རྒ་བའི་སྡུག་བསྔལ་རང་ཐོག་ཏུ་བབས་པའི་ངོ་སྤྲོད་འཁོར་བའི་རང་མཚང་སྟོན་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
མཁས་དབང་ཚེ་ཏན་ཞབས་དྲུང་།
བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་བརྩེ་བའི་ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མ་གཏོང་ཞིག
ཤ་དར་ཁྲག་དར་གྱི་གཞོན་ནུའི་སྐབས་སུ།།
རྒ་བའི་སྡུག་བསྔལ་གྱི་གསུང་བཤད་ཐོས་ཀྱང་།།
རྣ་གཤོག་ཅོར་ཅོར་གྱི་གཞལ་མེད་ཁང་དུ།།
ཆུ་སྒྲ་རླུང་སྒྲ་དང་ཁྱད་པར་ཅི་ཡོད།།
བྱང་ཆུབ་ལམ་རིམ་གྱི་རྒ་བའི་སྡུག་བསྔལ།།
སྟོན་པའི་ཆོས་སྐོར་དེ་བམ་ཀློག་བྱས་ཀྱང་།།
གནས་བརྟན་བགྲེས་སོན་གྱི་སྐུ་ལ་བསྐྱལ་ནས།།
རང་སྟེང་འབབ་ངེས་དེ་ཡེ་ནས་མ་ཤར།།
རྒས་ཤིང་འཁོགས་པ་ཡི་རྒན་མོ་མཐོང་ཚེ།།
ཨེ་མ་རང་རང་གིས་ཚུགས་རེ་བཅོས་ན།།
འདི་འདྲའི་རྒས་ཉམས་ཤིག་ཅི་ལ་སྟོན་སྙམ།།
རྒན་པོར་འཕྱ་སྨོད་ཀྱི་སྣང་བ་སྐྱེས་བྱུང་།།
རྒྱ་ཆེར་རོལ་བ་ཡི་མདོ་སྡེ་ཆེན་མོར།།
རྒྱལ་བུ་དོན་གྲུབ་ཀྱིས་གཟིགས་པའི་རྒན་མོ།།
སྔོན་བྱུང་ལོ་རྒྱུས་ཀྱི་ལྟད་མོ་ཙམ་ལས།།
གཞན་དཔེ་རང་ཉིད་ལ་སྦྱོར་བ་ལྟ་ཞིག།།
ཁྲི་ཆེན་གུང་ཐང་བའི་ཉམས་མྱོང་འབེལ་གཏམ།།
མཁས་པའི་ཁྱད་ཆོས་རང་འབུར་དུ་ཐོན་པས།།
མཚར་མཚར་སྙན་སྙན་གྱི་གསུང་གི་དྲིལ་ཆུང་།།
རྣ་བའི་བུ་ག་རུ་འཇེབས་པ་ཙམ་མོ།།
ལྔ་བཅུ་ཁ་རལ་གྱི་འཕྲང་སྒོ་འགྲིམས་ནས།།
དྲུག་ཅུ་མཐོ་ཚད་ལ་རྩི་བར་སོན་ཚེ།།
རྒ་བའི་ཁུར་ཐོགས་ཀྱི་ཕྱོགས་བཞིའི་མགྲོན་པོ།།
གཡབ་མོས་མ་བོས་ཀྱང་འཚངས་ཀ་བརྒྱབ་བྱུང་།།
སྔོན་བྱོན་བཀའ་གདམས་པའི་མཛུབ་ཚུགས་ཟབ་མོར།།
ཁད་ཀྱིས་ཁད་ཀྱིས་ནི་འོངས་པས་དྲག་སྟེ།།
རྒས་རྟགས་དུས་གཅིག་ལ་བསྲན་ཐབས་མེད་ཅེས།།
བསྟན་པའི་གསུང་སྒྲོས་དེ་ངེས་པར་དགོངས་དག།
