི་བྱིན་ཉིན་བྱེད་དབང་བོར་འཛུམ།།
གསུང་གི་མན་ངག་ཟླ་འོད་ཟེགས་མར་འཇོ།།
ཐུགས་ཀྱི་མཁྱེན་པ་ནམ་མཁའི་མཐས་གཏུགས་པའི།
དྲིན་གཅིག་སློབ་དཔོན་རྣམ་པ་ཁྲི་ལོར་ཤོག།

སྤུན་ཟླ་སྟོང་གིས་འོད་སྣང་རྙེད་སའི་ཞིང་།།
གངས་ཕྲུག་ཁྲི་ཡིས་ཤེས་རིག་སྙེག་སའི་གླིང་།།
རྗེས་རབས་འབུམ་གྱིས་རིག་སྟོབས་འཕེལ་སའི་གཞི།།
གངས་ལྗོངས་ཤེས་རིག་སློབ་གླིང་ཁྲི་ལོར་ཤོག།
       ཅེས་སྐབས་ལྔ་བའི་མཐར་ཕྱིན་སློབ་བུ་ཁ་སྒང་གཡང་འབུམ་ཚེ་རིང་དུ་འབོད་པས་ནུབ་ཕྱོགས་ཧྥ་རན་སིའི་ཡུལ་ནས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཉེར་གཅིག་འཁོར་བའི་འཁྲུངས་སྐར་གྱི་དགའ་སྟོན་ལ་རྟེན་འབྲེལ་ཤིས་ཚིག་ཅིག་གི་དོད་དུ།   སྤྱི་ཟླ་ཚེས་བཟང་པོར།༢༠༡༥/༡༢/༡༥ གུས་པས་ཕུལ།
 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཉེར་གཅིག་འཁོར་བར་བྲིས་པ།
                   རྟ་ནག་སྐལ་བཟང་ལུང་རིགས།
ལུས་སེམས་ངལ་བ་ཨེ་བྱུང་སྲིད་པའི་སྒྲོན་མེ་སེར་བོ།།
ཐུགས་ལ་སྐྱོ་ངལ་བྱུང་ངམ་ཉི་མའི་ཤིང་རྟ་ཆེན་མོ།།
བཞུད་པའི་བགྲང་བྱ་ཉི་ཤུ་ཁྱེད་ཀྱི་ཐུགས་བསྐྱེད་ཡིན་ལ། །
འདས་པའི་ལོ་ངོ་ཉི་ཤུ་ཁྱེད་ཀྱི་དཀའ་སྡུག་ཡིན་པ། །

རྣམ་ཐར་གངས་ལ་བྲིས་ན་གངས་ལ་མདུད་པ་ཕོག་ཡོང་། །
ལོ་རྒྱུས་ཆུ་ལ་བཤད་ན་རྒྱ་མཚོའི་གཏིང་ལ་འདྲེས་ཡོང་།།
འདས་པའི་ལོ་ངོ་ཉི་ཤུས་གངས་རི་ཤུགས་ཀྱིས་བཏེགས་ཡོད། །
བཞུད་པའི་བགྲང་བྱ་ཉི་ཤུས་གསེར་མདོག་དེབ་ཐེར་བྲིས་ཡོད། །

རྟེན་འབྲེལ་གནམ་ལ་འགྲིག་ཡོད་ཉི་ཟླ་སྐར་གསུམ་ཤར་ཡོད། །
འཛོམས་གསུམ་ས་ལ་འཛོམས་ཡོད་དགེ་སློབ་འཛོམས་པ་ཡག་མོ། །
ཤེས་རིག་ནོར་བུའི་གླིང་ལ་ཉི་མ་ཟླ་བ་ཤར་ཤོག།
རིག་གནས་གསེར་གྱི་མར་ཁུ་ཤེས་རིག་གླིང་ལ་འཁྱིལ་ཤོག །
     མ་ཡུམ་སློབ་གླིང་གི་འཁྲུངས་སྟོན་ལ་རྟེན་འབྲེལ་ཞུ།

