སྒྲུང་ཐུང་བདམས་བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བརྩམས་སྒྲུང་། »སྒྲུང་ཐུང་བདམས་བཀོད།
སྒྲུང་ཐུང་བདམས་བཀོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-09ལྟ་ཀློག (8051)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཚོང་དཔོན་ཕུན་ཚོགས།

གྱི་ལིང་འཇིགས་མེད།

 “ཁོང་ཨ་ལགས་གུང་ཐང་རིན་པོ་ཆེས་ཀྱང་ཚོང་བ་ཞིག་ཡིན་ན་སྒེར་གྱི་ཁེ་ཕན་ཁོ་ནར་བསམ་བློ་གཏོང་མི་རུང་གསུངས་མྱོང་། ད་ཐེངས་ཅིའི་ཀྱང་གངས་རྒྱན་སློབ་གྲྭ་ལ་ཞལ་འདེབས་ཤིག་ཕུལ་ན་བཟང་།”“ཞལ་འདེབས་ཞལ་འདེབས། འཇིག་རྟེན་འདི་ན་སྒེར་གྱི་ཁེ་ཕན་མི་གཉེར་བའི་མི་ཞིག་ཡོད་ཟེར་ན་ངའི་རྣར་མི་འགྲོ།ངས་ཀྱང་སྒེར་གྱི་ཁེ་ཕན་གཉེར། གངས་རྒྱན་སློབ་གྲྭའི་སློབ་གཙོས་ཀྱང་སྒེར་གྱི་ཁེ་ཕན་སྒྲུབ། སུས་སུ་ལ་ཞལ་འདེབས་འབུལ། ང་ལ་དེའི་བསམ་པ་མེད།” “འོན་ཀྱང་སློབ་གྲྭའི་གཉེར་བ་སྒོ་ནང་དུ་ཕེབས་ཡོད་པས་་་” ཆུང་མ་བཀྲ་ཤིས་འཚོའི་གདོང་ལ་ཨུ་ཐུག་པའི་ཉམས་ཤིག་མངོན་བཞིན་རང་གི་བཟའ་ཟླ་ཕུན་ཚོགས་ལ་ཞུ་བ་སྣ་ཚོགས་བྱས་མོད། འོན་ཀྱང་ཉིན་དེར་ཚོང་དཔོན་ཕུན་ཚོགས་ཀྱིས་ཐ་ན་རང་གི་སྒོ་ནང་དུ་སླེབས་པའི་མི་ལའང་ཁ་ཡ་མ་བྱས། ལོ་ཟླ་ནི་ཆུ་མོ་ལྟར་བཞུར་ཏེ་ཡོད་ཚད་ལ་འགྲིག་མིན་སྣ་ཚོགས་ཀྱི་རྟགས་རེ་བརྒྱབས་པས། ཚོང་དཔོན་ཕུན་ཚོགས་ཀྱི་མགོ་ལ་ཡང་བསེ་མདའ་ལྷུང་བར་གྱུར།  ལོ་དེ་ནས་བཟུང་ཚོང་དཔོན་ཕུན་ཚོགས་ཀྱིས་གཟི་འཚོང་བྱས་ཏེ་ཁྲིན་ཏུ་ལ་སོངས་ཤིང་། དེར་ཡང་ཁོའི་ཚོང་གི་རླུང་རྟ་མཁའ་རུ་བསྐྱོད་པས་མཐར་ཧྲང་ཧའེ་དང་ཧྲིན་ཀྲིན་སོགས་སུ་གཟི་ཚོང་ཁང་ཆེན་པོ་གཉེར་བར་མ་ཟད། ད་དུང་ཞང་ཀྭང་དང་ཐེ་ཝན་དུའང་མཐུན་གཉེར་བསྒྲུབས།

   ཚོང་དཔོན་ཕུན་ཚོགས་གང་དུ་སོང་ན་ཁོའི་ཚོང་ལྷ་ཡང་དེར་སླེབས་པས། མཐར་ཚོང་དཔོན་ཕུན་ཚོགས་ནི་རྒྱལ་སྤྱིའི་ཚོང་ར་ནས་གཟི་ཉོ་འཚོང་བྱེད་མཁན་མང་བོའི་དོ་སྣང་བྱ་ཡུལ་དུ་གྱུར།   འགྲན་རྩོད་ཤིན་ཏུ་རྒོད་པའི་ཚོང་རའི་འགྲོ་ལུགས་ནི་ཕན་ཚུན་གྱི་ཟ་སྐལ་འཕྲོག་རེས་དང་། ཕན་ཚུན་འཆི་ལམ་དུ་འདེད་རེས་བྱེད་རྒྱུ་དེ་རེད། འཆི་ལམ་དེ་ནས་ཐར་ཐབས་བྱེད་རྒྱུ་ནི་ཚོང་དཔོན་ཕུན་ཚོགས་ཀྱི་ཆེས་ཆེ་བའི་རེ་བ་རེད། འོན་ཀྱང་བོད་ཡིག་མ་གཏོགས་མི་ཤེས་པའི་ཚོང་དཔོན་ཕུན་ཚོགས་ཀྱིས་རྒྱལ་སྤྱིའི་ཚོང་ར་དེ་ནས་རྒྱལ་ཁ་ཞིག་ཅི་ལྟར་ལེན་ནམ། ཁོས་ཐ་ན་རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་ཚོང་རའི་གསར་འགྱུར་ཙམ་ཡང་ལྟ་མི་ཤེས།  “དུས་རབས་འདིར་སྤོབས་པ་ཙམ་གྱིས་དོན་ཆེན་མི་འགྲུབ།ངས་ཁྱོད་ལ་སེམས་གཏམ་དྲང་མོ་ཞིག་འཆད། ཁྱོད་ཚོའི་བོད་མི་རིགས་ནི་ད་དུང་ཚོང་ར་འདིར་ཡོང་རྒྱུ་སྔ་འདུག  ཁྱོད་ཚོས་ད་དུང་རང་ཉིད་ཡིག་རྨོངས་ཀྱི་རྒྱ་ལས་བརྟོལ་མི་འདུག”  ཐེ་ཝན་གྱི་སྐུ་ཞབས་ཡཱང་ཁྲིན་གྱིས་ཧ་ཅང་གཟབ་ནན་ངང་ཚོང་དཔོན་ཕུན་ཚོགས་ལ་དེ་ལྟར་བཤད། དེ་ནི་དོན་དངོས་ཡིན་ལ་ཟུར་ཟའང་ཡིན། 

