འདི་ཡང་རྒྱལ་གཉེར་སློབ་གྲྭ་ལེགས་ལམ་དུ་འགྲོ་བཞིན་པའི་འཕྲིན་གསར་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འདི་ཡང་རྒྱལ་གཉེར་སློབ་གྲྭ་ལེགས་ལམ་དུ་འགྲོ་བཞིན་པའི་འཕྲིན་གསར
འདི་ཡང་རྒྱལ་གཉེར་སློབ་གྲྭ་ལེགས་ལམ་དུ་འགྲོ་བཞིན་པའི་འཕྲིན་གསར་ཡིན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-12-03ལྟ་ཀློག (5481)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཁུལ་སློབ་རའི་འཕྲིན་གསར།

འབྲི་སྟོད་རྫོང་གི་སློབ་འབྲིང་དུ་སྔར་མེད་པའི་འཆད་ཁྲིད་སྐལ་བཟང་མིག་སྒྲོན་ཞེས་པ་གོ་བསྒྲིགས་བྱུང་།

       སྤྱི་ལོ་༢༠༡༥ལོའི་ཟླ་༡༡པའི་ཚེས་༢༣ནས་ཚེས་༣༠བར་དུ་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་རིན་ཆེན་རྡོ་རྗེ་མཆོག་གི་དབུ་ཁྲིད་འོག   ཁྲིད་དཔྱོད་ཁང་གི་གཙོ་འཛིན་རྒན་དོན་འགྲུབ་རྡོ་རྗེ་དང་རྒན་རྡོ་རྗེ་དོན་འགྲུབ་ཁོང་རྣམ་པས་སློབ་གྲྭའི་སློབ་གསོ་དང་ས་གནས་སྤྱི་ཚོགས་བཅས་ཀྱི་གནས་བབས་དང་ལས་དབང་ལ་ཐུགས་ཁུར་ཆེ་བཞེས་གནང་སྟེ།   སློབ་གྲྭའི་དགེ་རྒན་རྣམ་པའི་མི་རིགས་རིག་གནས་ཀྱི་ཤེས་ཡོན་ཆུ་ཚད་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་ཡོང་བ་དང་།   སློབ་མ་རྣམས་དང་ས་གནས་སྤྱི་ཚོགས་བཅས་ལ་ཕན་ནུས་བཟང་པོ་ཞིག་ཐོན་པར་དམིགས་ཏེ།  འཆད་ཁྲིད་སྐལ་བཟང་མིག་སྒྲོན་ཞེས་པ་ཞིག་གོ་བསྒྲིགས་གནང་ཞིང་།  སྔ་ཕྱིར་དགེ་རྒན་རྣམ་པ་གསུམ་གྱི་འཆད་ཁྲིད་སློབ་གྲྭའི་སྲིད་འཛིན་ཐོག་ཁང་གི་ཚོགས་ཁང་དུ་གོ་བསྒྲིགས་གནང་བ་ནི་འདི་ལྟ་སྟེ།

དགེ་རྒན་བཟང་པོ་དོན་འགྲུབ་ལགས་ཀྱི་འཆད་ཁྲིད་མཛད་བཞིན་པ།

འཆད་ཁྲིད་གནང་མཁན།  རྒན་བཟང་པོ་དོན་འགྲུབ།

ཁོང་གི་འཆད་ཁྲིད་ཀྱི་ཁ་བྱང་།  བོད་ཀྱི་བརྡ་སྤྲོད་རིག་པ་འཕེལ་རིམ་གྱི་ལོ་རྒྱུས་གླེང་བ།

