ཀུན་སྤྱོད་ལྡན་པའི་ཤེས་ཡོན་ནི་རང་གཞན་གཉིས་ཕན་གྱི་བདུད་རྩི་སྨན་མཆོག་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 11 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཀུན་སྤྱོད་ལྡན་པའི་ཤེས་ཡོན་ནི་རང་གཞན་གཉིས་ཕན་གྱི་བདུད་རྩི་སྨན
ཀུན་སྤྱོད་ལྡན་པའི་ཤེས་ཡོན་ནི་རང་གཞན་གཉིས་ཕན་གྱི་བདུད་རྩི་སྨན་མཆོག་ཡིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-12-09ལྟ་ཀློག (10153)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀུན་སྤྱོད་ལྡན་པའི་ཤེས་ཡོན་ནི་རང་གཞན་གཉིས་ཕན་གྱི་བདུད་རྩི་སྨན་མཆོག་ཡིན།

--- ༢༠༡༥་ལོའི་སྤྱི་ཟླ་༡༢་པའི་ཚེས་༦་ཉིན་ནུབ་བྱང་མི་རིགས་སློབ་ཆེན་དུ་གནང་བའི་གསུང་བཤད་ཀྱི་སྤྱི་ཁོག

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

༼ཉིན་འགའི་སྔོན་ལ་འདི་ལྟར་ཁ་བརྡ་ཞིག་བྱས་པ་མང་བོ་ཞིག་ལ་ཕན་ཐོགས་པར་འགྱུར་རམ་སྙམ་སྟེ་ང་རང་གིས་ནང་དོན་གྱི་གནད་བསྡུས་ནས་ཡི་གེར་བཀོད་པའོ།

      ཐོག་མར་ངས་འདིར་འདུས་ཀྱི་དགེ་སློབ་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ། གླིང་གཙོ་པོའོ་ཞོ་ཧྥུན་གྱི་རེ་འདོད་ལྟར་དེ་རིང་ང་ལས་རིགས་སློབ་གསོ་དང་རྒྱུན་མཐུད་སློབ་གསོའི་(职业教育与继续教育学院)སློབ་གླིང་འདིར་འོངས་ནས་ཁྱེད་ཅག་དང་ལྷན་ཅིག་སེམས་ཀྱི་གླེང་མོལ་ཐེངས་གཅིག་བྱེད་རྒྱུ་བྱུང་བ་ལ་དགའ་སྤྲོ་དཔག་མེད་སྐྱེས་ཡོད།  དེར་མ་ཟད་དེ་རིང་ཞྭ་སེར་བསྟན་པ་ཡོངས་ཀྱི་མངའ་བདག   ས་གསུམ་འགྲོ་བ་ཡོངས་ཀྱི་མིག་གཅིག  གངས་ཅན་མཁས་པ་ཀུན་གྱི་གཙུག་རྒྱན། རྗེ་བཙུན་མཉམ་མེད་ཙོང་ཁ་བ་ཆེན་པོའི་རྗེས་དྲན་དུས་ཆེན་ལའང་འཁེལ་འདུག་པས་མ་བསྒྲིགས་རང་འགྲིག་གི་རྟེན་འབྲེལ་འཛོམས་པ་ལ་སྙིང་ཐག་པ་ནས་དགའ་སྤྲོ་བྱུང་།
      དེས་ན་རྟེན་འབྲེལ་ངོ་མཚར་བ་འདི་དང་བསྟུན་ནས་ངས་ཀྱང་དེ་རིང་རྗེ་བཙུན་མཉམ་མེད་ཙོང་ཁ་བ་ཆེན་པོའི་ཞལ་གསུང་དྲི་མ་མེད་པ་ཞིག་གི་སྟེང་ནས་ང་ཚོའི་གླེང་མོལ་འགོ་འཛུགས་དགོས་བསམ་བྱུང་། དེ་ཡང་ཇི་སྐད་དུ་རྗེ་བླ་མས།   དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང་།།མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང་།།ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག།ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས།།བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག།མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས།།ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ།།བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར།།ཞེས་གསུངས་པ་ལྟར། དེང་སང་རང་གཞན་གཉིས་ཕན་གྱི་དོན་བཟང་ཞིག་བསྒྲུབ་དགོས་བསམ་ཡོད་པའི་ན་གཞོན་མང་བོ་ཞིག་གཞུང་ལུགས་་རྣམ་དག་ལ་ཐོས་པ་དེ་ཙམ་མ་སོང་བ་ལྟ་བུ་དང་། ཐོས་པ་ཅུང་ཟད་ཡོད་པ་རྣམས་ནི་དངོས་ཀྱི་ལག་ལེན་གྱི་གནད་ལ་མི་མཁས་པ་དང་། ཕལ་ཆེ་བ་ཞིག་གཞུང་ལུགས་དང་ལག་ལེན་གཉིས་ཆ་ནས་ཧ་ཅང་ཞན་པ་ལྟ་བུ་དང་། གཞུང་གི་གོ་དོན་དངོས་གནས་དེ་ལུང་རིགས་རྣམ་དག་དང་མི་འགལ་བར་གོ་མ་ཐུབ་པས། རང་གཞན་གཉིས་ཀ འདི་ཕྱི་གཉིས་ཆར། སྲིད་ཞི་གཉིས་ཀ་ལ་ཕན་ངེས་པའི་ཤེས་རིག་དང་ལག་ལེན་ལ་བསླབ་ནས་གཟུར་གནས་མཁས་པ་དགྱེས་པའི་ཡོན་ཏན་འཛོམས་པ་ཧ་ཅང་ཉུང་བའི་ཚོད་དུ་འདུག་པས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ། ཤེས་ཡོན་དང་ཀུན་སྤྱོད་ཟུང་འབྲེལ། དམ་ཆོས་དང་འཚོ་བ་ཟུང་འབྲེལ་སོགས་ཇི་ལྟར་བྱེད་དགོས་ཚུལ་ང་རང་གིས་བློའི་ཐོན་ཚོད་ཅིག་བཤད་འདོད་ཡོད་པས་ཁྱེད་ཅག་འདིར་ཕེབས་ཀྱི་དགེ་སློབ་ཚང་མར་ཕན་ཐོགས་པར་སྨོན།
      སྤྱིར་འགྲོ་བ་སེམས་ཅན་སུ་དང་སུ་ཡིན་ནའང་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་འདྲ་མཚུངས་ཡིན་པར་མ་ཟད། སྡུག་བསྔལ་སེལ་བའི་ཐབས་དང་བདེ་བ་སྒྲུབ་པའི་ཐབས་ཤིག་ལ་བརྩོན་གྱིན་ཡོད་པའང་འདྲ་མཚུངས་ཡིན། འོན་ཀྱང་དུད་འགྲོ་སོགས་ལ་སྡུག་བསྔལ་ཆེས་རགས་པ་རེ་ཙམ་མ་གཏོགས་སེལ་བའི་ནུས་པ་མེད་ལ། བདེ་བའང་གནས་སྐབས་ཙམ་མམ་ཆེས་ཡུན་ཐུང་གི་བདེ་བ་ཙམ་མ་གཏོགས་སྒྲུབ་མི་ཤེས། དེ་ལ་ལྟོས་ན་འགྲོ་བ་མིའི་རིགས་འདི་དངོས་གནས་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཏེ། རིག་གནས་སྦྱངས་མ་སྦྱངས་སུ་ཞིག་ཡིན་ཡང་རང་གི་ལུས་སེམས་ཀྱི་བདེ་སྡུག་ཅི་ཡོད་ཐམས་ཅད་ཁར་ཕྱུང་ནས་རྗོད་བྱེད་ཀྱི་སྐད་ཆ་སྨྲ་ཤེས་པར་མ་ཟད། གཞན་གྱིས་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་ཚུལ་གྱི་ཐབས་བསྟན་ནའང་གོ་ནུས་པས། ང་ཚོ་མིའི་མཚན་ཉིད་ལའང་སྨྲ་ཤེས་དོན་གོ་ཞེས་པ་བཞག་ཡོད། དེའི་ནང་ནས་ཀྱང་དེ་རིང་འདིར་ཕེབས་ཡོད་པ་ཚང་མ་ནི་ཕལ་ཆེར་སློབ་གྲྭ་ཆེན་མོ་བ་རྐྱང་རྐྱང་རེད། སྤྱིར་སློབ་གྲྭ་བ་ཞེས་པ་ནི་རང་གཞན་གྱི་བདེ་བ་ཇི་ལྟར་སྒྲུབ་ཚུལ་དང་། སྡུག་བསྔལ་ཇི་ལྟར་སེལ་ཚུལ་ལེགས་པར་ཤེས་པའི་ཆེད་དུ་ཤེས་རིག་ལ་སློབ་གཉེར་བྱེད་མཁན་གྱི་དཔུང་སྡེ་ལ་ཟེར་བ་ཡིན།  དེ་ཡང་བོད་རང་ཉིད་ལ་སྔར་ཡོད་ཀྱི་ཐ་སྙད་བེད་སྤྱད་ན། ཁྱེད་ཅག་ཚང་མ་སློབ་གཉེར་བ་ཞེས་པའི་སྡེ་ཁག་ཡིན། དེས་ན་ཐོག་མར་དོན་གྱི་གནས་ལུགས་འདི་འུ་ཅག་ཚང་མས་ཅིས་ཀྱང་ངོས་ཟིན་དགོས་པ་ཞིག་རེད་སྙམ།  འོ་ན་སློབ་གཉེར་བ་ཞིག་ཡིན་ན་ཐོག་མར་ཅི་ཞིག་བྱེད་དགོས་ཤེ་ན། དེ་ཡང་འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས། ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན།།བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་།།རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས།།བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན།།འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་།།ཞེས་གསུངས་པ་ལྟར་ཁྱེད་ཚོ་ཚང་མ་སྔོན་བསགས་ལས་ཀྱི་དབང་གིས་ཁྱིམ་གཅིག་ལ་ལྷན་དུ་འདུས་པའི་ཕ་མ་སོགས་ཤ་ཚ་གཉེན་ཉེ་ཐམས་ཅད་ཡུལ་ནས་བཞག་སྟེ། རང་ཉིད་གཅིག་བུ་རྒྱག་ཐག་རིང་བོའི་ཡུལ་དུ་འོངས་པ་རེད།  དེས་ན་ཁྱེད་ཚོ་ཚང་མས་ས་རྒྱུས་མེད་དང་མི་ཆ་མེད་ཀྱི་ཡུལ་ནས་ཚེ་འདི་ཕྱི་གང་ལའང་མི་ཕན་པར་མ་ཟད། ད་དུང་རང་གི་རྒྱུ་ནོར་ལོངས་སྤྱོད་དང་བསླབ་པ་སློབ་གཉེར་སོགས་ལ་ཕན་པ་ལས་གནོད་པ་ཡོད་པ། དོན་བཟང་བོ་གང་ཡང་སྒྲུབ་ཏུ་མི་སྟེར་ཞིང་རང་གི་མི་གཤིས་ཀྱང་མ་རབས་ལ་སྒྱུར་མཁན་གྱི་གྲོགས་ངན་པ་མང་བོ་བསྡུས་ཏེ། དུ་ཆང་ཤོ་གསུམ་སོགས་ལ་བག་མེད་དུ་རོལ་ཞིང་རྣམ་གཡེང་བྱས་ན། སྨྱོན་པ་ཞེས་པའི་མིང་མ་བཏགས་ཀྱང་དོན་ལ་ཤེས་པ་རང་བཞིན་དུ་མི་གནས་པའི་སྨྱོན་པ་དངོས་ཡིན་པར་རང་གིས་ངོས་ཟིན་པར་བྱས་ནས། འཇིག་རྟེན་རྒན་པོ་ཚོའི་གཏམ་དཔེ་ལྟར། སྤྲིན་དཀར་པོ་ཐོད་ལ་བཟུང་། ས་ནག་པོ་འདོམས་ཀྱིས་གཞལ་ཏེ། ཅི་ཞིག་གི་ཆེད་དུ་སློབ་གླིང་འདིར་འོངས་པའི་དོན་གྱི་གཙོ་བོ། ཤེས་རིག་གི་གཞུང་ལ་ཐོས་བསམ་སློབ་གཉེར་བྱེད་རྒྱུ་འདི་ཉིད་ཡིན་པ་ནམ་ཡིན་ཡང་མི་བརྗེད་པ་ཧ་ཅང་གལ་ཆེ་སྙམ།   འོན་ཀྱང་རང་གིས་སྦྱངས་ནས་ཐོབ་པའི་ཡོན་ཏན་དེས་རང་གཞན་ཀུན་ལ་ཕན་ངོ་མ་ཞིག་ཐོགས་པར་འགྱུར་མི་འགྱུར་ནི་གཙོ་བོར་རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད་ལ་འབྲེལ་བ་དམ་པོ་ཡོད། དེའི་ཕྱིར་ངས་ཐོག་མར་བསམ་བློ་ཀུན་སྤྱོད་ཀྱི་སྟེང་ནས་ང་རང་གི་ལྟ་ཚུལ་ཞིག་རྣམ་པ་ཚོར་ཞུ་དགོས་བསམ་བྱུང་།  དེ་ཡང་ངའི་ལྟ་ཚུལ་དེ་གནད་བསྡུས་ནས་བཤད་ན། ཀུན་སྤྱོད་ངན་པ་དང་འགྲོགས་པའི་ཤེས་ཡོན་དེ་ནི་རང་གཞན་གཉིས་ཀ་ལ་གནོད་པའི་དུག་ཧ་ལ་ནག་པོ་དང་མཚུངས་ལ། ཀུན་སྤྱོད་བཟང་བོ་དང་ལྡན་པའི་ཤེས་ཡོན་དེ་ནི་རང་གཞན་གཉིས་ཆ་ལ་ཕན་པའི་བདུད་རྩི་སྨན་མཆོག་རེད་ཅེས་སེམས་ནས་བསམ་བཞིན་ཡོད་ལ། ཁ་ནས་བཤད་བཞིན་ཡང་ཡོད། དེས་ན་གནའ་དེང་ཤར་ནུབ་ཀྱི་མཁས་པའམ་མིང་གྲགས་ཅན་གྱི་མི་སྣ་ཚོས་ཀུན་སྤྱོད་གཙིགས་ཆེན་དུ་བཟུང་ནས་གསུངས་པ་འགའ་ཞིག་དོན་ལ་ངེས་པ་བསྐྱེད་པའི་ཆེད་དུ་ཅུང་ཟད་ཅིག་བཤད་པར་བྱའོ།།དེ་ཡང་གོ་བདེ་བའི་ཕྱིར་ནང་ཆོས་ནས་ཇི་ལྟར་གསུངས་ཚུལ། མཁས་པའམ་མི་སྣ་གྲགས་ཅན་གཞན་དག་གིས་ཇི་ལྟར་བཤད་ཚུལ། དེ་དག་ཐམས་ཅད་རང་སྟེང་དུ་བསྐོར་ནས་ལག་ལེན་ལ་ཇི་ལྟར་བསྟར་ཚུལ་གསུམ་དུ་བསྡུས་བཤད་པར་བྱའོ།།