           མགར•མཐིང་འཇོམས།

༡. རང་ལོ་ཉེར་གཅིག་སོན་པའི་མ་ཡུམ་སློབ་གྲྭ།ཁྱེད་མ་འཁྲུངས་པའི་ཡར་སྔོན་དུ་གནས་དེ་ནི་བྲ་ཙིག་འཕྱི་གསུམ་གྱི་གཞིས་ཁྱིམ་ཡིན་ལ།རྡུལ་དམར་དང་བུ་ཡུག་གི་ཕ་ས་ཡིན། འོན་ཀྱང་།ཁྱེད་ཀྱི་ལྟེ་ཁྲག་གནས་དེར་འཕོས་པ་ནས་གནས་དེ་ནི་ཤེས་རིག་གི་གཤིན་ས་ཆེན་པོ་ཞིག་ཏུ་གྱུར་ཞིང་ལོ་ཆུང་གཞོན་སྐྱེས་རྣམས་ཀྱི་ཤེས་བྱའི་གཉོམ་ལག་རྒྱས་སའི་ཕ་ཁྱིམ་དུ་གྱུར།དེ་བས།ངས་ཁྱེད་ཀྱི་འཁྲུངས་སྟོན་ལ་རྟེན་འབྲེལ་ཞུ།
༢. རང་ལོ་ཉེར་གཅིག་སོན་པའི་མ་ཡུམ་སློབ་གྲྭ།མི་ལོ་ཉི་ཤུ་ལྷག་གི་ཀྱག་ཀྱོག་གི་བཞུད་ལམ་ཁྲོད། ཁྱེད་རང་འགྱེལ་ཞོར་ལང་ཞོར། དགོད་ཞོར་དང་ངུ་ཞོར། མི་རིགས་འདི་དང་རྒྱལ་ཁབ་འདི།ད་དུང་གཞོན་སྐྱེས་འདི་ཚོའི་ཆེད་དུ་ཁྱེད་ཀྱི་ཟུངས་ཁྲག་གི་རྒྱུ་བ་འགགས་མ་མྱོང་ལ།མདུན་སྐྱོད་ཀྱི་གོམ་སྟབས་ལྷོད་མ་མྱོང་།དེ་བས།ངས་ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རང་བྱེད།
༣. རང་ལོ་ཉེར་གཅིག་སོན་པའི་མ་ཡུམ་སློབ་གྲྭ།ཁྱེད་ཀྱིས་གངས་རི་དཀར་པོའི་དབུ་འཕང་དགུང་ལ་བསྟད་ཅིང་པོ་ཏ་ལའི་གཟི་བྱིན་འཛམ་གླིང་ལ་ཁྱབ་པར་བྱས།ཁྱེད་ཀྱིས་ཕ་མེས་ཡང་མེས་ཀྱི་མཛད་རྗེས་ལྷ་ལམ་ནས་བསྒྲགས་ཤིང་མི་བུ་ཆིག་སྟོང་ལྷག་གི་མདུན་ལམ་འོད་ཀྱིས་བཀང་།དེ་བས།ངས་ཁྱེད་ཀྱི་མཛད་འཕྲིན་ལ་བསྟོད་བསྔགས་བྱེད།

                    ༢༠༡༥•༡༢་༡༥

རྨོངས་པའི་མུན་པ་འཇོམས་པའི་རྟ་བདུན་དབང་།།    

ལྷག་བསམ་འོད་དཀར་འཕྱུར་བའི་འབྲས་བཟང་ཅན།  
འཇིགས་མེད་རྒྱལ་མཚན་བསྒྲེངས་བའི་མ་ཡུམ་གླིང་།།      

སྲིད་གསུམ་གངས་རིའི་ལྗོངས་ནས་རྟག་གྱུར་ཅིག།                 ་                          

  ཞེས་རྨ་སྲས་འབྲུག་ནག་གིས་གུས་ཕུལ།

   ཁྱེད་ལ་རྟེན་འབྲེལ་ཞུ།

     སྐབས་གཉིས་པའི་མཐར་ཕྱིན་འཛིན་གྲྭའམ༼གཡུ་ཐོག་འཚོ་བྱེད་རུ་དཔུང་གིས༽
དུག་གསུམ་ནད་ཀྱིས་གདུང་བའི་འགྲོ་ཀུན་ལ།།
ཤེས་རིག་སྨན་གྱི་བྱིན་རླབས་སེམས་ལ་ཞུགས།།
ལོག་རྟོགས་སྒྱུ་མའི་འཁྲུལ་སྣང་རང་སར་ཞུ།།
རིག་པའི་བུ་ལ་འོད་ཀྱི་ལམ་བུ་བསྩལ།།
ཁྱེད་ཀྱི་གཟིི་མདངས་གངས་རིའི་ལྗོངས་སུ་ཁྱབ།།
ཁྱེད་ཀྱི་སྙན་པ་གླིང་བཞིའི་རྩེ་རུ་བསྐྱོད།།
ལྔ་རིག་ལང་ཚོ་མཛེས་པའི་འོད་ངོགས་ནས།།
འཁྲུངས་སྐར་ཉེར་གཅིག་དགའ་བའི་སེམས་ཀྱིས་བསུ།།
              ༢༠༡༥.༡༢.༢༥ཉིན།
མ་ཡུམ་སློབ་གླིང་རིག་པའི་དགའ་ཚལ་དུ།།

བཤེས་གཉེན་དཔག་བསམ་ལྗོན་པའི་རྩ་བ་བརྟན།།

གནས་ལྔ་རིག་པའི་པད་དཀར་འདབ་བརྒྱ་གྲོལ།།
བློ་ལྡན་བུང་བའི་ཚོགས་ཀུན་ངང་གིས་འཁོར།།
ལྔ་རིག་ཟེའུ་འབྲུའི་བཅུད་ལ་ལྷོད་ཀྱིས་རོལ།།
བཀྲ་ཤིས་གཡང་གི་ཆར་བའི་དངོས་གྲུབ་འཇོ།།
ཕུགས་བསམ་གཙང་མའི་གཤོག་འགྱུར་རྟག་བརྟན་ཤོག།
ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གཅིག་པར་སློབ་བུ་པད་མ་ཡག་གིས་གུས་པས་ཕུལ།  

བྱང་ཁ་བ་ཅན་གྱི་ལས་རླུང་ལ་འཇུས་ནས།
ཁྱེད་ཀྱིས་ཉི་མའི་འོད་དང་ཟླ་བའི་མདངས་ཀྱིས། 

ནར་མ་སོན་པའི་ཚེ་སྲོག་གང་མང་ལ་གཞིས་ཁྱིམ་བསྐྲུན་ཅིང་། 

ལམ་མི་གསལ་བུ་སློབ་ཁྲི་ཕྲག་གི་རེ་འདུན་མཁའ་རུ་བཏེགས།  

ཁྱེད་ཀྱིས་རྡོ་ལྕགས་འདྲེས་མའི་ཁ་བ་དང་། 
རི་ལུང་ཉིལ་བའི་རླུང་ཆེན་སོགས་གང་ལའང་མ་གཡོལ་པར། 
རིག་གནས་ཀྱི་ཁྲབ་རྨོག་ཕྱི་ནང་དུ་བགོས་ཏེ།
ཚང་ཚིང་གི་རྒོལ་ངན་ཧྲིལ་གྱིས་གཏོར་བས།
འཛམ་གླིང་གི་ཡང་རྩེར་འགྲོ་ཐུབ་པའི་མྱུར་བགྲོད་གཞུང་ལམ་ཞིག་ཀྱང་ངང་གིས་བཏོད།

ཀྱེ་ཀྱེ་ང་ཡི་མ་ཡུམ་སློབ་གྲྭ། 

དེ་རིང་ནི་ཁྱེད་ཀྱི་བཀྲ་ཤིས་པའི་ཉིན་མོ། དོན་འགྲུབ་པའི་ཉིན་མོ་སྟེ།

ཁྱེད་ཉིད་མི་ཡུལ་དུ་འཁྲུངས་པའི་དུས་བཟང་འདི་དང་བསྟུན། 

ཁྱེད་དགེ་སློབ་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མ་ཡུམ་སློབ་གྲྭའི་བྱ་གཞག་གང་ཡོད་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཡང་ཡང་འདེབས།

        ཞེས་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་བུ་འཕགས་སྐྱེས་དང་མཚོ་སྐྱེས་རྡོ་རྗེ་གཉིས་ཀྱིས་གུས་པས་ཕུལ།

གཞན་ཕན་བསམ་བློ་ཡི་བསླུ་བྲིད་ཞིམ་པོ།།

ཐུགས་ཀྱི་གཏིང་རིམ་ན་དྲོད་ཀྱིས་ཉར་ཡོད།།

རླབས་ཆེན་བྱ་བཞག་གི་མཛད་རྣམ་རིང་མོ།།
ཐུན་མིན་རིག་གཞུང་འདིའི་རེ་བའི་མེ་རོ།།

བསྟིང་ཚིག་ཁ་ཆར་ནི་ལན་གྲངས་འཚུབ་རུང་།།
བཟོད་པའི་ན་བཟའ་གང་སྐུ་ལ་གསོལ་ཞིང་།།
དེས་པ་གཤིས་བཟང་གི་འཛུམ་དཀར་བསུ་མ།།