   ཚོང་དཔོན་ཕུན་ཚོགས་ཀྱིས་ཀྱང་ཁོའི་སྐད་ཆའི་ཕྱི་ནང་མཐའ་དག་མི་ཤེས་པ་ག་ལ་སྲིད། འོན་ཀྱང་ད་ཐེངས་རང་ཉིད་ཉེན་ཁ་ལས་ཐར་དགོས་ན་ངོ་ཚ་དང་སློབ་གསོ་དེའི་རིགས་མི་མྱོང་ཐབས་མེད་ཡིན་པས་མགོ་སྒུར་ནས་ཁ་རོག་གེར་བསྡད།  ཚོང་རའི་རྒྱལ་ཕམ་ནི་མི་ཤེས་ཡོན་ཅན་གྱིས་ཚོད་འཛིན་བྱེད་པ་ཞིག་ཡིན་པས། ཚོང་དཔོན་ཕུན་ཚོགས་ཀྱིས་ཀྱང་མི་འདོད་བཞིན་དུ་མ་རྐང་བཅུ་ཆའི་གཉིས་ལས་མེད་པའི་ཐེ་ཝན་གྱི་སྐུ་ཞབས་ཡཱང་ཁྲིན་ལ་ཁེ་ཕོགས་ཀྱི་བརྒྱ་ཆའི་སུམ་ཅུ་བྱིན་ཏེ་རང་གི་ཚོང་རའི་འགྲན་རྩོད་ཇུས་འགོད་པ་དང་ཆབ་སྲིད་བློ་འདོན་པར་བསྐོས། “གངས་རྒྱན་སློབ་གྲྭའི་གནས་ཚུལ་ཅི་འདྲ་རེད།”  “མ་ཤེས། མཚན་སྙན་ཇེ་ཆེ་ནས་ཇེ་ཆེ་ཡིན་མོད། འོན་ཀྱང་འཛུགས་སྐྲུན་སོགས་སྔོན་གྱི་དེ་ལྟར་ལུས་འདུག་པས་ཕལ་ཆེར་དཀའ་ངལ་ཆེན་པོ་ཞིག་ལ་འཕྲད་ཡོད་པ་འདྲ།”  ཚོང་དཔོན་ཕུན་ཚོགས་ཀྱིས་གློ་བུར་དུ་གངས་རྒྱན་སློབ་གྲྭའི་གནས་ཚུལ་ཞིག་དྲིས་པས་ཆུང་མ་བཀྲ་ཤིས་འཚོའི་སེམས་ལའང་མཚར་སྣང་སྐྱེ་བཞིན་དེ་ལྟར་བཤད།   “ཨེ། སློབ་གསོའི་སྟེང་ནས་ལངས་མ་ཐུབ་ན་དཔལ་འབྱོར་གྱི་སྟེང་ནས་ཀྱང་ལང་མི་ཐུབ་ཀི།”

“ཨ་ལགས་རིན་པོ་ཆེས་ཀྱང་། ཐོག་མར་སློབ་གསོའི་སྟེང་ནས་འབད་པ་བྱོས། དེ་ནས་རང་མགོ་ཐོན་པའི་ཚེ་ན་ད་གཟོད་སྤྱི་ཚོགས་ཀྱི་ཚོང་རའི་འགྲན་རྩོད་སོགས་གང་ལའང་ཞུགས་ཆོག་ཅེས་གསུངས་པ་མིན་ནམ།”  “བླ་མ་མཁྱེན།” ཚོང་དཔོན་ཕུན་ཚོགས་བཟའ་ཟླ་གཉིས་ཁུ་སིམ་མེར་གྱུར་སོང་། ཐེ་ཝན་བྱང་རིའི་ཁང་བརྩེགས་དག་ལས་གློག་འོད་ལམ་ལམ་འཚེར་ལ། གློག་སྒྲོན་རེ་རེའི་འོག་ན་ཁྱིམ་ཚང་རེ་རེ་དང་། ཁྱིམ་ཚང་རེ་རེ་ལའང་བཤད་མི་ཤེས་པའི་སྒྲུང་རེ་རེ་ཡོད་མོད། འོན་ཀྱང་སྒྲུང་དེ་དག་ཏུ་ཚོང་དཔོན་ཕུན་ཚོགས་ཚང་གི་སྒྲུང་དང་འདྲ་བ་གཅིག་ཀྱང་མི་རྙེད། “ཨེ། གངས་རྒྱན་སློབ་གྲྭ། གངས་རྒྱན་་་་”  ཚོང་དཔོན་ཕུན་ཚོགས་ཀྱིས་མལ་ཁྲིའི་འགྲམ་གྱི་སྟེགས་སྒྲོན་གཟིམ་རྗེས་དངན་པ་ཞིག་དང་བཅས་དེ་ལྟར་གངས་རྒྱན་སློབ་གྲྭའི་མིང་ཡིག་བཟླས་བརྗོད་བྱེད།


