རང་སེམས་ཆོས་ལ་སྐུལ་བའི་བཀའ་སློབ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »རང་སེམས་ཆོས་ལ་སྐུལ་བའི་བཀའ་སློབ་བཞུགས་སོ།།
རང་སེམས་ཆོས་ལ་སྐུལ་བའི་བཀའ་སློབ་བཞུགས་སོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-11ལྟ་ཀློག (3697)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རང་སེམས་ཆོས་ལ་སྐུལ་བའི་བཀའ་སློབ་བཞུགས་སོ།།

  རྗེ་ལམ་རིམ་པ།

ན་མོ་གུ་རུ།  

གང་མཚན་ལན་གཅིག་རྣ་བར་ལྷུང་བས་ཀྱང་།།

སྲིད་ཞིའི་དབུལ་བ་སེལ་དང་ཆབས་གཅིག་པར།།

ཅི་འདོད་རེ་བ་སྐོང་བའི་ཡིད་བཞིན་ནོར།།

བླ་མ་མཆོག་གསུམ་གཙུག་གི་རྒྱན་དུ་རོལ།།


གྲོགས་དག་འདི་ཕྱིའི་གཏན་དུ་བདེ་འདོད་ཅིང་།།

སྡིག་མི་འདོད་ན་ཆོས་བཞིན་བྱ་དགོས་པས།།

ཇི་ལྟར་བྱ་ཚུལ་མདོར་བསྡུས་གོ་བདེ་བར།།

ཚིག་འགའ་གསོལ་ལ་ཅུང་ཟད་སྙན་གཏོད་ཅིག།


ནད་པ་དག་གིས་སྨན་པ་འཚོལ་བ་བཞིན།།

ཐོག་མར་ཚད་ལྡན་བཤེས་གཉེན་དམ་པ་ཞིག།།

བཙལ་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ།།

བསྟེན་ནས་གདམས་པ་ལོངས་ཤིག་སྙིངགཏམཡིན།།


ཐོག་མེད་དུས་ནས་དམྱལ་བ་ཡི་དྭགས་སོགས།།

མི་ཁོམ་གནས་སུ་སྡོད་དགོས་བྱུང་མོད་ཀྱི།།

ད་རེས་དེ་ནས་ཡུད་ཙམ་ཐར་བ་འདི།།

རྨི་ལམ་ལྟ་བུ་ཡིན་ནོ་སྙིང་གཏམ་ཡིན།།


རྙེད་དཀའི་མི་ལུས་ལན་ཅིག་རྙེད་དུས་འདིར།།

སྙིང་ནས་བསྒྲིམས་ཏེ་སྙིང་བོ་མ་བླངས་ན།།

སླར་ཡང་ངན་སོང་གནས་འདིར་ལྷུངས་པའི་ཚེ།།

འགྱོད་ཀྱང་འཕྱིས་པར་ཟད་དེ་སྙིང་གཏམ་ཡིན།།


ཤིན་ཏུ་དབུལ་བའི་མི་ཞིག་གསེར་གླིང་དུ།།

ཡུད་ཙམ་ཚུད་ན་ནོར་བུ་ཅིས་མི་ལེན།།

དེ་བཞིན་བདག་འདྲས་དལ་འབྱོར་ཐོབ་དུས་འདིར།།

དེ་བས་སྙིང་བོ་བླང་དགོས་སྙིང་གཏམ་ཡིན།།


དལ་འབྱོར་ཐོབ་ཀྱང་དོན་མེད་རྣམ་གཡེང་ངང་།།

མི་ཚེ་འདས་ན་དབུལ་བོས་གསེར་གླིང་ནས།།

ལག་སྟོང་ལྡོག་པ་ལས་ཀྱང་ཆེས་ཕངས་པས།།

རང་ལྕག་རང་ལ་བྲོབས་ཤིག་སྙིང་གཏམ་ཡིན།།