ཁོང་གི་འཆད་ཁྲིད་དེའི་བརྗོད་དོན་གཙོ་བོ་ནི།

       སྐད་ཡིག་ནི་འགྲོ་བ་མི་ཡི་རིགས་ལ་ཆེས་དགོས་མཁོ་ཆེ་བ་ཞིག་ཡིན་པ་མ་ཟད་མི་རིགས་ཤིག་གི་རིག་གནས་འཕེལ་རྒྱས་སུ་འགྲོ་བར་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་པ་སོགས་ཀྱི་སྐོར་ནས་གླེང་སློང་བ་དང་འབྲེལ་ཏེ་སྐད་ཆའི་འབྱུང་ཁུངས་དང་འཕེལ་ཕྱོགས།  བོད་ཀྱི་ཡི་གེའི་གཞུང་གི་ཕྱི་མོའི་ཁུངས་བཅོལ་ཡུལ།  སྲོང་བཙན་གོང་དུ་བོན་ཞང་རྒྱལ་སྲིད་དང་ཡི་གེ་ཡོད་པའི་བཞེད་ཚུལ།  ཐོན་མིས་བོད་ཡིག་ཇི་ལྟར་མཛད་ཚུལ།  མཁས་པ་ཁག་གཅིག་གི་ལུང་དང་ཏུང་ཧོང་གཏེར་ཡིག་སོགས་ཀྱི་ཁུངས་ལུང་དྲངས་ཏེ་བོད་ཀྱི་རྣམ་དབྱེ་ནི་བརྒྱད་དུ་གྲངས་ངེས་པར་སྒྲུབ་པ་དང་།  མཁས་པ་འགའ་ཞིག་གིས་རྣམ་དབྱེ་དང་པོ་ནི་རྣམ་དབྱེ་མ་ཡིན་ཞེས་པའི་འདོད་ཚུལ་ལ་དགག་པ་བསྐྱོན་ཞིང་།  དེ་བཞིན་ཞང་ཞུང་གི་རྒྱལ་པོ་གསེར་གྱི་བྱ་རུ་ཅན་དང་དེང་སྐབས་ས་འོག་ནས་ཐོན་པའི་གནའ་རྫས་སོགས་ཀྱི་སྐོར་གསལ་བཤད་གནང་པ་དང་འབྲེལ་ཏེ།  ང་ཚོ་བོད་ཀྱི་ལོ་རྒྱུས་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཟེར་བ་ཙམ་ཞིག་མ་ཡིན་པར།དེ་ལས་རིང་བའི་མི་རིགས་ཤིག་གི་ལོ་རྒྱུས་གླེང་རྒྱུ་ཡོད་པ་ཞིག་བྱུང་ན་དགེ་མཚན་ཆེ་བའི་ལྟ་ཚུལ་གསུངས་པ་སོགས་ཀྱི་སྒོ་ནས་བོད་སྐད་ཡིག་གི་བྱུང་རིམ་ལོ་རྒྱུས་དང་ཁྱད་ཆོས།  དགེ་མཚན་བཅས་དཔེ་མང་ཀློག་པའི་ཐོས་རྒྱས་ཞིབ་འཇུག་གནང་པའི་དོན་ལྡན་གྱི་འཆད་ཁྲིད་རིན་ཐང་མངའ་བ་ཞིག་གནང་ཞིང་།  མཐའ་བསྡོམས་སུ་ཁོང་གིས་ང་ཚོས་མི་རིགས་འདིའི་སྐད་ཡིག་རིག་གནས་ལ་རང་ཉིད་ཀྱིས་བདག་པོ་རྒྱག་དགོས་པ་ལས། གཞན་ཞིག་ཡོང་སྟེ་འཛིན་སྐྱོང་སྤེལ་གསུམ་བྱེད་མི་ཡོང་བའི་གནས་ཚུལ་ཤེས་པའི་སྒོ་ནས་མཐོང་ཆེན་དང་འཛིན་སྐྱོང་སྤེལ་གསུམ་གནང་བའི་རེ་བ་ཡོད་ཅེས་གསུངས།