རྟག་པར་འཚེར་བ་ནི་སྨོན་པའི་གཞིའོ།།

                                                                            ལུང་རྟོགས་ཀྱིས།

རི་ཁ་བ་ཅན་གྱི་ཡུལ་ན།།

ཆུ་རྨ་ཆུའི་ཁུགས་པ་ཞིག་ན།།
མགོན་སློབ་དཔོན་རྣམ་དཔྱོད་ཡངས་ས།།
ནང་བུ་སློབ་བློ་སྒོ་འབྱེད་ས།།
ངེད་གངས་ལྗོངས་ཤེས་རིག་ནོར་གླིང་།།
གནས་བསྐལ་བའི་བར་དུ་རྒྱལ་ལོ།།

ཀ་རྒྱའི་ལྷ་རིག་རྒྱལ་གྱིས་མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་ལ་ཕུལ་བའི་ཤེས་ཚིག། 

 གངས་དཀར་ཚར་དུ་དངར་བའི་བསིལ་མོ་ལྗོངས་ནས་ཁྱོད་ཀྱི་ལང་ཚོའི་མེ་ཏོག་ས་རྡུལ་དམར་པོའི་ཀློང་ནས་འཁྲུངས།།
སྙན་པའི་གྲགས་པ་གོ་ལའི་ཁྱོན་ནས་བརྒལ་བའི་ཤེས་རིག་གླིང་ཞེས་མི་རིགས་སྟོང་གིས་གླེང་བའི་སློབ་གླིང་ངམ།།།
མཁན་སློབ་རྣམ་གསུམ་ལ་སོགས་ད་མ་པ་དག་གི་གཞན་ཕན་ལྷག་བསམ་ཐུགས་བསྐྱེད་གཟི་འོད་འབར་བའི་འོད་གོང་སྟེ།།

མ་ཡུམ་སློབ་གླིང་ཁྱོད་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་པའི་འཕྲིན་ལས་མངའ་ཐང་རྒྱས་གྱུར་ཅིག། 

 ཅེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གཅིག་པར་སྐབས་དགུ་བའི་མཐར་ཕྱིན་སློབ་བུ་ཀ་རྒྱ་བློ་བཟང་གིས་གུས་པས་ཕུལ།༢༠༡༤/༡༢/༡༥ཉིན།

 གངས་དཀར་ཚར་དུ་དངར་བའི་བསིལ་མོ་ལྗོངས་ནས་ཁྱོད་ཀྱི་ལང་ཚོའི་མེ་ཏོག་ས་རྡུལ་དམར་པོའི་ཀློང་ནས་འཁྲུངས།།

སྙན་པའི་གྲགས་པ་གོ་ལའི་ཁྱོན་ནས་བརྒལ་བའི་ཤེས་རིག་གླིང་ཞེས་མི་རིགས་སྟོང་གིས་གླེང་བའི་སློབ་གླིང་ངམ།།།
མཁན་སློབ་རྣམ་གསུམ་ལ་སོགས་ད་མ་པ་དག་གི་གཞན་ཕན་ལྷག་བསམ་ཐུགས་བསྐྱེད་གཟི་འོད་འབར་བའི་འོད་གོང་སྟེ།།

མ་ཡུམ་སློབ་གླིང་ཁྱོད་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་པའི་འཕྲིན་ལས་མངའ་ཐང་རྒྱས་གྱུར་ཅིག།

 ཅེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉེར་གཅིག་པར་སྐབས་དགུ་བའི་མཐར་ཕྱིན་སློབ་བུ་ཀ་རྒྱ་བློ་བཟང་གིས་གུས་པས་ཕུལ།

      སྙན་འཇེབས་དབྱངས་ཀྱི་མཆོད་པ། 
            ____ གླིང་བུའི་སྙེ་མ། ཡུལ་ཤུལ། 
 བགྲང་ཡས་ཤེས་བྱའི་ནོར་བུ་བསྣམས་པའི་མ༵། །
མ༵་ལུས་བོད་ཕྲུག་གཉིད་ལས་སློང་བའི་མ༵། །
མ༵་ཡུམ་གངས་ལ་གཟི་འོད་སྣོན་པའི་མ༵། །
མ༵་ཡི་བུ་ལོའི་མདུན་ལམ་རྙེད་ས་ཡིན། །