ཕྱུག་བདག་གྲལ་རིམ་པ་གཅོད་ལོག

(སྒྲུང་ཐུང་།)                                  རུ་མང་འཕྲིན་ལས་རྒྱ་མཚོ།

   སྤྱི་ལོ་༡༩༥༨ལོའི་སྟོན་ཁར་གཅོད་ལོག་གི་ཕ་རྒན་བཙོན་ལ་བཟུང་སོང་བ་ནས་ཁོ་མ་བུ་གཉིས་ལ་ལྟ་སྐྱོང་བྱེད་མཁན་ཞིག་གང་ན་ཡོད།  ཉིན་རྒྱུན་གྲལ་རིམ་ཉེས་ཅན་གྱི་ཞྭ་མོའི་འོག་ནས་མགོ་དགྱེ་མི་ཆོག་པའི་སྟེང་། ཉིན་དཀར་སྡེ་བའི་ཐུན་མོང་གི་ལུག་འཚོ་སྐྱོང་བྱེད་དགོས་པ་དང་། མཚན་མོར་སྤྱི་ལེ་བཅུ་ཕྲག་ལྷག་གི་མཚམས་སུ་ཡོད་པའི་སྡེ་བའི་དགག་རྒྱག་ཚོགས་འདུ་འཚོགས་སར་སོང་ནས་གཞན་གྱི་སྐྱོན་འཛུགས་ལ་ཉན་དགོས་པ་དང་། ལས་མི་དྲང་བའི་དགོང་མོར་གཞན་གྱི་གཅར་རྡུང་ཡང་མྱོང་སྲིད་པས་རྣམ་འགྱུར་གང་ཡག་གང་ལེགས་སྒོས་སྐྱོན་ཆ་མེད་ཀྱང་སྐྱོན་འཛུགས་ཚང་མ་ཁས་བླངས་ནས་ཡོང་དགོས། སྐབས་དེར་གཅོད་ལོག་ཧ་ཅང་ཆུང་བས་ཨ་མ་ལ་འགྲོགས་ནས་ཚོགས་འདུར་ཞུགས་པ་དང་། ཨ་མ་ལ་གཞན་གྱིས་གཅར་རྡུང་བྱེད་དུས་ས་འབྲད་བཞིན་ངུ་བ་དང་། སྐྱོན་བརྗོད་རྐྱང་རྐྱང་ལས་གཅར་རྡུང་མེད་པའི་མཚན་མོར་ཚོགས་རའི་གྲུ་ཟུར་གང་ཞིག་ནས་ཁོ་དང་ལས་དབང་གཅིག་པའི་བྱིས་པ་འགའ་དང་མཉམ་པོར་གཉིད་ནས་འདུག་པ་ལས་ཨ་མར་རོགས་ཆེར་བྱེད་མི་ཐུབ། གཅོད་ལོག་གི་ཨ་མས་ཀྱང་རང་ཉིད་ལ་གཅར་རྡུང་འབབ་ལ་ཉེ་དུས་མྱུར་མོར་གཅོད་ལོག་གི་མི་མཐོང་སའི་སྟེགས་བུའི་ཟུར་ལ་འབུད་པ་དང་། རང་ཉིད་ལ་གཅར་རྡུང་ཅི་ལྟར་བྱས་ཀྱང་གཅོད་ལོག་ལ་སྙིང་འཇིགས་མི་བསྐུར་ཆེད་ཁ་ནས་འཁུན་སྒྲ་ཙམ་ཡང་མི་འཆོར། ཕྱིར་ཡོང་སྐབས་ལམ་གང་བོར་དོ་དགོང་མོ་ལ་གཅར་རྡུང་བྱས་པ་དེ་ཅུང་ཙམ་ཡང་མི་ན་ཚུལ་གྱི་རྫུན་བཤད་པ་དང་། གཅར་རྡུང་སྡུག་མོལ་གཏོང་མཁན་བདེ་མཆོག་སོགས་ལ་རྗེས་ཕྱོགས་ཤ་འཁོན་སློང་མི་ཉན་ཚུལ་རྒྱུན་པར་སློབ་གསོ་གཏོང་།

    གཅོད་ལོག་ལོ་བཅོ་ལྔ་ལ་བུད་འདུག  ད་ལྟ་ཁོས་སྔོན་ཆད་ཁོ་མ་བུ་གཉི་ཀ་དགག་རྒྱག་ཚོགས་འདུ་ནས་ཕྱིར་ཡོང་བའི་ལམ་བར་ནས་ཨ་མས་བཤད་པ་དེ་དག་རྫུན་ཡིན་པ་རྟོགས་ནས་བདེ་མཆོག་སོགས་སྡེ་བའི་ཏང་གི་འགོ་ཁྲིད་དེ་དག་གི་སྟེང་ལ་སྙིང་ལངས། གཅོད་ལོག་གི་ཨ་མས་དེ་ཤེས་ནས་ལྷག་པར་སེམས་མི་བདེ་བར་རྒྱུན་པར་དེའི་ཕྱོགས་ལ་བསམ་བློ་བཏང་། གལ་ཏེ་ནམ་ཞིག་ལ་གཅོད་ལོག་གིས་མོའི་ཆེད་དུ་འབྱོར་མེད་གྲལ་རིམ་གྱི་སྲོག་ཤིང་དུ་གྱུར་བའི་སྡེ་གཙོ་བདེ་མཆོག་སོགས་ལ་ཚོད་མ་ཟིན་པར་ངོ་ཡ་བྱས་སོང་ན་ཅི་བྱ། ཁོ་ཕྱུག་བདག་ཞྭ་གོན་ཡིན་པའི་སྟེང་ལ་སྐྱོན་ཆ་ཞིག་བྱུང་ན་ཐར་ས་གང་ན་ཡོད། ཁོའི་ཕ་རྒན་གྱི་རྗེས་མ་གཏོགས་ལམ་མེད་པས་ད་ཅི་བྱ་སྙམ་ནས་བསྡད།

ཉིན་ཞིག་མོས་ཐབས་ཤིག་དྲན་ནས་སྡེ་བའི་ཟ་ཁང་གོང་མའི་སྦྲ་སྒོ་ནས་ཁོག་སྟོད་ནང་ལ་འཛུལ་ཏེ་སྐྲག་ཞོར་དུ་ཡར་ཞུ་ཞེས་འབོད་པ་བཏང་བ་ན། སྡེ་གཙོ་བདེ་མཆོག་གིས་ཡ། ཅི་རེད། གྲལ་རིམ་དགྲ་བོའི་རྔ་མ་ཡིན་ནམ། ཡ བཤད་ན་ཆོག  ཅེས་བཤད་པས་མོ་ཅུང་དགའ་ནས་ཐོག་མར་མའོ་ཀྲུའུ་ཞུའི་གསུང་བཏུས་ཚན་པ་གཅིག་བཏོན་རྗེས། ངའི་བུ་གཅོད་ལོག་ད་ལྟ་ལོ་བཅོ་ལྔ་ལོན་འདུག་པས་སྡེ་བའི་སྦྲ་གུར་སློབ་གྲྭ་ལ་བཞག་ན་ཨེ་ཆོག་ཅེས་བཤད། བདེ་མཆོག་གིས་ཁོང་དགོད་ཅིག་བྱེད་བཞིན། ཁྱོད་ཚང་ཕྱུག་བདག་ཞྭ་གོན་པ། གྲལ་རིམ་དགྲ་བོའི་ཁྱིམ་ཚང་རེད། ཏང་གི་ལམ་ཕྱོགས་འོ་མའི་ནང་ལ་གྲལ་རིམ་དགྲ་བོའི་ཁྲག་ཐིག་འདྲེས་མི་ཆོག་པས་གོང་རིམ་གྱིས་སྤྱང་ཕྲུག་དེའི་རིགས་སློབ་གྲྭར་འཇོག་རྒྱུའི་ཆོག་མཆན་གནང་མི་འདུག  ལོ་བཅོ་ལྔ་ཡིན་ན་བཟང་འདུག  སང་ཉིན་ནས་བཟུང་སྡེ་བར་ཆུ་མཛོད་བཟོ་བའི་ངལ་རྩོལ་ལ་ཞུགས་དགོས་ཞེས་བཤད། གཅོད་ལོག་གི་ཨ་མ་འགྱོད་པ་སྐྱེས་བཞིན་ཕྱིར་ཡོང་ནས་གཅོག་ལོག་གི་སློག་པ་རལ་བོ་དེར་ལྷན་པ་རྒྱག་ཞོར་གཅོད་ལོག་ལ་ཁ་ཏ་སློབ་གསོ་མང་བོ་བཏང་ཞིང་། ཕྱི་ཉིན་ནས་བཟུང་གཅོད་ལོག་སྡེ་བའི་ཆུ་མཛོད་ངལ་རྩོལ་པར་ཞུགས། ཆུ་མཛོད་ངལ་རྩོལ་པའི་གྲས་ན་གཅོད་ལོག་གི་ཤ་ཉེ་རིང་འགའ་ཡོད་མོད་ཁོ་ཚོས་ཀྱང་ཐད་ཀར་གཅོད་ལོག་ལ་བདག་སྐྱོང་བྱེད་མི་ཕོད་པར་གསང་སྟབས་ཀྱིས་གཅོག་ལོག་ལ་བདག་སྐྱོང་བྱས།

   སྡུག་གི་ཁུར་བོ་ནི་གྲལ་རིམ་དགྲ་བོའི་མགོ་ཡི་ཤོག་ཞྭ་ལྟ་བུར་རྙིང་རྒྱུ་མེད་ལ། ལོ་དང་ཟླ་བ་ནི་ངལ་རྩོལ་སྒྱུར་བཀོད་ཀྱི་གོ་རིམ་ལྟར་འཕྲོ་རིམ་འཕྲོར་མཐུད་ནས་༡༩༧༦ལོར་སླེབ་དུས་མེ་ལོང་ཐང་དུ་ས་རྒོད་ཀྱི་པོ་ཐོ་དྲས་ཏེ་རྩྭ་ར་བརྩིགས་པའི་ངལ་རྩོལ་བའི་ཁྲོད་ན་གཅོད་ལོག་ལ་འགྲན་ཐུབ་པ་གཅིག་ཀྱང་མེད། ཉིན་གང་བོར་ས་རྒོད་ཀྱི་པོ་ཐོ་དྲས་ན་ཡང་ཕྱི་དྲོར་ངལ་ཅུང་ཙམ་གསོས་རྗེས་རྒྱུན་པར་གསར་བུ་རྣམས་ཀྱིས་འཇུ་རེས་དང་རྩེད་མོ་སྣ་ཚོགས་རྩེ་སྐབས་གཅོད་ལོག་ནི་རྩེད་མོ་ཀུན་ལ་བྱང་བས་ངལ་རྩོལ་བ་ཚང་མའི་ངལ་གསོ་བྱེད་ལྟ་བུར་གྱུར་ཡོད། ཐེངས་གཅིག་ལ་གཅོད་ལོག་གི་འཇུ་ཡ་ནི་ངལ་རྩོལ་ལ་ལྟ་རྟོགས་བྱེད་མཁན་འབྱོར་མེད་གྲལ་རིམ་པ་ཞིག་ལ་ཁེལ་སོང་། སྡེ་གཙོ་བདེ་མཆོག་ཡང་རྩེད་མོ་ལ་ཧ་ཅང་དགའ་བས་སྐད་མཐོན་པོས། ཡ་་་ཡ་་་་ཡ ། ཕོ་འཇུ་མོ་འཇུ་ཐེངས་གསུམ་བྱོས། རྟིང་མའི་རྒྱལ་ཁ་སུས་ལོན་ལྟོས། སུས་སུ་ཐང་ལ་བརྒྱབ་ན་རྒྱལ་ཁ་ཐོབ་མཁན་དེ་ཕམ་སོང་བ་དེའི་མགོ་ལ་ཞོན་ནས་བུད་སོང་ཆོག་ཅེས་བཤད། ཚང་མས་དེ་བཟང་གི་ཟེར་བཞིན་འུར་བརྒྱབ། ཕྱུག་བདག་གྲལ་རིམ་གྱི་རྔ་མ་གཅོད་ལོག་དང་འབྱོར་མེད་གྲལ་རིམ་གྱི་གསར་བུ་དེ་གཉིས་ཐེངས་གསུམ་ལ་འཇུས་ཤིང་ཐེངས་གསུམ་པོར་གཅོད་ལོག་རྒྱལ་སོང་བས་ཐེངས་རྗེས་མའི་སྐབས་གཅོད་ལོག་གིས་ཀི་ཞིག་འདེབས་བཞིན་འབྱོར་མེད་གྲལ་རིམ་གྱི་གསར་བུ་དེའི་ལུས་ཡོངས་རྫོགས་རང་གི་བརླ་བར་ལ་འཁེལ་བར་བྱས་ནས་མགོར་ཞོན་ནས་བུད་སོང་། ཚང་མས་ཧབ་ཆ་བརྒྱབ་པ་དང་མཉམ་པོར་འབྱོར་མེད་གྲལ་རིམ་གྱི་གསར་བུ་དེ་ཁོང་ཁྲོ་དང་ངོ་ཚ་ཆེན་པོས་ཡར་ལངས་ཏེ། ཁྱོད་གྲལ་རིམ་དགྲ་བོའི་རྔ་མ་ཞིག་ང་གུང་ཁྲན་ཏང་ཡོན་གྱི་ཁྱིམ་མི་ཞིག་གི་མགོ་ལ་ཞོན་ནས་སོང་བ་འདི་གུང་ཁྲན་ཏང་ལ་ངོ་ལོག་བྱས་པ་ཡིན་པས་ངས་གོང་རིམ་ལ་གཏུགས་རྒྱུ་ཡིན་ཞེས་གཅོད་ལོག་གི་མིག་ནང་ལ་མཛུབ་མོ་འཛུགས་བཞིན་བཤད། 