དགེ་རྒན་ཨ་ཁུངས་བསོད་ནམས་ཆོས་འཕེལ་ལགས་ཀྱིས་འཆད་ཁྲིད་མཛད་བཞིན་པ།

འཆད་ཁྲིད་གནང་མཁན།  རྒན་ཨ་ཁུངས་བསོད་ནམས་ཆོས་འཕེལ།

ཁོང་གི་འཆད་ཁྲིད་ཀྱི་ཁ་བྱང་།   སི་ཏུ་དང་བྲ་ཏིའི་ལུགས་ཀྱི་རྣམ་དབྱེའི་དགོངས་པ་ལ་དཔྱད་པ།

ཁོང་གི་འཆད་ཁྲིད་དེའི་བརྗོད་དོན་གཙོ་བོ་ནི།

        ཐོག་མར་ཚོགས་བཞུགས་དགེ་སློབ་ཡོངས་ལ་འཚམས་འདྲི་གནང་བ་དང་འབྲེལ་ཏེ་ཁོང་རང་ཉིད་ཀྱིས་བརྩམས་གནང་མཛད་པའི།  སུམ་ཅུ་བའི་རྣམ་བཤད་བྱིས་པ་འཇུག་པའི་ལམ་བུ་ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བ་ཞིག་ཡོད་པ་དེ་ཁྲིད་གཞིར་བཟུང་སྟེ།   བོད་ཀྱི་བརྡ་སྤྲོད་རིག་པའི་ཁྱད་ཆོས་དང་དགེ་མཚན་བཅས་གསུངས་པ་དང་འབྲེལ།  བོད་ཀྱི་བརྡ་སྤྲོད་ཆེད་མཁས་པ་རྣམ་པས་རྣམ་དབྱེའི་གྲངས་འདྲེན་དང་འཇོག་ཚུལ་མི་གཅིག་པ་དུ་མ་ཡོད་པ་དེ་དག་ནི།  བོད་ཀྱི་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མི་མཆོག་གིས་མཛད་པའི་སུམ་རྟགས་གཉིས་ལས་སུམ་ཅུ་པའི་ནང་དུ་རྣམ་དབྱེའི་གྲངས་ཀ་མི་གསལ་ཡང་།  རྟགས་ཀྱི་འཇུག་པའི་སྐབས་སུ།   ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲང་། །ཞེས་པའི་ལུང་ལ་གཞི་བཟུང་སྟེ་བཞེད་ཚུལ་སྣ་ཚོགས་བྱུང་ཡོད་ཅིང་དེ་དག་མཚོན་ཙམ་ཞིག་བཤད་ན་འདི་ལྟ་སྟེ།  བྲ་ཏི་ལྟར་ན་རྣམ་དབྱེ་བརྒྱད་དུ་འདོད་ཅིང་དོན་གྱི་ངོ་བོ་བརྗོད་པའི་མིང་རྣམ་དབྱེ་དང་པོར་བཞེད། སི་ཏུ་ལྟར་ན་རྣམ་དབྱེ་བདུན་དུ་བཞེད་ཅིང་འོན་ཀྱང་དཔེ་བརྗོད་དུ་རྣམ་དབྱེ་བརྒྱད་ཀྱི་དཔེ་བརྗོད་བཞག་གནང་མཛད་ཡོད།  དེ་བཞིན་ཁོང་གིས་དོན་གྱི་ངོ་བོ་ཙམ་བརྗོད་པའི་ཁྱད་པར་གཞལ་དུ་སྟོན་པའི་ཚིག་རྣམ་དབྱེ་དང་པོ་རུ་བཞེད།  ས་པཎ་ལྟར་ན་རྣམ་དབྱེ་ཉེར་གཅིག་ཏུ་བཞེད་པ་དང་།  ཚེ་བརྟན་ཞབས་དྲུང་ལགས་ཀྱིས་རྣམ་དབྱེ་བརྒྱད་ནི་བོད་ཀྱི་རང་སྐད་དུ་ཡོད་པར་བཞེད་པ་དང་། དམུ་དགེ་བསམ་གཏན་ལགས་ཀྱིས་ཀྱང་རྣམ་དབྱེ་བརྒྱད་དུ་བཞེད་པ་ཡིན།  དོར་ཞི་རིན་པོ་ཆེས་རྣམ་དབྱེ་ནི་བདུན་ཏེ་མིང་རྣམ་དབྱེ་མ་ཡིན་པར་བཞེད། དཔའ་རིས་སངས་རྒྱས་ལགས་ཀྱིས་མིང་རྣམ་དབྱེ་ཡིན་པར་བཞེད་པ་སོགས།  བོད་ཀྱི་བརྡ་སྤྲོད་མཁས་པ་རྣམ་པའི་དགོངས་བཞེད་དག་གསལ་བཤད་ལེགས་པར་གནང་གྲུབ་རྗེས། བྲ་ཏི་དང་སི་ཏུ་རྣམ་པ་གཉིས་པོའི་རྣམ་དབྱེའི་གྲངས་འདྲེན་དང་འཇོག་ཚུལ་དཔེ་བརྗོད་དང་བཅས་པ་མཐུན་པ་དང་མི་མཐུན་པ་གང་དང་གང་དག་ཡོད་མེད་ཀྱི་སྐོར་ནས་དཔེ་བརྗོད་རེ་རེ་བའི་སྒོ་ནས་ཚོགས་བཞུགས་དགེ་སློབ་ཀུན་གྱི་ཡིད་ཀྱི་དང་བ་འདྲེན་པའི་འགྲེལ་བཤད་ཞིབ་རྒྱས་གནང་བ་རེད།