ཀྱེ་ཀྱེ་ལུས་ཀྱི་སྐྱེ་མཆེད་སྡོང་སྐམ་ལ།།
རྒས་པའི་ཡལ་ག་འཁྱོག་པོའི་ཚང་ཚང་འཁྲིགས།།
རང་གིས་རང་ལ་སྐྱུག་རེ་བྲོ་བའི་ཚུལ།།
སྡེབ་ལེགས་ཚིག་གི་ལམ་ནས་ངོ་འདི་སྤྲོད།།
གཞོན་དུས་ཕར་འགྲོ་ཚུར་འོང་གོམ་པའི་འགྲོས།།
ཉ་མོ་ཆུ་ལ་འཕྱོ་འདྲའི་བདེ་འཁྱུག་ཅན།།
རྒྱུགས་ན་མྱུར་ཞིང་མཆོངས་ན་གླ་བའི་རྩལ།།
སྤྱོད་ལམ་གང་འདོད་བསམ་པའི་རྗེས་སུ་འབྲང་།།
དོ་ཞག་རྐང་སྟབས་གཡས་སུ་སྤོ་འདོད་ཀྱང་།།
དབང་མེད་གཡོན་དུ་ཕྱོགས་པའི་འཁྱོར་འགྲོས་ཅན།།
མཆོང་རྒྱུགས་ལྟ་ཅི་འཆག་འཆག་ཙམ་གྱིས་ཀྱང་།།
རྟ་རྔ་འདྲ་བའི་དབུགས་ཐག་ཆད་ལ་ཉེ།།
ན་ཚོད་སྐྱ་རེངས་ཐོག་མར་གཟུགས་ཀྱི་ཁམས།།
དྲང་ཞིང་མཉེན་ལྕུག་སྨྱུག་མའི་ལང་ཚོ་ལྡེམ།།
ཡན་ལག་རྣམ་བཞི་ལག་སོར་མཉན་འགུགས་ཅན།།
བྱ་བྱེད་ལས་ལ་གང་འཚམས་སུས་ཀྱང་བསྔགས།།
རྒས་པའི་ཐེམ་སྐས་གྱེན་ལ་འཛེགས་པ་ན།།
སྐེད་པ་ཡོ་སྒུར་ཁབ་སྟོར་འཚོལ་བའི་ཉམས།།
ཡན་ལག་གྱོང་ལ་སོར་མོ་ཤིང་ལྟར་རེངས།།
རྒྱུད་སྡེའི་ཕྱག་རྒྱ་འཆིང་བའི་དུས་ལས་ཡོལ།།
ཤ་དར་ཚེ་ན་སྡོང་བོ་འགྱེལ་བ་ལྟར།།
ཡན་ལག་རྣམ་ལྔ་ས་ལ་གཏུགས་པའི་ཕྱག།།
དབུགས་ཐེངས་གཅིག་ལ་བརྒྱ་མཐུད་སྟོང་གི་ཚོགས།།
བདེ་བླག་ཉིད་དུ་གསོག་པར་དཀའ་བ་ཅི།།
ལོ་ལོན་གྲལ་དུ་བསྙེགས་པའི་སྐལ་ངན་འདིར།།
མལ་ནས་ལྡང་ན་གླང་རྒན་ཉལ་སློང་འདྲ།།
ཐུར་དུ་སྦུབ་ན་གཡང་ལ་ལྕེབ་འདྲ་བའི།།
འཇིགས་སྣང་དབུགས་བརྩེགས་ཧར་སྒྲས་མིད་པ་འགགས།།
ལང་ཚོའི་མེ་ཏོག་སྒང་བུ་འབུས་པ་ན།།
ཤ་པགས་འཇམ་མཉེན་དཀར་ལ་དམར་བའི་མདངས།།
བི་ཤྭ་ཀརྨའི་པིར་རྩེའི་རྩེད་འཇོ་ལས།།
ཐོན་པ་མིན་ནམ་རང་ཡང་འཕྱང་མོ་ཉུག།།
ད་ནི་བམ་རོ་རུལ་བའི་པགས་སྐམ་ཞིག།
ལུས་ལ་བཀབ་འདྲའི་གྱོང་གོག་གཉེར་མས་ཁེབས།།
ཤ་འཛེེར་སྟོང་དང་སྨེ་ཐིག་ཁྲི་ཕྲག་གི།
འཕྲ་རྒྱན་གཙུག་ནས་རྐང་མཐིལ་བར་དུ་བཏབ།།
དགེ་གསར་འདང་རྒྱག་སྐར་གང་མེད་པའི་དུས།།
མིག་གིས་མ་བསྒོས་པར་ཡང་མགོ་སྐྱེས་ལྗོན།།
གནག་སྣུམ་ཐང་ཤིང་ཐོལ་སྐྱེས་དཔལ་ལ་འཁུ།།
ལྔ་བཅུའི་འཕྲང་ལ་འགྲིམ་པའི་ལམ་བར་དུ།།
སྟོན་འཇུག་བ་མོ་མགོ་ལ་བབས་པ་འམ།།
རྡོ་ཐལ་དཀར་བོའིའ་རླུང་འཚུབ་ནང་ཞུགས་སམ།།
གང་ལྟར་སྐྲ་ལོ་དཀར་ལ་དང་བ་འཆོར།།
དེ་ཡི་ཚེ་ན་ལུས་ཀྱི་ཡན་ལག་མཆོག།།
སྐྲ་ལོས་ཁེབས་ཤིང་སྟུག་པོར་མ་ཟད་ཀྱི།།
ཁམ་ཁུམ་མེད་ཅིང་གདུགས་ལྟར་རྒྱས་པའི་གཙུག།།
ཕལ་ཆེརམཚན་བཟང་ལྡན་པར་རྩི་ཡང་རུང་།།
ཐལ་མདོག་སྐྲ་དཀར་མགོ་བོར་ཁྱབ་པ་དང་།།
ཆབས་ཅིག་གཙུག་གི་སྐྲ་ལོ་ཀུན་བྱི་ནས།།
པད་རག་སྤུངས་པའི་ལྷུན་པོས་དཔེར་མཚོན་པའི།།
སྤྱི་ཐེར་ཀླད་པ་གཅེར་བུའི་མཚན་ངན་བྱུང་།།
ཤིང་ཐོག་ཀུ་ཤུ་ལེགས་སྨིན་མདངས་བཀྲ་བའི།།
འགྲམ་པའི་མཁུར་ཚོས་ཡིད་ཀྱི་སྡུག་གུ་མར།།
རབ་དམར་སྐག་ཚོན་ཐིག་ལེའི་འཛུམ་བག་ཅན།།
ཟླ་གདོང་ངོས་ཀྱི་ནུ་འབུར་དཔལ་དུ་སྒེག།།
ད་ལྟ་འགྲམ་པའི་ཀུ་ཤུ་མཚར་བོ་དེ།།
གནས་དགྲ་སེར་བས་བཅོམ་པ་ལས་ཐུ་སྟེ།།
ལྐོག་ལ་ལྷུང་ཞིང་མི་སྡུག་ཞོམ་པའི་ཁར།།
ཁྲག་གི་རྒྱ་མཚོ་ཅིག་ཅར་ཉིད་དུ་བསྐམས།།
གསེར་གྱི་མདངས་ཆགས་གཡའ་བྲལ་འོད་འབར་བ།།
དཔྲལ་བའི་མེ་ལོང་དབྱིབས་ལེགས་ཐོད་པའི་རྒྱན།།
འབུར་བཟོ་མཁན་གྱི་འདེད་བུས་བཅོས་འདྲ་ཞིག།
བྱད་བཞིན་མཛེས་པའི་ཐོད་དུ་ལྷང་ངེར་གསལ།།
རྒན་པོའི་མལ་དུ་རྐང་རྗེས་བཞག་ཙམ་ནས།།
དཔྲལ་བའི་ཐང་བདེར་སྒང་གཤོང་ཉག་བཏོད་དེ།།
སྐམས་ལུག་ཤ་གཏུབ་བྱེད་པའི་དྲས་སྟན་ཞིག།།
ཐོད་ལ་བཏགས་པར་གཉེར་མའི་མིང་གིས་འབོད།།
དཀར་ནག་ཚོན་རིས་མ་འདྲེས་ནོར་བུའི་དབྱིབས།།
དཀྱུས་རིང་མིག་གི་བུང་བ་མཚར་སྡུག་ཅན།།
རྒྱང་རིང་དཔག་ཚད་མཐོང་བའི་ལྟ་བྱེད་རྣོ།།
རིན་ཐང་གཞལ་དུ་མེད་པའི་གཟི་འོད་འཕྲོ།།
ཉེ་ལམ་མིག་ལྕིབས་ཡོལ་བ་ཐུར་དུ་བཤམས།།
འདོམ་གང་ཕན་ཆད་མི་གསལ་རབ་རིབ་གྱུར།།
མིག་མཐའ་དམར་ཞིང་འབྱེད་འཛུམ་ལས་ཀྱིས་བྲེལ།།
རྔ་མ་སྲན་རལ་ཙམ་གྱི་སྙིགས་མས་སྦགས།།
སུམ་ཅུའི་གྲངས་ལྡན་དཀར་ལ་ཐགས་བཟང་བའི།།
སོ་ཕྲེང་གངས་རིའི་དོ་ཤལ་བསྒྲིགས་འདྲ་བ།།
རོ་བརྒྱའི་བཅུད་ལྡན་ལོངས་སྤྱོད་མཚོན་ཆ་མཆོག།།
མུ་ཏིག་སྟར་ལ་བརྒྱུས་པ་ཀུན་ཡིད་འཕྲོག།
ད་དུང་སྲིན་བུའི་བྱད་ཁ་མ་ཕོག་ཕྱིར།།
རང་སྐྱེས་མལ་ལས་གནས་དབྱུང་མ་བྱས་ཀྱང་།།
ཡར་ཡོར་འཁྱར་འཁྱོར་ཕྱི་སྡེ་ནང་སྡེབས་ཀྱིས།།
ཁྱི་ཁ་ར་སོའི་དཔེ་ངན་གཟུགས་སུ་གྲུབ།།
བཞིན་རས་ལྷ་ལམ་མཛེས་པའི་ཉི་ཟླ་ཟུང་།།
ཐོས་འཛིན་རྣ་བའི་དབང་བོ་ཨུཏྤལ་ལྟར།།
སྲན་བུ་ཕྲ་མོའི་གཤོག་རྡེབ་སྒྲ་སྐད་ཀྱང་།།
ཐོས་ན་སྒྲ་གཞན་སྨོས་ཀྱང་ཅི་ཞིག་དགོས།།
བདུན་ཅུར་ཉེ་བའི་ལམ་འཕྲང་དོག་མོར་ཡང་།།
སྒྲ་འཛིན་དབང་བོར་ཉེ་ཞོ་མི་གདའ་སྟེ།།
རིང་མིན་རྣ་གཤོག་ལོགས་ལ་ལག་མཐིལ་གྱིས།།
སྣེ་འཐུད་བྱེད་པའི་ཆོ་རྩོག་སྟོན་ཀྱང་སྲིད།།
རྟ་འདུར་དབྱངས་གསུམ་གྲེ་འགྱུར་འཇོལ་མོའི་སྐད།།
ཀློག་འདོན་དབྱངས་ལ་གྱེར་བའི་ཁུ་བྱུག་མགྲིན།།
གཡང་འབོད་ཤིས་བརྗོད་དབྱངས་ཅན་འཕང་འགྲོའི་སྒྲར།།
དད་ལྡན་མཆི་མ་མི་འབབ་རང་དབང་ཅི།།
རྒན་མོའི་མཚང་ངན་སྦ་ཐབས་མེད་དུས་འདིར།།
རྒྱུན་དུ་གློ་ལུ་གྲེ་བར་གཡའ་ཞིང་ཟ།།
ལྐོག་ཤུབ་ལྡབ་ལྡིབ་གཡེར་མ་ཟོས་འདྲའི་སྐད།།
བོང་རྒན་ལྟོགས་པའི་ཆོ་ངེ་རྣ་བར་གཟན།།
གང་ཚེ་རྣམ་དཀར་ཟླུམ་པོར་འཁྱིལ་བའི་དུས།།
གསུང་རབ་མཚོ་ཆེན་འཇིངས་ལ་འཇུག་པའི་གཟིངས།།
བརྡ་སྤྲོད་སྙན་ངག་སྐར་རྩིས་སྡེབ་སྦྱོར་སོགས།།
རིག་པའི་ལོངས་ལ་ཅི་འདོད་རོལ་བས་མྱོས།།
དོ་མོད་དབང་བོའི་སྒོ་རྣམས་ཟུམ་པ་དང་།།
ལྷན་ཅིག་རིག་པའི་ཚལ་དུ་རྩེན་འདོད་ཀྱང་།།