དོན་ཆེན་གཏན་བདེ་སྒྲུབ་ནུས་རྟེན་བཟང་འདི།།

དོན་མེད་འདི་སྣང་ལས་ལ་ཆུད་གསན་ན།།

མི་རུ་རློམ་ཡང་དོན་དུ་བྱོལ་སོང་དང་།།

ཁྱད་པར་ཅི་ཡང་མེད་དོ་སྙིང་གཏམ་ཡིན།།


སྐྱེས་པའི་ནམ་གཞུག་འཆི་ལས་མ་འདས་ཤིང་། །

འཆི་ཚེ་ཆོས་ལས་གཞན་གྱིས་མི་ཕན་པས།།

ཕན་ངེས་ཆོས་ཤིག་ཉི་མ་དེ་རིང་ནས།།

གང་ནུས་ཅི་ཡོང་སྒྲུབས་དང་སྙིང་གཏམ་ཡིན།།


ཐ་ན་དེ་རིང་ཙམ་ཡང་མི་འཆི་བའི།།

གདེང་ཚོད་ཅུང་ཟད་ཙམ་ཡང་མེད་བཞིན་དུ།།

ད་དུང་སྡོད་གཤོམ་ཁོ་ནས་དུས་འདའ་བ།།

མི་ཁྱོད་སྨྱོ་བ་མིན་ནམ་སྙིང་གཏམ་ཡིན།།


ཚེ་འདིའི་གཅེས་ནོར་ཕ་མ་སྤུན་མཆེད་སོགས།།

ཡིད་ལ་གཅགས་ཀྱང་རིང་མིན་དབང་མེད་དུ།།

བཞག་ནས་རང་ཉིད་གཅིག་བུ་འགྲོ་དགོས་པས།།

འགྲོ་ཆས་ལ་འུར་སྡོགས་དང་སྙིང་གཏམ་ཡིན།།


རང་རེས་མཐོང་བའི་སྐྱེ་བོ་ཇི་སྙེད་ཅིག།

ཤི་ནས་ད་ལྟ་གར་སོང་ཆ་མེད་ཐལ།།

རང་ཡང་རིང་མིན་དེ་ལྟར་ཐལ་བས་ན།།

ཚེ་འདིར་ཆགས་ནས་ཅི་བྱེད་སྙིང་གཏམ་ཡིན།།


ཉེས་ཅན་གསོད་སར་བཀྲི་བའི་བར་སྐབས་དེར།།

ནོར་བུ་རྙེད་ཀྱང་དགོས་རྒྱུ་མ་མཆིས་ལྟར།།

མི་ཚེ་ཡུད་ཀྱིས་སོང་བའི་བར་སྐབས་འདིར།།

ཅིས་ཀྱང་དགོས་པ་མེད་དེ་སྙིང་གཏམ་ཡིན།།


ཕྱི་ནས་འོང་རྒྱུ་མི་རྟག་འཆི་བའི་ཚུལ།།

སྔོན་ནས་བསམས་ཏེ་འཆི་གྲབས་མ་བྱས་ན།།

དུས་ལ་གཏུགས་ཚེ་ཅི་བགྱིར་མ་མཆིས་པས།།

རྗེས་ཡོང་སྔོན་ལ་སོམས་དང་སྙིང་གཏམ་ཡིན།།


སྙིང་བོ་མེད་པའི་འདི་སྣང་བྱ་བ་ལ།།

སྙིང་བོར་རློམས་ཏེ་མགོ་བོ་འཁོར་འཁོར་ནས།།

སྙིང་བོའི་ལྷ་ཆོས་སྣེ་གཅིག་མ་བྱེད་ན།།

སྙིང་རྩ་རུལ་བར་ངེས་སོ་སྙིང་གཏམ་ཡིན།།


ཚེ་འདི་ཇི་ལྟར་རིང་ཡང་ལོ་འགའ་ཙམ།།

ཕྱི་མ་ཕན་གྱི་མཐའ་ལ་གཏུགས་དུས་མེད།།

དེ་ཕྱིར་འདི་ལས་ཕྱི་མ་གལ་ཆེ་བས།།

ཕྱི་མའི་དོན་ལ་འབུངས་ཤིག་སྙིང་གཏམ་ཡིན།།


མི་ཚེ་གང་བོ་སྐྱིད་ན་ཉིན་གཅིག་ཙམ།།

དཀའ་བ་སྤྱད་དགོས་བྱུང་ཡང་ཅིས་མི་བཟོད།།

དེ་བཞིན་གཏན་དུ་སྐྱིད་ན་ཚེ་ཐུང་འདིར།།

ཆོས་ཕྱིར་སྡུག་ཀྱང་ལོས་བཟོད་སྙིང་གཏམ་ཡིན།།