དང་བོ།  ནང་ཆོས་ནས་ཇི་ལྟར་གསུངས་ཚུལ།

    དེ་ཡང་རྒྱ་ཆེ་ས་ནས་བཤད་ན་ནང་བའི་ཆོས་གཞུང་ཡོངས་རྫོགས་མི་གཞི་ལེགས་བཅོས། ཀུན་སྤྱོད་འཛུགས་སྐྲུན།  བསམ་བློ་ལེགས་སྒྱུར་གྱི་ཆེད་དུ་གསུངས་པ་འབའ་ཞིག་རེད་ཅེས་བཤད་ཆོག་ཆོག་ཡིན། དེ་ཡང་འཛིན་བདེ་བའི་ཆེད་དུ་མཚན་གཞི་ཙམ་ཞིག་བཤད་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།།ཞེས་གསུངས་པ་ལྟ་བུ་རེད། འདིས་ཚིག་ཟིན་ལ་ཚུལ་ཁྲིམས་གལ་ཆེ་ཚུལ་གསུངས་ཡོད་མོད།   དོན་གྱིས་ཀུན་སྤྱོད་བསྟན་ཡོད་དེ། རྒྱུ་མཚན་རགས་བཤད་བྱས་ན་ཚུལ་ཁྲིམས་ཞེས་པ་ཚུལ་དང་མཐུན་པའི་ཀུན་སྤྱོད་སྲུང་བའི་དོན་ཡིན་པས་ཚུལ་ཁྲིམས་ཞེས་པ་དོན་ལ་ཀུན་སྤྱོད་ཚུལ་མཐུན་གྱི་མིང་ཡིན་པས་སོ།། དེ་ཡང་བཟང་ངན་གྱི་བྱ་བ་གང་བསྒྲུབ་འདོད་ཀྱང་ལུས་དང་ངག་དང་ཡིད་གསུམ་ལ་མ་བརྟེན་པར་བསྒྲུབ་ཚུལ་མེད་པ་ལྟ་བུ་ཡིན། དེས་ན་དེ་གསུམ་དང་སྦྱར་ནས་བསམ་བླ་ོདང་ཀུན་སྤྱོད་ཇི་ལྟར་བསྲུང་ཚུལ་བཤད་ན་སྟབས་བདེ། ཇི་སྐད་དུ། ལུས་ཀྱི་ལས་ནི་རྣམ་པ་གསུམ།།ངག་གི་རྣམ་པ་བཞི་དང་ནི།།གང་ཡང་ཡིད་ཀྱི་རྣམ་གསུམ་པོ།།མི་དགེ་བཅུ་བོ་སོ་སོར་བཤགས།།གསུངས་པ་ལྟར་ལུས་ཀྱི་སྒོ་ནས་སྲོག་གཅོད། མ་བྱིན་ལེན་ནམ་རྐུ་བྱེད་པ། ལོག་པར་གཡེམ་པ་གསུམ། ངག་གི་སྒོ་ནས་བརྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཞི། ཡིད་ཀྱི་སྒོ་ནས་བརྣབས་སེམས། གནོད་སེམས། ལོག་ལྟ་གསུམ་སྟེ་བཅུ་བོ་འདི་ལ་མ་འཛེམས་པར་གང་འདོད་དུ་རྒྱ་ཡན་ལ་བཏང་ན། ཆོས་ལ་དད་མི་དད། སྡོམ་པ་བླངས་མ་བླངས་ལ་བལྟོས་པ་མེད་པར་མཇུག་འབྲས་གནོད་པ་ལས་བདེ་བ་མེད་དེ། ཀུན་སྤྱོད་དེ་དག་ནི་དམ་པའི་ལྷ་ཆོས་དང་མི་མཐུན་པར་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་མཐུན། འཇིག་རྟེན་གྱི་མི་ཆོས་དང་མི་མཐུན་པ་ཕལ་ཆེར་མངོན་སུམ་ཡིན།  འོན་ཀྱང་ཁྲིམས་ལུགས་ཁོ་ན་ལ་བརྟེན་ནས་དེ་དག་གི་སྒོ་འགོག་དགོས་ན། གཞན་གྱིས་ཤེས་མི་ཤེས། རིག་མ་རིག་ལ་བལྟ་བར་འགྱུར་བས། རང་ཤུགས་ཀྱིས་བརྩི་བ་ཧ་ཅང་ཉུང་བ་ཆོས་ཉིད་ཡིན་པས་ཀུན་སྤྱོད་རྣམ་དག་འོང་རྒྱུ་ཤིན་ཏུ་དཀའ་འོ།།དེ་ཡང་དཔེ་མཚོན་ཙམ་བཀོད་ན། ཨ་རི་བ་སོགས་ནུབ་ཕྱོགས་ཀྱི་མི་ཁྲིམས་ལུགས་གཙིགས་ཆེན་དུ་འཛིན་པ་ལ་རིང་མོ་ནས་གོམས་པའི་ཀུན་སྤྱོད་མཐོ་བར་རློམ་པ་དེ་དག་ཀྱང་ཁྲིམས་ལུགས་དེ་ཙམ་ཞིབ་ཚགས་མིན་པའི་སར་འོངས་ན་ཀུན་སྤྱོད་འདོར་བས་ཤེས་སོ།།དེས་ན་ལུས་ངག་གི་ཀུན་སྤྱོད་ནི་དེའི་རྒྱུ་སེམས་ཀྱིས་བསྐྱེད་པ་ཡིན་པས། ཀུན་སྤྱོད་རྣམ་པར་དག་པ་ཞིག་འོངས་མི་འོང་དེ་གཙོ་བོ་སེམས་དང་བསམ་པ་སྦྱངས་མ་སྦྱངས་ལ་རག་ལས། དེ་ཡང་བཙན་ཤེད་དང་ཨུ་ཚུགས་ཀྱི་སྒོ་ནས་མ་ཡིན་པར། ཅི་འདྲ་བ་ཡི་ལས་བྱས་པ། འབྲས་བུ་དེ་འདྲ་ཐོབ་པར་འགྱུར་ཞེས་པ་ལྟར། མི་ཚེའི་རིན་ཐང་ཆེ་ཚུལ། འཆི་བ་མི་རྟག་པ་ཡིན་ཚུལ། ལས་འབྲས་མི་བསླུ་བ་ཡིན་ཚུལ། བདེན་བཞིའི་འཇུག་ལྡོག་མ་ནོར་བ་ཡིན་ཚུལ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་ཚུལ་སོགས་གནས་ལུགས་ཇི་ལྟ་བ་བཞིན་ཤེས་སུ་བཅུག་ནས་ཉམས་སུ་བླངས་ན་རང་བཞིན་གྱིས་ཀུན་སྤྱོད་དག་པར་འགྱུར་བ་རྒྱུ་འབྲས་ཀྱི་ཆོས་ཉིད་བསླུ་མེད་ཡིན། དེའི་ཕྱིར་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་སློབ་གཙོ་ཟུར་བ་སློབ་དཔོན་ཆེན་མོ་ཀྲུ་ཧྲི་ཆིན(朱时清)གྱིས་ཀྱང་། ཚན་རིག་པ་དག་དཀའ་བ་དཔག་མེད་སྤྱད་ནས་རི་རྩེར་སླེབས་དུས། ནང་བའི་སྐྱེས་ཆེན་རྣམས་ནི་སྔར་ནས་དེར་སླེབས་ཏེ་བསྒུགས་ནས་ཡུན་རིང་ལོན་འདུག་(当科学家千辛万苦爬到山顶时,佛学大师已经在此等候多时了。)ཅེས་བཤད་པར་མ་ཟད། ད་དུང་ཁོང་གིས། མི་ལ་ལས་ནང་བསྟན་ཚན་རིག་དང་མི་མཐུན་ཞེས་སྐྱོན་བརྗོད་བྱེད་པ་ནི། དོན་དངོས་སུ་ཁོ་རང་གིས་སངས་རྒྱས་ཀྱིས་གསུངས་པའི་གནས་ལུགས་དེ་མ་ཤེས་པ་དང་། ཚན་རིག་གིས་འཇིག་རྟེན་ལ་རྒྱུས་ལོན་བྱས་པ་དང་ནང་ཆོས་ཀྱིས་བསྟན་པའི་གནས་ལུགས་བར་གྱི་འབྲེལ་བའང་ལེགས་པར་མ་ཤེས་པ་ལས་བྱུང་བའི་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་སྐྱོན་བརྗོད་རེད(有些人批评佛教不科学,其实是参不透佛陀的道理,亦不明白科学对宇宙的了解与佛理的关系,而做出的不客观的批评。)ཅེས་དབང་རྣོན་གྱི་རྟགས་བསྟན་པའམ་གཟུར་གནས་ཀྱི་སྐད་ཆ་བཤད་པ་རེད།

གཉིས་པ།  མཁས་པའམ་མི་སྣ་གྲགས་ཅན་གཞན་དག་གིས་ཇི་ལྟར་བཤད་ཚུལ།

      གནའ་བོའི་རྒྱ་མི་རིགས་ལ་མཚོན་ན། ཀུན་སྤྱོད་གལ་ཆེ་ཚུལ་བཤད་པའི་བསྟན་བཅོས་ཀྱང་ཏོ་ལུགས་པའི་ཀུན་སྤྱོད་ཀྱི་མདོ(道德经)ལྟ་བུ་ཡོད་ལ། སྔོན་གྱི་མཁས་པ་མང་བོས་ཀུན་སྤྱོད་གལ་ཆེ་ཚུལ་བཤད་པ་བགྲང་གིས་མི་ལོངས།    དཔེར་ན་རུའུ་ལུགས་པའི་སྲོལ་བཏོད་པ་ཆེན་པོ། རྒྱ་མིའི་མཁས་པ་གྲགས་ཅན་ཁུང་ཙིས། འབྱོར་བས་ཁང་བ་བརྒྱན། སྤྱོད་པས་རང་ལུས་བརྒྱན། བློ་ཁོག་ཡངས་ན་ལུས་སེམས་སྐྱིད་པས། དམ་པ་དག་སེམས་དྲང་བོར་བསླབ་པ་ལ་འབད་དོ །།(富润屋,德润身,心广体胖,故君子必诚其意。)ཞེས་དང་། ཡང་། གལ་ཏེ་ཀྲུའུ་ཀོན་ལྟ་བུའི་འཇོན་ནུས་ལྡན་དུ་ཆུག་ཀྱང་།  ཁེངས་དྲེགས་དང་སེར་སྣས་ལྷད་ན། ཡོན་ཏན་གཞན་ཅི་ཞིག་ཡོད་ཀྱང་གླེང་རིན་མེད་དོ། །(如有周公之才之美,使骄且吝,其余不足观也已。)ཞེས་དང་། ཡང་། རང་ལུས་དྲང་བོར་གནས་ན། གཞན་ལ་བཀའ་འབབ་མི་དགོས་པར་ཁོ་ཚོ་རང་ཤུགས་ཀྱིས་ཚུར་འདུས་འོངས། རང་ལུས་དྲང་བོར་མི་གནས་ན། ཁྱོད་ཀྱིས་བཀའ་ཇི་ལྟར་བབ་ཀྱང་ཁྱོད་གུས་བརྩི་བར་མི་འགྱུར་རོ།།(其身正,不令而行;其身不正,虽令而不从。)