འབྱུང་བཞི་འཁྲུགས་པས་ཀལྤ་གཞིལ་བའི་ལྟོར།།
ཨ་ཧོ་ལྐོག་མ་བརྣངས་པ་ཙམ་དུ་ཟད།།
མདོ་རྒྱུད་པུསྟི་ཙནྡན་འཁྲིགས་པའི་གླིང་།།
དགེ་མཚན་དྲི་བསུང་ཁོར་ཡུག་འཐུལ་བའི་གྲྭར།།
རྣམ་དཔྱོད་གཞོན་ནུ་གར་གྱིས་མྱོས་པའི་མཐའ།།
འདི་ཙམ་ཞེས་བྱར་སྤྱན་སྟོང་གཟིགས་རེ་སྐན།།
ད་ནི་ཉི་ཟླའི་མིག་ཐོགས་ས་ཆེན་དུ།།
འཚོལ་བའི་ངལ་བ་ལན་བརྒྱར་འབད་ན་ཡང་།།
ཀྱེ་ཧུད་རེ་བའི་པདྨར་སྨིན་པའི་རྩིས།།
བློ་གྲོས་རྐང་དྲུག་ཚིམ་པ་ལྟ་ཞིག་གུ།།
གཡའ་ཆུ་སིལ་མ་རབ་དྭངས་ལྷུང་ལྷུང་འབབ།།
ནེ་ཙོའི་སྒྲོ་ཐུལ་སྤང་ལྗོངས་མེ་ཏོག་བཞད།།
བྱ་སྐད་འགྱུར་ཁུགས་སྙན་མོར་དྲང་སྲོང་ལ།།
མྱོས་པ་སྟེར་བའི་དབེན་གནས་ཅི་དགར་བསྟེན།།
ཕྱིས་སུ་ཟ་ཟེད་འདུ་འཛིའི་གྲོག་ཚང་བརྡོལ།།
བསམ་གཏན་བཤིག་པའི་ཆོམ་དང་རྡིག་སྒྲའི་ཁྲོད།།
སྣ་ཐག་གཞན་ལ་ཤོར་བའི་སྙིང་རྗེའི་ངང་།།
མི་ཚེ་དོན་མེད་གཡེང་བས་ག་ཙམ་བསླུས།།
དྲང་སྲོང་རྣམ་པར་རྒྱས་པའི་དགའ་ཚལ་དུ།།
འབོལ་ཞིང་བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་།།
ལག་གཉིས་མཉམ་བཞག་ཞི་བའི་ཏིང་འཛིན་ལ།།
སྤྲེའུའི་ངང་ཚུལ་རེ་ཡང་བཟུང་བ་དྲན།།
འོན་ཀྱང་སྐད་ཅིག་འགྱུར་བའི་དུས་ཀྱི་མཐར།།
ཡ་མ་ཁྲོས་པའི་མཆེ་སྡེེར་བགྲད་པའི་མདུན།།
སང་ངམ་གནངས་ལ་འགྲོར་དོགས་ཞེད་པའི་བློས།།
གཉིད་ཀྱི་ལོངས་སྤྱོད་ཡར་བའི་སྡུག་ལ་འབྱམས།།
འཆད་རྩོད་རྩོམ་ལ་མཁས་པའི་འཕོང་གི་གྲྭར།།
ཟབ་གསལ་མྱུར་བའི་རྣམ་དཔྱོད་མདེའུ་ཡིས།།
གང་ལ་གཟས་པ་དེ་དེར་འབིགས་པའི་འཕྲུལ།།
ན་སོ་སྟོད་ལ་མཁས་པའི་གཟིགས་མོར་བཤམས།།
ཚེ་སྨད་རྒུད་པའི་ཆུ་ལོག་བ་ལང་གཅིན།།
གཡས་ནས་བཀག་ཀྱང་གཡོན་ནས་མ་ཁོག་པར།།
ཕུན་ཚོགས་ལོ་ཏོག་ས་ལ་སྒྱེལ་བའི་ཐན།།
སྐྱོབ་ཏུ་མེད་པའི་གནས་ལ་དབང་མེད་བཀོད།།