ཉིན་གཅིག་བདེ་ལ་ཆགས་ནས་མི་ཚེའི་རིང་།།

སྡུག་ལ་སྦྱོར་ན་ཤིན་ཏུ་བླུན་པ་སྟེ།།

ཚེ་འདིར་ཆགས་ནས་གཏན་ཏུ་སྡུག་བསྔལ་ལ།།

སྦྱོར་ན་དེ་བས་བླུན་ནོ་སྙིང་གཏམ་ཡིན།།


ད་ལྟ་མཐོ་ཡིས་སླེབ་དུས་མ་འབད་ན།།

ནམ་ཞིག་འདོམས་ཀྱིས་མི་འཁྱུད་དུས་བྱུང་ཚེ།།

འགྱོད་ཀྱང་ཕན་པ་མེད་པས་བྱ་དགོས་རྣམས།།

ད་ལྟ་ཉིད་ནས་བྱོས་དང་སྙིང་གཏམ་ཡིན།།


ཕྱི་མར་ཕན་པའི་ཆོས་ཤིག་བྱེད་འདོད་ཀྱང་།།

ཕར་ཙམ་མི་འཆི་སྙམ་པའི་རྟག་འཛིན་འདིས།།

བསླུས་ནས་ལག་སྟོང་ལྡོག་པ་ཆེས་མང་བས།།

བྱེད་ན་འཕྲད་ལ་བྱོས་དང་སྙིང་གཏམ་ཡིན།།


འདི་ནས་ངན་འགྲོར་ལན་ཅིག་ལྷུངས་གྱུར་ན།།

སླན་ཆད་ཐར་བའི་གོ་སྐབས་མ་མཆིས་པས།།

ད་ལྟ་རང་ལག་ཡོད་དུས་ངན་སོང་གི།

སྐྱེ་སྒོ་ཅི་ཆོད་ལྟོས་དང་སྙིང་གཏམ་ཡིན།།


བརྒྱ་ལ་ངན་སོང་སྡུག་བསྔལ་མི་བཟོད་ན།།

དེ་རྒྱུ་སྔར་བསགས་གང་ཡིན་འདག་ངེས་སུ།།

སྦྱོངས་ལ་ཕྱིན་ཆད་མི་བྱེད་སྡོམ་སེམས་ངོས།།

སྤང་བླང་འཛོལ་མེད་གྱིས་དང་སྙིང་གཏམ་ཡིན།།


རྒྱུས་མེད་ཡུལ་དུ་གྲོགས་མེད་འཁྱམས་པའི་ཚེ།།

ཚེ་འདིའི་གཉེན་བཤེས་ལོངས་སྤྱོད་ཀུན་གྱིས་བསུ།།

བསླུ་བ་མེད་པ་དཀོན་མཆོག་རིན་ཆེན་གསུམ།།

གསུམ་ལ་སྐྱབས་སུ་འཆོས་དང་སྙིང་གཏམ་ཡིན།།


ཕར་ལ་བསྐྱབས་ན་ཚུར་ལ་མི་བསླུ་བ།།

དཀོན་མཆོག་གསུམ་འདྲ་གཞན་དུ་ཡོད་མིན་པས།།

དོན་མེད་མི་ལ་རེ་བ་མ་མཆིས་པར།།

ལྷ་ལ་སྐྱབས་སུ་སོང་དང་སྙིང་གཏམ་ཡིན།།


སྐྱོན་ཟད་ཡོན་ཏན་ཀུན་རྫོགས་ཐུགས་རྗེའི་སྤྱན།།

གཟིགས་པ་དུས་ལས་མི་ཡོལ་སངས་རྒྱས་ལ།།

ཡིད་ཆེས་དད་པ་དྲག་པོའི་ངང་ཉིད་ནས།།

བློ་ཕུག་ལིངས་ཀྱིས་འགེལ་དང་སྙིང་གཏམ་ཡིན།།


སྐྱབས་སུ་གསོལ་ན་མི་མཁྱེན་མི་སྲིད་ཅིང་།།

མཁྱེན་ནས་མི་སྐྱོབ་པ་ཡང་མི་སྲིད་ལ།།

བསྐྱབས་ན་མི་ནུས་པའང་མི་སྲིད་པས།།

རྩེ་གཅིག་སྐྱབས་སུ་གསོལ་དང་སྙིང་གཏམ་ཡིན།།


ཆོས་ཞེས་བྱ་བ་རྣམ་གྲངས་མང་མོད་ཀྱང་།།

སྐྱབས་འགྲོར་མ་འདུས་གང་ཡང་ཡོད་མིན་པས།།