ཞེས་བྱ་བ་ལྟ་བུ་སོགས་ཀྱིས་མཚོན་རྒྱ་མིའི་སྲོལ་རྒྱུན་རིག་གཞུང་དུ། ཀུན་སྤྱོད་ཤེས་ཡོན་ཀུན་གྱི་རྨང་གཞིར་འཛིན་དགོས་པའི་བསླབ་བྱ་ཤིན་ཏུ་མང་ངོ་། །དེང་དུས་འཛམ་གླིང་ན་སྐད་གྲགས་ཆེ་བའི་ཨ་རིའི་འབྱོར་ལྡན་པཱ་ཧྥིས་ཊི(巴菲特)ཞེས་པས། མི་ཞིག་ལ་གདེང་འཇོག་བྱེད་ཚེ། གཙོ་བོར་ཁྱད་ཆོས་བཞི་ཚང་མིན་བརྟག་དཔྱད་བྱེད་དགོས། དེ་ནི་སེམས་བཟང་བོ། གཞུང་དྲང་བོ། བློ་རིག་ཆེ་བ།  འཇོན་ནུས་ལྡན་པ་བཞི་ཡིན་ལ། གལ་ཏེ་སྔ་མ་གཉིས་མེད་པར་ཕྱི་མ་གཉིས་ཙམ་ཡོད་ན་ནི་ཁྱོད་ལ་གནོད་པར་འགྱུར་རོ། །འོན་ཀྱང་མི་ཕལ་མོ་ཆེས་རང་དང་མཉམ་འབྲེལ་བྱེད་རོགས་ཤིག་འཚོལ་བ་ན། སེམས་དཀར་གཞུང་དྲང་ཞེས་པའི་གལ་ཆེ་བའི་གནད་འགག་འདི་སྣང་མེད་དུ་གཏོང་བར་བྱེད་དོ་(评价一个人时,应重点考察四项特征:善良、正直、聪明、能干;如果不具备前两项,那后面两项会害了你;很多人选择合作伙伴,都会忽视“正直善良”这一关键项。)ཞེས་བཤད་དོ།། ཡང་ཨ་རི་བ་ལས་ཀིན་里根གྱིས།  གལ་ཏེ་ཁྱོད་ཉིད་གཞུང་དྲང་ཞིག་ཡིན་ན། དེ་ནི་ཅི་བས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ལ། གལ་ཏེ་ཁྱོད་ཉིད་བསམ་པ་མི་བཟང་ན། གཞན་ཅི་དང་གང་ཡོད་ཀྱང་ཕན་པ་མེད་དོ།།(如果你正直,这比什么都重要;如果你不善良,什么都不重要了!)ཞེས་ནུབ་ཕྱོགས་པ་དག་གིས་ཀྱང་བསམ་བློ་ཡག་པོ་དང་ཀུན་སྤྱོད་བཟང་བོ་གལ་ཆེ་ཚུལ་མང་དུ་བཤད་དོ།།
        གཞན་ཡང་ཧེ་ཀེར་གྱིས།  ཀྲུང་གོ་བ་ལ་ཚད་ལྡན་གྱི་ཆོས་ལུགས་ཤིག་མེད། གལ་ཏེ་ཆོས་ལུགས་ཞེས་པ་ཞིག་ཡོད་ཟེར་ན། དེ་ནི་ལྷའམ་རང་བྱུང་གི་རྣམ་པ་ལ་སྐྱབས་འཆའ་བའི་བཤད་ལུགས་ཙམ་ཞིག་ཡིན། ཀྲུང་གོ་བས་མགོ་བོ་གཏད་སའི་ལྷ་ཞེས་པ་ནི་ཚེ་འདིའི་དངུལ་ལོར་ཙམ་དང་དབང་ཆ་ཙམ་རེད།(黑格尔:中国人没有像样的宗教,如果有“宗教”,也是宣传依赖“天”和各种自然现象。中国人膜拜的“天”是现世的金钱和权势。)ཅེས་དང་། ཡང་། ཀྲུང་གོ་བ་ནི་བརྫུན་བཤད་ནས་མིང་དུ་གྲགས་ཡོད་པ་ཞིག་སྟེ། དུས་དང་རྣམ་པ་ཀུན་ཏུ་བརྫུན་སྨྲའོ།།གྲོགས་པོས་གྲོགས་པོའང་སླུ་བར་བྱེད་ལ། གལ་ཏེ་བསླུ་བྲིད་བྱས་པ་དམིགས་འབེན་ལྟར་མ་འགྲུབ་པའམ། དེ་ཕ་རོལ་བོས་ཚོར་ཀྱང་། ཕྱོགས་གཉིས་ཀར་མཚར་སྣང་མི་སྐྱེ་ལ། ༼སྐྱག་བརྫུན་བཤད་པའམ་གཡོ་ཁྲམ་བྱས་པ་སོགས་༽ངོ་ཚའི་གནས་ཤིག་ཏུའང་རྩི་བཞིན་མེད་(中国人以撒谎著名,随时随地都能撒谎。朋友欺诈朋友,假如欺诈不能达到目的的或者对方所发觉时,双方都不以为怪,都不觉得可耻。)ཅེས་བཤད་པའང་མདོར་བསྡུས་ན་ད་ལྟའི་ཀྲུང་གོ་བ་ལ་ཀུན་སྤྱོད་བཟང་བོ་མེད་པར་བཤད་པ་རེད། ཧེ་ཀེར་གྱི་སྐད་ཆ་འདི་དག་ཀྲུང་གོ་བ་སུས་གོ་ནའང་མི་དགའ་ཞིང་། གནས་ལུགས་དང་མི་མཐུན་པའི་གཏམ་རེད་ཅེས་སྒྲུབ་བྱེད་མང་བོ་བཀོད་ནས་དགག་པ་བརྒྱག་སྲིད་མོད། འོན་ཀྱང་ངས་བལྟས་ན་དགག་པ་བྱེད་རྒྱུ་དེ་གཙོ་བོ་མ་ཡིན་གྱི། དོན་དངོས་སུ་ང་ཚོར་དད་པ་ཉམས་པ་ལས་བྱུང་བའི་སྐྱོན་དེ་དང་། ཀུན་སྤྱོད་ཉམས་པ་ལས་བྱུང་བའི་སྐྱོན་དེ་དག་ཡོད་མེད་རང་གིས་གསལ་བོར་བརྟགས་ནས་ཡོད་ན་ཡོ་བསྲིང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་མཐོང་ངོ་།།