བསིལ་ལྡན་བརྡ་སྐད་སྲུང་ཞིང་སྤེལ་བའི་གླི༵ང་། །
གླི༵ང་ལྔ་མཚོ་བཞིར་སྙན་པ་འཕུར་བའི་གླི༵ང་། །
གླི༵ང་གི་དཔའ་སྙིང་ལ་རྒྱ་འཛོམས་པའི་གླི༵ང་། །
གླི༵ང་རུའི་བུ་ཡི་སེམས་ཀྱི་ཤེས་རིག་གླི༵ང་། །

འཇི༵གས་མེ༵ད་སྙིང་སྟོབས་སྲོག་གི་ཀ་བ་བརྟན། །
གཡོ་མེད་ཚུ༵ལ་ཁྲི༵མས་འོད་ཀྱི་དབང་གཞུ་མཛེས། །
མི་ནུབ་ཡོན་ཏ༵ན་འབར་བའི་སྙན་པ་ཅན། །
གནའ་དེང་རྒྱ༵་ལས་གྲོ༵ལ་བ་རིག་པའི་ཞིང་། །

སློབ་དཔོན་ཐོན་མིའི་མན་ངག་སློབ་གསོའི་རྒྱུན། །
ཉམས་པའི་མཐའ་ལ་ཐུག་པའི་དུས་ཀྱི་ཚེ། །
གངས་ལྗོངས་རིག་པའི་ཕ་ཁྱིམ་ཤེས་རིག་གླིང་། །
རྫོགས་ལྡན་རིག་གཞུང་སྐྱོང་བའི་གཉེན་པོར་འཁྲུངས། 
མི་དལ་ན་ཚོད་གསར་བའི་ལང་ཚོ་དང་། །
ཉེར་གཅིག་ཁྱུད་མའི་འཁོར་ལོས་མི་ཐེག་པའི། །
ཆེ་ཕྲའི་རིགས་ཀྱི་ལས་དོན་བསྐྱངས་དྲགས་པས། །
ཅུང་ཙམ་སྐུ་ངལ་གསོས་ཞེས་ང་ཅག་ཞུ། །

སྐུ་ལ་དལ་བས་དབུལ་བའི་དགེ་སློང་ཞིག །
ཐུགས་ལ་མི་རིགས་བཅངས་པའི་གྲྭ་རྐྱང་ཞིག །
གསུང་ལ་འགག་པ་མེད་པའི་དགེ་རྒན་ཞིག །
དབུ་ལ་སེ་མདའ་ལྷུང་བའི་གོ་རིམ་ཡིན། །

ཁྱེད་ནི་རང་གི་སྐད་ཡིག་ཡུལ་སྲོལ་དང་། །
འཛམ་གླིང་ཤེས་རིག་གསར་བ་ནང་འདྲེན་ཆེད། །
ཅུང་ཙམ་ངལ་མེད་ནམ་ཡང་བརྩོན་པ་ནི། །
བདག་ཅག་བུ་ཕྲུག་དག་གི་མིག་དཔེ་ཡིན། །

དེ་ལྟར་སྙན་འཇེབས་དབྱངས་ཀྱི་མཆོད་པ་འདི། །
ཁ་བ་རླུང་དང་བསྡེབས་པའི་འཇིག་རྟེན་ནས། །
མ་བཅོས་ལྷག་བསམ་གཙང་མས་མཚམས་སྦྱར་ཏེ། །
ཁྱེད་ཀྱི་བྱམས་བརྩེས་བསྐྱངས་པ་དེ་ཡིས་ཕུལ། །
   ཅེས་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ཚང་བའི་རྩོམ་ཡིག་སྲོལ་རྒྱུན་འབོལ་རྩོམ་གྱི་ལུགས་སུ་བྱས་པ་འདི་ཡང་། ལབ་དགོན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་གྲལ་མཐར་འཚོ་བའི་དམན་བུ། མ་ཡུམ་སློབ་གླིང་དང་སློབ་དཔོན་རྣམས་ཀྱི་དྲིན་གྱིས་འཚོ་བ། བླ་དྭགས་སུ་གླིང་བུའི་སྙེ་མར་འབོད་པའི་འདུ་ཤེས་གསུམ་པ་དེས་འཁྲུངས་སྐར་ཉེེར་གཅིག་པའི་ཉིན་སུག་བྲིས་སུ་བགྱིས་པའོ། །2015/ 12/ 15 ཉིན།  
 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ebdr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23524319
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།