བརྒྱ་གོ་གཅིག་ཆོད་སྐྱབས་འགྲོའི་ཉམས་ལེན་ལ།།

ནན་ཏན་སྙིང་པོར་མཛོད་དང་སྙིང་གཏམ་ཡིན།།


གང་དང་གང་གི་ས་བོན་བཏབ་པ་ལས།།

དེ་དང་དེ་ཡི་འབྲས་བུ་འབྱུང་བ་བཞིན།།

དཀར་ནག་ལས་འབྲས་ནམ་ཡང་མི་བསླུ་པས།།

སྡིག་སྤོང་དགེ་བ་སྒྲུབས་དང་སྙིང་གཏམ་ཡིན།།


བདེ་བ་འདོད་ན་དགེ་ལ་ནན་ཏན་སྐྱེད།།

སྡུག་མི་འདོད་ན་དེ་རྒྱུ་སྡིག་པ་སྤོངས།།

སངས་རྒྱས་དངོས་ལ་ཞུས་ཀྱང་འདི་ལས་ལྷག།

གདམས་པ་གསུང་རྒྱུ་མེད་དོ་སྙིང་གཏམ་ཡིན།།


ལས་འབྲས་བསླུ་མེད་ཚུལ་ལ་ཡིད་ཆེས་ནས།།

སྡིག་སྤོང་དགེ་བ་བསྒྲུབ་ལ་འབད་ནུས་ན།།

འདི་ཕྱི་གཏན་ཏུ་བདེ་བ་འབའ་ཞིག་ལས།།

སྡུག་བསྔལ་མིང་ཡང་མེད་དོ་སྙིང་གཏམ་ཡིན།།


མི་རྣམས་དམྱལ་བའི་རྒྱུ་ལའང་དེ་ཙམ་དུ།།

འབད་པར་རིགས་ན་རང་རེ་གཏན་བདེའི་རྒྱུར།།

དམ་པའི་ཆོས་ལ་ཅི་སྟེ་འབད་མི་རིགས།།

ཡོད་རྒུའི་རྩལ་གྱིས་འབུངས་ཤིག་སྙིང་གཏམ་ཡིན།།


མདོར་ན་མ་འོངས་གཏན་གྱི་བདེ་སྡུག་ནི།།

ད་ལྟའི་སྤྱོད་ཚུལ་ཉིད་ལ་རག་ལས་པས།།

བག་མེད་ལེ་ལོའི་དབང་དུ་མི་གཏོང་བར།།

ཚེ་ལྷག་དོན་ལྡན་མཛོད་ཅིག་སྙིང་གཏམ་ཡིན།།


ཕྱི་མར་བསམས་ནས་ཚེ་འདི་བློས་བཏང་སྟེ།།

ཆོས་ཤིག་བྱེད་ན་ཕྱི་མར་ལྟ་ཞོག་གི།

ཚེ་ཐུང་འདིར་ཡང་གཞན་དང་མི་འདྲ་ཙམ།།

འོང་བར་མཐོང་ཐོས་ལགས་སོ་སྙིང་གཏམ་ཡིན།།


དེ་ལྟར་ཕན་པའི་སེམས་ཀྱིས་རང་གིས་རང་།།

ཆོས་ལ་བསྐུལ་བའི་ཀྱོ་བ་རྣོམ་པོ་འདིས།།

མ་དུལ་སེམས་ཀྱི་གླང་བོ་མྱུར་ཐུལ་ནས།།

ཀུན་ཀྱང་གཏན་བདེའི་ལམ་དུ་ཚུགས་པར་ཤོག།


གང་འདི་བསྟན་པའི་ངང་ཚུལ་ཕྱོགས་ཙམ་ཞིག།

ཤེས་ནས་སྟོན་ལ་དད་པའི་སྤོང་བ་ལ།།

དགེ་སྦྱོང་ངག་དབང་ཕུན་ཚོགས་ཞེས་བགྱི་བས།།

རང་གི་བསམ་གཏན་ཁང་བུར་སྤེལ་བ་དགེ།

རྩོམ་ཡིག་ཕབ་བཤུ་བ། སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་བཟའ་བློ་བཟང་ཆོས་གྲགས་ཡིན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522705
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།