དགེ་རྒན་སྦྱིན་པ་ལགས་ཀྱིས་འཆད་ཁྲིད་མཛད་བཞིན་པ།

འཆད་ཁྲིད་གནང་མཁན།  རྒན་སྦྱིན་པ།

ཁོང་གི་འཆད་ཁྲིད་ཀྱི་ཁ་བྱང་།ཚུལ་ཁྲིམས་གསུམ་གྱི་རྣམ་བཤད།

ཁོང་གི་འཆད་ཁྲིད་དེའི་བརྗོད་དོན་གཙོ་བོ་ནི།

       ཐོག་མར་དགེ་བའི་བཤེས་གཉེན་རྣམ་པར་བསྟོད་ཕྱག་འཚལ་ཏེ་ཚོགས་བཞུགས་དགེ་སློབ་ཡོངས་ལ་འཚམས་འདྲི་གནང་བ་དང་།  གོ་སྒྲིག་གནང་མཁན་རྣམ་པར་ཡང་བཀའ་དྲིན་ཞུས་ནས་འཆད་ཁྲིད་དངོས་ལ་ཞུགས།  དེ་ནས་གོ་རིམ་བཞིན་དུ་སངས་རྒྱས་ཆོས་ལུགས་ཀྱི་བྱུང་རིམ་ལོ་རྒྱུས་དང་ངོ་བོ་ཁྱད་ཆོས་དགེ་མཚན་བཅས་མདོར་བསྡུས་ཙམ་ཞིག་དང་།  དེ་བཞིན་སྤྱིར་དགེ་སྡིག་ངོས་འཛིན་ཚུལ་དང་བྱེ་བྲག་ཏུ་ཐེག་པ་ཆེ་ཆུང་གཉིས་པོས་དགེ་སྡིག་ངོས་འཛིན་བྱ་ཚུལ་གྱི་ཁྱད་པར།  སེམས་ཅན་གྱི་རེ་འདོད་དང་ལག་ལེན་བར་གྱི་འགལ་འབྲེལ་བཅས་ཆོས་གཞུང་གཞིར་བཟུང་ཐོག་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་གནང་རྗེས།  དངོས་གཞིར་ཚུལ་ཁྲིམས་ཀྱི་ངོ་བོ་དང་དེའི་གལ་ཆེན་རང་བཞིན་གླེང་བ་དང་འབྲེལ་ཚུལ་ཁྲིམས་ཀྱི་ནང་གསེས་དབྱེ་བ་གསུམ་སྟེ།  ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།  སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ལས།   དང་པོའི་ཁོངས་སུ་སྤང་བྱ་མི་དགེ་བ་བཅུ་དང་།  གཉིས་པར་རང་རྒྱུད་འདུལ་བྱེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གསུམ་པར་གཞན་དོན་སྒྲུབ་བྱེད་དུ་བསྡུ་བའི་དངོས་པོ་བཞི་སོགས་ཀྱི་གོ་རིམ་བསྒྲིགས་ཏེ།  ལུང་རིགས་དཔེ་གསུམ་གྱི་སྒོ་ནས་སློབ་གསོ་སློབ་གཉེར་བ་རྣམ་པ་དང་སྐབས་བབ་སྤྱི་ཚོགས་བཅས་ལ་ཁ་གཏད་དེ་འཆད་ཁྲིད་ཞིབ་རྒྱས་གནང་།