  སྐབས་དེར་སྡེ་གཙོ་བདེ་མཆོག་ཡང་ཁོང་ཁྲོ་ལངས་ནས་གཅོད་ལོག་ལ་སྡང་མིག་བསྐོར་ཞིང་གཅོད་ལོག་སར་མཆིལ་མ་འདེབས་བཞིན་སྐྱོན་འཛུགས་བྱས། གཅོད་ལོག་ནི་སྔར་ནས་སྡེ་གཙོ་བདེ་མཆོག་སྟེང་ལ་སྙིང་ལངས་ཡོད་པས་སྐྱོན་འཛུགས་དེ་དང་ལེན་མ་བྱས་པར་མ་ཟད་ཁོང་ཁྲོའི་རྣམ་འགྱུར་གྱིས། འོ་ན། ཁྱོད་ཀྱིས་སུ་ཐང་ལ་བརྒྱབ་ན་དེའི་མགོ་ལ་ཞོན་ཏེ་སོང་ཆོག་ཟེར་བ་མ་ཡིན་ནམ། མཆིལ་མ་ཐང་ལ་འཕངས་རྗེས་ཕྱིར་ལེན་རྒྱུུ་ཟེར་བར་ངོ་མི་ཚའམ། ཨྰ་དཔོན་ངན་ཁྱི་སྐྱག་འདྲ་བོ། ཞེས་བཤད། བདེ་མཆོག་གིས་ད་སྔ་ཡན་ཆད་གཏམ་དེ་འདྲ་ཞིག་གོ་མ་མྱོང་བས་ཞེ་སྡང་དང་ངོ་ཚ་ཆེན་པས། ཨྰ་གྲལ་རིམ་དགྲ་བོའི་སྤྱང་ཕྲུག་ཁྱོད་་་་་ཁྱོད། ཟེར་བཞིན་ཐད་ཀར་གཅོད་ལོག་སྟེང་ལ་རྒྱུགས། མང་ཚོགས་གྱིས་བར་ཕྱེ་ལོངས་མ་བྱུང་བར་གཅོད་ལོག་གི་ཁུ་ཚུར་ནི་སྡེ་གཙོ་བདེ་མཆོག་སྟེང་ལ་སེ་ར་འབབ་འབབ་བྱས་ནས་སྐད་ཅིག་དེ་ཉིད་ལ་སྡེ་གཙོ་བདེ་མཆོག་ནི་ཁ་སྐྲང་ངོ་ལུག་འབྲོག་ཁྱི་ལ་བོ་ཞིག་དང་འདྲ་བར་བཟོས་སོང་། སྡེ་གཙོ་བདེ་མཆོག་མང་ཚོགས་ཀྱི་བཀའ་དྲིན་གྱིས་གཅོག་ལོག་ལག་ནས་ཐར་ཏེ་ཡར་ལངས་རྗེས། གྲལ་རིམ་དགྲ་བོའི་རྔ་མ་སྤྱང་ཕྲུག་ཁྱོད་ཀྱིས་བསྒུགས་ནས་སྡོད། སང་ཉིན་ངས་ཁྱོད་ལ་ཞྭ་མོ་དགུ་བརྩེགས་ཤིག་བསྐོན། ཁྱོད་འཆི་ཨེ་ཐུབ་བལྟ་ཟེར་བཞིན་རྟ་ལ་ཞོན་ནས་བུད་སོང་། ངལ་རྩོལ་མང་ཚོགས་ཀྱིས་གཅོག་ལོག་ལ་ལས་བདའ་བྱེད་པ་དང་སང་ཉིན་རྒོད་རྡུང་ཚོགས་འདུ་བསྡུས་ན་བཟོད་སྲན་བྱེད་དགོས་ལུགས་སོགས་ཀྱི་ཁ་ཏ་བྱེད་མཁན་ཡང་ཡོད། ངལ་རྩོལ་བ་ཚང་མ་རང་རང་སར་ལམ་ལ་བུད་པ་དང་། གཅོད་ལོག་ཡང་རང་ཁྱིམ་ལ་ཐོན་ཏེ་ཉིན་དེའི་གནས་ཚུལ་ཚང་མ་ཨ་མ་ལ་བཤད་པས་ཁོ་མོས་རང་གི་བུ་འདིའི་གཅར་རྡུང་བཙོན་ལས་ག་འདྲ་ཞིག་མྱོང་དགོས་སམ་སྙམ་སྟེ་སེམས་སྡུག་ཆེན་པོས་སྨྱོ་ལ་ཁད་དུ་གྱུར།