  ད་ལྟའི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིན་ཀྱིས་ཀྱང་། ཀྲུང་གོའི་རྨི་ལམ་མངོན་གྱུར་འོངས་པ་ནི། དངོས་པོའི་དཔལ་ཡོན་དང་བསམ་བློའི་དཔལ་ཡོན་གཉིས་དོ་མཉམ་པོར་འཕེལ་རྒྱས་དང་ཕན་ཚུན་ཡར་སྐུལ་བྱས་པ་ལས་བྱུང་བའི་གྲུབ་འབྲས་རེད། (实现中国梦,是物质文明和精神文明均衡发展、相互促进的结果。)ཅེས་སོགས་བསམ་བློ་དང་ཀུན་སྤྱོད་གལ་ཆེ་ཚུལ་མང་བོ་བཤད་ཡོད་པས། ང་ཚོ་བསམ་བློ་དང་ཀུན་སྤྱོད་བཟང་བར་རློམ་པའི་བོད་རིགས་སློབ་གཉེར་བ་ཚོས་ཤེས་རིག་དང་ལག་རྩལ་ཙམ་ལ་གཙོ་བོར་མི་འཛིན་པར། བསམ་བློ་དང་ཀུན་སྤྱོད་ཚད་ལྡན་གྱི་ཡོན་ཏན་པ་མི་རིགས་དང་རྒྱལ་ཁབ་ཀུན་ལ་ཕན་ཐོགས་པ་ཞིག་ཨེ་ཡོང་བལྟ་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ།

གསུམ་པ།  དེ་དག་ཐམས་ཅད་རང་སྟེང་དུ་བསྐོར་ནས་ལག་ལེན་ལ་ཇི་ལྟར་བསྟར་ཚུལ།

       མིའི་རིགས་འཕེལ་རྒྱས་བྱུང་ནས་ད་ལྟའི་ཚན་རིག་དང་ཤེས་རིག་ལྡན་པའི་དུས་རབས་འདི་ལྟ་བུ་བྱུང་བ་ནི། མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བློ་རིག་ཁོ་ན་ལ་བརྟེན་པ་ཡིན་ཞེས་ངོམ་བཞིན་ཡོད་ལ། ངོམ་ཆོག་ཆོག་ཀྱང་ཡིན་ཏེ། ཚན་རིག་འཕེལ་རྒྱས་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པ་ལྟ་བུའི་དངོས་པོའི་དཔལ་ཡོན་བྱུང་བ་ནི་མངོན་སུམ་ཡིན་པས་སུས་ཀྱང་བསྙོན་འདིང་ག་ལ་ནུས། འོན་ཀྱང་ཚན་རིག་ལག་རྩལ་ལ་བརྟེན་ནས་བྱུང་བའི་རྡུལ་ཕྲན་འབར་མདེལ་དང་ཡ་ང་བའི་གཡུལ་འཁྲུགས་བསམ་ཡུལ་ལས་འདས་པ་མང་བོས་བསྐྱེད་པའི་འཇིགས་སྣང་འདི་ལྟ་བུའང་སྔོན་གཏན་ནས་བྱུང་བ་ཕར་ཟད། ཐོས་ཀྱང་མ་མྱོང་བ་ལྟ་བུ་ཡིན་པའང་སུ་ལ་གསང་། དེས་ན་ཀུན་སྤྱོད་བཟང་བོ་རྨང་གཞིར་ལྡན་པའི་ཚན་རིག་ནི་དཔལ་ཡོན་ངོ་མ་ཡིན་ལ། བྱམས་པ་དང་སྙིང་རྗེ་ལྡན་པའི་ཤེས་རབ་ནི་ཞི་བདེ་དང་འཆམ་མཐུན་བསྐྲུན་པའི་ཆ་རྐྱེན་གཙོ་བོ་ཡིན། དེས་ན་ང་ཚོས་གལ་ཆེ་ཚུལ་སྐད་ཆ་རྫིག་པོ་རྐྱང་རྐྱང་བཤད་ནས་བསྡད་ན་དོན་སྙིང་གང་ཡང་མེད། དེ་བས་འུ་ཅག་ཚང་མས་ཆུང་རིམ་ནས་རང་གི་སྐད་ཆ་བཤད་སྟངས། མིག་གིས་ལྟ་ལུགས། རྣ་བས་ཉན་ཚུལ། ཁ་ཟས་བཟའ་ལུགས། སློབ་སྦྱོང་བྱེད་ཚུལ་སོགས་ཀྱིས་མཚོན། རང་གི་འཚོ་བ་དངོས་ནས་འགོ་བཙུགས་ཏེ། རང་ཉིད་གུས་ལུགས་ལྡན་པ། ཤེས་ཡོན་ལྡན་པ། ཡིད་དུ་འོངས་པའི་མི་ཞིག་ཨེ་ཡོང་བལྟ་རྒྱུ་འདི་ཅི་ནས་ཀྱང་གལ་ཆེ་བ་ཡིན་སྙམ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཝང་ཕིན་ཅན་(王平建)ཞེས་པའི་བུད་མེད་ཅིག་གིས། ཏང་ཀྲུང་དབྱང་ལ། ཞིང་སྡེའི་བྱིས་པ་སློབ་གྲྭ་ཆེན་མོར་ལེན་རྒྱུའི་ཐོབ་ཐང་མེད་པར་བཟོ་དགོས། ཞིང་སྡེའི་བྱིས་པ་སློབ་གྲྭ་ཆེན་མོར་འགྲོ་རྒྱུར་བསྐུལ་མ་མི་བྱེད། མོས་ཞིང་སྡེའི་བྱིས་པ་ལ་སྐྱོན་ཆ་མང་བོ་ཡོད། ཁོ་ཚོ་སློབ་ཆེན་དུ་བླངས་ན་གྲོང་ཁྱེར་གྱི་བྱིས་པ་དག་ལའང་ཤུགས་རྐྱེན་ཐེབས་ཏེ། གྲོང་ཁྱེར་གྱི་བྱིས་པ་རྣམས་ཀྱང་ངན་པར་གྱུར་འགྲོ། ཀྲུང་དབྱང་གིས་ཆབ་སྲིད་ལ་བརྟེན་ནས་ཞིང་སྡེའི་བྱིས་པ་སློབ་ཆེན་དུ་འགྲོ་བ་གཏན་འགོག་བྱེད་དགོས། ཞིང་བ་རྣམས་ལ་ཡོད་པའི་སྐྱོན་དེ་དག་ནི་རིག་གནས་ལྡན་པའི་གྲོང་ཁྱེར་གྱི་མི་སུ་ཞིག་ཡིན་ཡང་བཟོད་ཐབས་མེད་ཅེས་ཉོག་གཏམ་ལུང་བ་གང་བཤད་ཡོད། བུད་མེད་དེ་ནི་ཆེས་ངན་པ་ཞིག་ཡིན་པ་སྨོས་མ་དགོས་ལ། ཞིང་བ་མང་བོ་མོའི་སྟེང་ལ་ཁོང་ཁྲོ་སྐྱེ་བཞིན་ཡོད། སྐྱེ་ཡང་སྐྱེ་རྒྱུ་རེད་མོད། འོན་ཀྱང་ཁོང་ཁྲོ་ལངས་པ་ཙམ་དང་ཚིག་ངན་བཤད་པ་ཙམ་གྱིས་དོན་ལ་མི་ཕན། དངོས་གནས་ལ་རྒྱ་ཡོད་ན། རང་གི་ཀུན་སྤྱོད་དང་ཤེས་ཡོན་སོགས་གྲོང་ཁྱེར་གྱི་བྱིས་པའི་ཡན་ལ་འབུད་ཐུབ་པ་བྱས་ནས་མོ་དང་མོ་ལྟ་བུ་དག་ལ་སྨྲ་རྒྱུ་མེད་པར་བྱེད་དགོས། སྤྱིར་བཏང་ཡང་ཁྱོད་ཀྱི་སྐད་ཆ་བཤད་ལུགས་དང་ལུས་ཀྱི་འདུག་སྟངས་སོགས་ཀྱང་ཚད་ལྡན་གྱི་ཀུན་སྤྱོད་དང་མི་མཐུན་པའམ། གུས་བཀུར་མེད་པ་ཞིག་ཡིན་ན། བྱུང་མི་དགོས་པའི་རྙོག་འཛིང་ཡང་མང་བོ་ཞིག་བྱུང་དང་འབྱུང་མུས་སུ་ཡོད་པ་མངོན་སུམ་ཡིན་པས། ད་ནས་བཟུང་བཅོས་སྒྱུར་གང་འཚམ་རེ་ཨེ་ཐུབ་བལྟ་རྒྱུ་གལ་ཆེ། འདི་ངའི་རང་གཤིས་ཡིན། མ་དགའ་ནའང་ངས་བསྒྱུར་མི་ཐུབ། ང་ནམ་ཡིན་ཡང་འདི་ཁོ་ན་ཡིན་ཞེས་རང་ཉིད་བརྙས་པའི་ལེ་ལོ་དང་གྲོགས་མི་བསྒྲིག་པར་ཞུ། དོལ་བའི་ཞལ་ནས། ཞར་ལ་ཚོགས་གསོག་པ་དང་སྒྲུབ་པ་སྦྱོང་།  ལྷ་དང་བླ་མ་ལ་གསོལ་བ་འདེབས་ཤིང་རུས་ཤིང་དང་བཅས་ནས་ནན་ཏན་གྱིས་བསམས་ན།  ལོ་བརྒྱར་ཡང་མི་སྐྱེ་སྙམ་པ་ཞིག་ཀྱང་འདུས་བྱས་སོ་ན་མི་གནས་པས་ཅི་ཞིག་ལྟར་ལ་སྐྱེ་བ་ཡིན་གསུང་ངོ་།།ཞེས་གསུངས་པ་ལྟར་རང་གཤིས་ཀྱང་མི་རྟག་པ་ཡིན་པ་དང་། བློ་གོམས་པའི་རྗེས་སུ་འགྲོ་བ་ཡིན་པས་རིམ་གྱིས་གོམས་ན་མི་ཐུབ་པ་གང་ཡང་མེད། དེའི་ཕྱིར་སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི།།དངོས་དེ་གང་ཡང་ཡོད་མ་ཡིན།།ཞེས་གསུངས་པའང་དོན་ལ་གནས་པ་ཁོ་ན་ཡིན་ནོ།།ཞེས་གསུངས་པ་ལྟར་སེམས་ལ་བཟུང་ནས་སྲོ་མི་ཤི་བར་བརྩོན་པ་བྱེད་རྒྱུ་ནི་ངའི་རེ་བ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཀུན་སྤྱོད་ལྡན་པའི་ཤེས་ཡོན་ནི་རང་གཞན་གཉིས་ཕན་གྱི་བདུད་རྩི་སྨན་མཆོག་ཡིན།   སྤེལ་མཁན།: ཡག་པོ་གསུང་འདུག བཀའ་དྲིན་ཆེ། སྤེལ་དུས:2015/12/9
བཀའ་དྲིན་ཆེ། དུས་སུ་ཕན་པ་ཞིག་གསུང་འདུག
how to abort at home abortion pill what happens when you get an abortion
gabapentin 300mg blog.tgworkshop.net sildenafil citrate 50mg
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23611897
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།