རང་ཐོག་བབས་པའི་རྒ་བའི་སྡུག་བསྔལ་འཚང་།།
འདིར་མཚོན་རྒས་འཁོགས་ཕ་མ་གཞན་དག་ཀྱང་།།
སྲིད་ལ་ངེས་འབྱུང་བློ་མཆོག་བསྐྱེད་པར་མཛོད།།
མདོར་ན་སྐྱེ་རྒ་ན་དང་འཆི་བ་ཡི།།
འཇིག་རྟེན་འཁོར་བའི་ཁྲོ་མིན་ལས་ཐར་ཏེ།།
གཏན་བདེ་ཐར་བ་ཆེན་པོའི་གྲོང་མཆོག་ཏུ།།
མཁའ་མཉམ་སྐྱེ་དགུའི་དོན་ཆེན་སྒྲུབ་ནུས་ཤོག།།
འདིར་སྨྲས་པ།
དབྱངས་ཅན་ལྷ་མོ་མགྲིན་པའི་ཁང་བཟང་དུ།།
བག་མར་བསུས་པའི་རྣམ་དཔྱོད་དར་མ་ལ།།
མཁས་པའི་དགའ་སྟོན་སྙན་ངག་རོ་བརྒྱའི་བཅུད།།
ཚིག་སྦྱོར་ཡོལ་གོར་བཤམས་པའི་རྩལ་ལ་བྱང་།།
ཚངས་སྲས་བུ་མོའི་ཕྱག་གི་པི་ཝང་མཆོག།།
བློ་གྲོས་རྩལ་གྱིས་འཕྲོགས་པའི་གར་མཁན་དེས།།
སྙན་ངག་དམ་པའི་དབྱངས་བདུན་རྫོགས་པའི་གླུ།།
བསྐལ་བར་བླངས་ཀྱང་འཛད་མཐའ་སུ་ཡིས་རིག།།
གསུང་གི་རྡོ་རྗེ་ངག་དབང་དབྱངས་ལྷ་མོ།།
སྙིང་དབུས་འདབ་བརྒྱད་ལྟེ་བར་བྱིན་རླབས་ཀྱིས།།
བདུད་རྩི་མངར་མོས་སྨིན་པར་མཛད་པ་གང་།།
སྙན་ངག་སྨྲ་ལ་ནམ་ཡང་ཞུམ་པ་མེད།།
དཎྜི་པད་ཚལ་ཉུལ་བའི་བྷྲ་མ་རས།།
གཤོག་ཟུང་བསྐྱོད་པའི་བར་ན་ཕུལ་བྱུང་དང་།།
སྒྲོ་བཏགས་ཟ་ཟིའི་རོལ་མོ་འཁྲོལ་བའི་སྒྲ།།
དྲན་དབང་མཉེས་བྱེད་མཆོད་སྤྲིན་བླ་ན་མེད།།
ངག་གི་དབང་ཕྱུག་དབྱངས་ཅན་འཛུམ་པའི་འོད།།
བློ་ལྡན་རིག་པའི་བློ་ལ་ཕོག་པ་ན།།
སྐྱེ་དགུའི་འདོད་པ་ཡིད་བཞིན་སྐོང་སླད་དུ།།
འགག་མེད་མགྲིན་པའི་ལམ་ནས་ཆར་ལྟར་འཇོ།།
ཆོས་དུང་གཡས་སུ་འཁྱིལ་བའི་ལྷུན་པོ་རིའི།།
ཉེ་འདབས་ཉམས་སུ་དགའ་བའི་ཕང་བ་རུ།།
མེ་འོད་འབར་བའི་གཡུ་འབྲུག་སྔོན་མོ་ཡི།།
རྒྱལ་གྱི་ཡར་ངོར་སོར་རྩེར་གར་དུ་ཟློས།།
ཟླ་ཟེར་ལོ་འཁོར་༢༠བ་དཔེ་ཚོགས་ལས་<<སྙན་རྩོམ་ངོ་མཚར་ལྷ་ཡི་རོལ་མོ>>ལས་བཤུས།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
|