  ཕྱི་ཉིན་ཞོགས་པ་སྔ་མོར་སྐྱ་མི་སྐོར་སྐོར་བྱས་ཀྱིས་རུ་འདབས་རེ་རེ་ནས་རིང་ཁྱིམ་མི་མ་ཆད་པར་ཚོགས་འདུ་ལ་ཐོན་དགོས་ཞེས་བརྡ་གཏོང་བཞིན་ཡོད། གཅོད་ལོག་མ་བུ་གཉི་ཀ་སྡུག་བསྔལ་གྱིས་མནར་བཞིན་ཚོགས་འདུར་སོང་། ཚོགས་འདུའི་འགོ་འཛིན་པ་དམག་མི་ཞིག་ཡིན་ལ་གོང་རིམ་གྱི་འགོ་ཁྲིད་ལས་བྱེད་ཡང་མང་བོ་འབྱོར་འདུག  སྡེ་གཙོ་བདེ་མཆོག་སོགས་སྔོན་ཐོན་རུ་ཁག་དེའི་རྗེས་ལ་མཐུད་ནས་ཡོད་ཅིང་། ལས་བྱེད་ཚང་མས་ལག་པ་གཡོན་པའི་དཔུང་བར་སྟེང་ན་རྒྱ་ཡིག་ཅན་གྱི་རས་དམར་བོ་ཞིག་གིས་དཀྲུས་འདུག  འགོ་འཛིན་པ་དམག་མི་དེས་སྐད་ཅུང་དམའ་བའི་སྒོ་ནས། འགོ་ཁྲིད་རྣམ་པ། བློ་མཐུན་རྣམ་པ། སྡེ་མི་རྣམ་པ། ང་ཚོའི་རླབས་ཆེ་བའི་གཙོ་འཛིན་མོའོ་ཀྲུའུ་ཞི་མཆོག་སྐུ་གཤེགས་སོང་བས་དེ་རིང་སྡེ་མི་ཡོངས་ཀྱིས་མྱ་ངན་ཚོགས་འདུ་འཚོགས་དགོས། ཐོག་མར་སྡེ་གཙོ་ནས་རིམ་བཞིན་སྡེ་མི་ཡོངས་ཀྱིས་མྱ་ངན་ཞུ་ཚིག་འབུལ་དགོས་ཟེར་བཞིན་སྡེ་གཙོ་བདེ་མཆོག་གི་སློག་པ་རྙིང་བ་སྐྱ་ཡོར་བ་དེའི་དཔུང་བ་གཡོན་པར་རས་དམར་བོ་ཞིག་དཀྲུས་བྱུང་། སྡེ་གཙོས་མྱ་ངན་སྐད་ཀྱིས། རླབས་ཆེ་བའི་གཙོ་འཛིན་མཆོག་སྐུ་གཤེགས་སོང་བ་འདི་ང་ཚོའི་མགོ་ཐོག་གི་ཉི་མ་ནུབ་སོང་བ་རེད། འབྱོར་མེད་གྲལ་རིམ་གྱི་ཉི་མ་ནུབ་སོང་བ་རེད། ང་བདེ་མཆོག་གི་ཉི་མ་ནུབ་སོང་བ་རེད། གཙོ་འཛིན་མཆོག་ལ་མྱ་ངན་ཞུ་ཟེར། རིམ་བཞིན་མང་ཚོགས་རེ་རེའི་དཔུང་བར་རས་དམར་བས་དཀྲུས་ཤིང་མྱ་ངན་ཞུ་ཚིག་དབུལ་དུ་བཅུག་རྗེས་ཚོགས་འདུ་གྲོལ་སོང་། ཉིན་འགའ་འགོར་རྗེས་ཏང་ཀྲུང་དབྱང་གི་སྲིད་ཇུས་ལ་སློབ་སྦྱོང་བྱེད་དགོས་པའི་ཚོགས་འདུ་ཞིག་བསྡུས། ཚོགས་འདུར་ཕེབས་པའི་འགོ་ཁྲིད་རྣམས་ཀྱིས་རླབས་ཆེ་བའི་གཙོ་འཛིན་མོའོ་ཙེ་ཏུང་མཆོག་གི་དགོངས་པ་རྒྱུན་འཁྱོངས་སྒོས་ཏང་ཀྲུང་དབྱང་གི་སྲིད་ཇུས་གསར་བ་ལག་བསྟར་བྱེད་དགོས་ཚུལ་སོགས་བཤད་པ་དང་། སྡེ་བའི་ནང་གི་ངལ་རྩོལ་དཔེ་ལེགས་པ་གཅོད་ལོག་སོགས་རེ་འགའ་ལ་བྱ་དགའ་གནང་བ་མ་ཟད། གཅོད་ལོག་གི་མ་བུ་གཉིས་ཀྱི་ངལ་རྩོལ་གྲུབ་འབྲས་ཀྱིས་ཉེས་ཞྭ་ཕུད་ཆོག་པའི་གཏམ་བཟང་བསྒྲགས་སོང་།

གྱོད།

    (སྒྲུང་ཐུང)          གཟི་མིག་གསུམ་པ།

   “ཡ། ད་མ་བ་ནི་རེད། ང་ཚོ་ས་ཆ་གཞན་ཞིག་ལ་འབྲོ།” དཔོན་པོ་བཙན་ཕྲུག་གིས་ཕམ་འདུག་པའི་རང་སྡེའི་ཤོར་མ་ཚོར་བལྟས་ནས་དེ་སྐད་ཟེར་བ་ན། ཚང་མས་མགྲིན་གཅིག་ཏུ། “གནས་སྐབས་དེ་ལྟར་བྱེད་པ་ལས་ཐབས་གཞན་མི་འདུག”ཟེར་ནས་རང་གི་ཕ་ཡུལ་གཡེར་མོ་རྩྭ་ཐང་ལ་འབྲལ་དཀའ་བའི་འཕྲེང་ཞེན་གྱི་ཕྱི་མིག་འཕེན་བཞིན་རྒྱང་རིང་དུ་ཆས་སོང།  སྤྱིར་བཤད་ན་གཡེར་མོ་རྩྭ་ཐང་ནི་བསྐལ་བ་སར་ཆགས་ཏེ་བ་སོ་ཁར་དར་བའི་རིང་ནས་བཟུང་ཀ་རྒྱ་སྡེ་བའི་ཕ་ཨ་ཁུའི་དུར་ཁུང་འདེབས་ས་དང་བུ་ཚ་བོའི་ལྟེ་ཁྲག་འཕོ་ས་ཡིན་མོད། བར་སྐབས་ཤིག་ལ་ཐག་རིང་གི་རྒྱ་མོ་སྡེ་བའི་རུ་ཡོང་སྐོར་ཞིག་དེར་ཐོན་ཏེ་གནས་སྐབས་ཙམ་ལ་ས་སྣེ་ཆུང་ཆུང་ཞིག་གཡར་རོགས་ཟེར་བ་ན། སྡེ་དཔོན་བཙན་པོ་མ་ནི་སྤྱིར་མི་བཙན་པོ་ཐོག་འདྲ་བ་ཞིག་ཡིན་ནའང་གཉོམ་ཆུང་ལ་ཧ་ཅང་བྱམས་པ་ཞིག་ཡིན་པས་ས་གཡོར་རྒྱུ་ཁས་བླངས།

  ཡིན་ནའང་ཁོ་རང་ནི་དོན་གྱི་ཕུགས་རྒྱང་དཔག་ཐུབ་པའི་མི་ཤེས་རྒྱ་ཅན་ཞིག་ཀྱང་ཡིན་པས། ས་ཆུང་ཆུང་དེ་ལོ་ངོ་གསུམ་ལ་མ་གཏོགས་མི་གཡོར་ལ། དེའི་རྗེས་ནས་ཁོ་ཚོ་རང་འགུལ་གྱིས་སྔོན་གང་ནས་ཡོང་ན་ཕྱིར་དེར་འགྲོ་དགོས་པའི་ཁ་ཆད་བྱས། འོན་ཀྱང་ལོ་གསུམ་མ་འགོར་གོང་ལ་སྡེ་དཔོན་བཙན་པོ་མ་གློ་བུར་དུ་ཤི་སོང་། ཁོའི་བུ་བཙན་ཕྲུག་རྒྱ་མོ་སྡེ་བའི་སྡེ་དཔོན་ཚང་གི་བུ་མོའི་སྟེང་ལ་སེམས་པ་ཤོར་དྲགས་པའི་དབང་གིས། ཕ་གཤེགས་རྗེས་སྔོན་གྱི་ཁ་ཆད་དག་ཕྱིར་འགྱངས་བྱས་ཏེ་མུ་མཐུད་དུ་རྒྱ་མོ་སྡེ་བ་རང་སྡེའི་ས་ཐོག་ནས་སྡོད་དུ་བཅུག་ཅིང་། བུ་མོ་དེ་རང་གི་ཆུང་མར་བསུས་ཏེ་སྡེ་བ་གཉིས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་བཏང་། དཔོན་པོ་བཙན་ཕྲུག་གིས་བརྩེ་དུང་གི་འཚོ་བར་ལོངས་སུ་སྤྱད་དེ་ལོ་ངོ་མང་བོ་ཞིག་ཅི་ཡིན་འདི་ཡིན་མེད་པར་འགོར་སོང་ལ། དེའི་རིང་ལ་རྒྱ་མོ་སྡེ་བའི་མི་རྒྱུད་སོགས་འཕེལ་ཏེ་དུད་ཁྱིམ་ཀྱང་སྔོན་ལས་ཇེ་མང་དུ་སོང་ནས་ཐ་ན་ཀ་རྒྱ་སྡེ་བ་ལས་ཀྱང་མང་བར་གྱུར་འདུག་ལ། སྔར་གྱི་ཁ་ཆད་མཐའ་དག་བརྗེད་སོང་བ་ནང་བཞིན་རུ་བ་ཕྱིར་འགྲོ་རྒྱུའི་ཚུགས་ཀ་ཙམ་ཡང་མེད་པར་མ་ཟད། ཐ་ན་རུ་བ་དག་ཀ་རྒྱ་སྡེ་བའི་ས་དཀྱིལ་དུ་ཡོང་ནས་སྦྲ་ཕུབས་པ་དང་ཕྱུགས་འཚོས་ཏེ་སྡོད་པ་སོགས་ལའང་ཅི་སྙམ་པར་བྱེད། 

  སྐབས་དེར་ཀ་རྒྱ་སྡེ་བའི་རྒན་པོ་བསམ་ཤེས་འགས་གྲོས་བྱས་ཏེ་རྒྱ་མོ་སྡེ་བ་སྔོན་གྱི་ཁ་ཆད་ནང་བཞིན་ཕྱིར་ཁོ་ཚོ་ཡོང་ས་དེར་འགྲོ་དགོས་ཞེས་བཤད་ནའང་། ཁོ་ཚོས་དོན་དག་དེ་གཏན་ནས་ཁས་མ་བླངས། དེ་ནས་ཀ་རྒྱ་སྡེ་བའི་རྒན་པོ་ཚོ་ཐབས་ཟད་ནས་མཐའ་མཇུག་ཁོ་ཚོ་སྔོན་ཆད་གཡར་མྱོང་བའི་ས་ཆ་དེར་སོང་ནས་བསྡད་ཆོག་པའི་བསམ་ཚུལ་བསྟན་ནའང་། རྒྱ་མོ་སྡེ་བས་གཡེར་མོ་རྩྭ་ཐང་ནི་བསྐལ་བ་ཡ་ཐོག་གི་རིང་ནས་ཁོ་ཚོའི་ཡབ་མེས་ཀྱི་ཕ་ས་ཕ་ཡུལ་ཡིན་ལ། ཁོ་ཚོས་ཉེ་སྔོན་རང་གི་ཕ་ཡུལ་བསྙེགས་ཡོང་བ་ཡིན་པས་ད་ནི་གནས་གཞན་གང་དུའང་མི་འགྲོ་ཟེར་ནས་རྙོག་དྲ་བཤད།“ཤིག་འཁྱམས་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་བསྙེག”ཟེར་བའི་དཔེ་བཞིན་རྒྱ་མོ་སྡེ་བའི་མི་རྣམས་ཀྱིས་གཡོ་སྒྱུ་སྣ་ཚོགས་བཀོལ་ཏེ་ས་འདི་ན་སྡེ་བ་གཅིག་ལས་གཉིས་མེད་ཟེར་ནས་ཀ་རྒྱ་སྡེ་བར་དབང་བསྒྱུར་རྗེས་སྡེ་དཔོན་བཙན་ཕྲུག་བསྐྱུར་ཏེ་སྡེ་གཉིས་ཀའི་སྡེ་དཔོན་ལ་རྒྱ་མོའི་སྡེ་དཔོན་གཅིག་བུ་བཞག ཡིན་ནའང་བཙན་ཕྲུག་གིས་ཨ་ཞང་ཚང་གི་ཁ་ངོར་བལྟས་ཏེ་བཟོད་པ་བསྒོམས་ནས་བསྡད། 