ཚོགས་བཞུགས་དགེ་རྒན་རྣམ་པས་འཆད་ཁྲིད་གསན་བཞིན་པ།

ཚོགས་བཞུགས་སློབ་མ་རྣམ་པས་འཆད་ཁྲིད་ཀྱི་ཟིན་བྲིས་བྲི་བཞིན་པ།

སྐབས་དེའི་ཚོགས་རའི་རྣམ་པ།

འཆད་ཁྲིད་དེ་དག་གི་ཚོགས་ཞུགས་སུ་སློབ་འབྲིང་དེ་གའི་དགེ་སློབ་རྣམ་པ་དང་གཞན་ཡང་འབྲི་སྟོད་རྫོང་ཐོག་གི་སློབ་ཆུང་རྣམས་ཀྱི་དགེ་རྒན་ཁག་གཅིག་བཅས་མཉམ་ཞུགས་གནང་ཡོད་པ་རེད།

རྒན་དོན་འགྲུབ་རྡོ་རྗེ་དང་རྡོ་རྗེ་དོན་འགྲུབ་རྣམ་གཉིས་ཀྱིས་སྔ་ཕྱིའི་འཆད་ཁྲིད་དག་གི་མདོ་འཛིན་མཛད་བཞིན་པ།

   སྔ་ཕྱིའི་འཆད་ཁྲིད་དེ་དག་གི་མདོ་འཛིན་རྒན་དོན་འགྲུབ་རྡོ་རྗེ་དང་རྡོ་རྗེ་དོན་འགྲུབ་རྣམ་གཉིས་ཀྱིས་མཛད་དེ།  འཆད་ཁྲིད་འདི་འདྲ་ཞིག་གོ་བསྒྲིགས་ཞུ་དགོས་པའི་དམིགས་ཡུལ་གསལ་བཤད་གནང་པ་དང་འབྲེལ་ཏེ།  འཆད་ཁྲིད་དག་གི་འགོ་འཛུགས་སྐབས་སུ་འཆད་ཁྲིད་གནང་པ་པོ་སུ་དང་ཁྲིད་བྱའི་བརྗོད་བྱ་གང་ཞིག་ཡིན་མིན་ཚོགས་བཞུགས་དགེ་སློབ་རྣམ་པར་ངོ་སྤྲོད་གནང་པ་དང་།  མཇུག་ཏུ་འཆད་ཁྲིད་དེ་དག་གི་བརྗོད་བྱ་མཐའ་བསྡོམས་གནང་བ་བཅས་ཀྱི་སྒོ་ནས་རྒན་རྣམ་པ་གསུམ་གྱི་འཆད་ཁྲིད་དེ་དག་འཐུས་སྒོ་ཚང་ཞིང་གེགས་མེད་བདེ་ལེགས་ཀྱི་ངང་ནས་ལེགས་པར་མཇུག་བསྡུས་པ་རེད།།


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqjw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531989
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།