   ད་རུང་“ཁྱི་ཁར་བསྐྱིལ་ན་ངོར་ལྡིང”ཟེར་བའི་དཔེ་བཞིན་བསྡད་ཀྱིན་བསྡད་ཀྱིན་རྒྱ་མོ་སྡེ་བས་ཀ་རྒྱ་སྡེ་བའི་སྟེང་ལ་མངོན་སུམ་འཛེམ་མེད་ཀྱི་མི་གསོད་རྒྱུ་འཕྲོག་གི་བྱ་ངན་མང་བོ་ལས་པས།མཇུག་མཐར་སྡེ་དཔོན་བཙན་ཕྲུག་ཐབས་ཟད་དེ་བྱིས་པ་སྐྱེ་རྒྱུ་མེད་པའི་རང་གི་ཆུང་མ་དེ་དང་བཟའ་འཐོར་བྱས་ནས་ཕྱིར་རྒྱ་མོ་སྡེ་བར་བསྐྱལ་རྗེས། རང་སྡེའི་མི་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་དགྲ་འགོག་གི་བྱ་བར་གྲོས་བསྡུར་བྱས་པ་ན། རང་སྡེའི་མི་སྐོར་ཞིག་སྔར་ནས་རྒྱ་མོ་སྡེ་བར་ཉེ་འབྲེལ་དང་གྲོགས་འབྲེལ་ཡོད་མཁན་དུ་གྱུར་འདུག་པ་དང་། ལ་ལ་ཞིག་རྒྱ་མོ་སྡེ་བའི་སྟོབས་ཤུགས་ལ་སྔར་ནས་མགོ་བསྒུར་བས་མི་ཚད་ཐ་ན་ཕྱིར་རང་སྡེར་ངོ་ལོག་གྲབས་འདུག་པས་ཁོ་ཚོ་དགྲ་འགོག་འཐབ་འཛིང་བྱ་རྒྱུར་ཁ་མ་འཆམ་ལ། དཔོན་པོ་བཙན་ཕྲུག་དང་མཉམ་དུ་ཤི་གསོན་མཉམ་གནས་བྱེད་ཐུབ་མཁན་ཧ་ཅང་ཉུང་ཉུང་ཞིག་ལས་མ་ཡོད། དེ་དོན་ལམ་སེང་རྒྱ་མོ་སྡེ་བས་ཤེས་སོང་བས། ཁོ་ཚོས་ཁག་དེར་བཞག་ནས་ཁ་གཡོར་ས་བཙལ་ཏེ་“ཀ་རྒྱ་སྡེ་བས་ང་ཚོའི་སྟེང་ལ་དམག་གྲ་སྒྲིག་བྱས་སོང་། ད་ནི་ང་ཚོ་འདུག་ཏུ་མ་བཅུག་པ་རེད།”ཟེར་ནས་གྱོད་བརྒྱབས་ཏེ་དམག་བསྡུས་ནས་ཀ་རྒྱའི་སྟེང་ལ་བརྒྱུགས་ནས་མི་མང་བོ་བསད། དམག་འཁྲུག་ཁྲོད་མང་ཁ་ཉུང་གིས་མ་ལོན་པར་ཀ་རྒྱ་སྡེ་བ་ཡོངས་སུ་ཕམ་སྟེ་མཇུག་མཐར་དཔོན་པོ་བཙན་ཕྲུག་གིས་ཤོར་མ་ཉུང་ཙམ་ཁྲིད་ནས་ཡུལ་བྱོལ་ཏུ་འགྲོ་དགོས་བྱུང་བ་རེད།

     དེ་ལྟར་ཀ་རྒྱ་སྡེ་བ་ས་ཆ་གཞན་པ་ཞིག་ལ་སོང་རྗེས་དཔོན་པོ་བཙན་ཕྲུག་གིས་སྡེ་བ་ཡར་མར་མང་བོར་སྐྱབས་བཅོལ་ཏེ་གཟུ་བ་བཙལ་ནས་རྒྱ་མོ་སྡེ་བར་ཡང་ཡང་མངགས་ནའང་། རྒྱ་མོའི་ཕྱོགས་ནས་ཆ་རྐྱེན་སྣ་ཚོགས་བཏོན་ཏེ་གྱོད་ལ་བྱོལ་གང་ཐུབ་བྱས་ནས་ལོ་ངོ་མང་བོ་འགོར་ཡང་གྱོད་འགྲིག་མ་ཐུབ། དེ་ནས་དཔོན་པོ་བཙན་ཕྲུག་གིས་ཁོ་རྒས་ནས་འཆི་རག་བར་དུ་ཕྱིར་རང་གི་ཕ་ཡུལ་དུ་ཡོང་ནས་གཉེན་ཉེ་ཚོར་ཁ་ངོ་ཐེངས་ཤིག་འཕྲད་དགོས་པའི་རེ་བ་ཙམ་ཞུས་ནའང་རྒྱ་མོ་སྡེ་བས་ཁོར་གཏན་ནས་ཁ་ངོ་དང་གོ་སྐབས་མ་བྱིན་པས། དཔོན་པོ་བཙན་ཕྲུག་ཨུ་ཐུག་སྟེ་ཉལ་སར་ལྷུང་སོང་། མཇུག་མཐར་ཁོས་མགོ་བཀྱགས་ཏེ་རང་གི་བུ་དང་ཚ་བོ་སོགས་ལ་བལྟས་ནས། “གྱོད་རྔ་མ་རིང་ན་བུ་ལ་གནོད།”ཅེས་བཤད་རྗེས་མིག་ཟུང་གཏན་དུ་བཙུམས་སོང་།

   གྲོགས་པོ་རྣམ་པ། སྒྲུང་རྩོམ་འདི་ནི་ངའི་ཨ་མེས་ཀྱིས་ང་ལ་བཤད་པའི་དངོས་བྱུང་གི་གཏམ་རྒྱུད་ཅིག་ཡིན་པས། ཁྱེད་ཅག་གིས་དོན་དག་ངོ་མ་ཞིག་ཏུ་བསམ་པ་ལས་ངས་རྟོགས་བཟོ་བྱས་པ་ཞིག་རེད་འདོད་མི་རུང་། མཇུག་མཐར་ངས་ཁྱེད་ཅག་ལ་འདྲི་འདོད་པ་ནི། སྒྲུང་གཏམ་འདི་འབྲི་དོན་ཉེ་ཆར་ཁོར་བོར་རྒྱལ་ཁབ་རིམ་པའི་དུས་དེབ་མཐོ་གྲས་ཤིག་གི་རྩོམ་སྒྲིག་ཁང་གིས་“འཆམ་མཐུན་བུམ་པའི་གསེར་གྱི་རྟགས་མ”འི་སྒྲུང་ཐུང་འགྲན་བསྡུར་གྱི་རྩོམ་བསྡུའི་བརྡ་སྦྱོར་ཞིག་ཆེད་དུ་བསྐུར་ཡོང་བ་དེར་དམིགས་ཏེ་བྲིས་པ་ཡིན་པས། ཁྱེད་ཅག་གིས་བལྟས་ན་བདག་གི་རྩོམ་འདིས་བྱ་དགའ་དེ་ལེན་ཐུབ་རྒྱུ་རེད་དམ་མ་རེད།


༢༠༡༥/༡༠/༣༠


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522942
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།