སེམས་འདུལ་བའི་རིམ་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 25 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »སེམས་འདུལ་བའི་རིམ་པ།
སེམས་འདུལ་བའི་རིམ་པ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-11-02ལྟ་ཀློག (4495)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སེམས་འདུལ་བའི་རིམ་པ།

 

རྩོམ་པ་བོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ། 

  རང་ཅག་སོ་སོ་སྐྱེ་བོ་རྣམས་ཐོག་མེད་ནས་ད་ལྟའི་བར་སེམས་ཀྱི་དབང་དུ་སོང་། སེམས་ཉོན་མོངས་པའི་དབང་དུ་སོང་བས། ལུས་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་དང་མྱོང་བཞིན་མཆིས་པ་འདི་ཉིད་ཡིན། དེས་ན་སེམས་རང་གི་དབང་དུ་བྱ་ཕྱིར་བསྒོམ་བྱེད་པར་འདོད་པ་རྣམས་ཀྱིས་སེམས་གནས་པའི་ཐབས་རིམ་པ་དགུ་བོ་འདི་ངེས་པར་ཤེས་པར་བྱའོ།།དེ་ཡང་སེམས་གནས་དགུ་ནི། དང་བོ། འཇོག་པ། གཉིས་པ། རྒྱུན་དུ་འཇོག་པ། གསུམ་པ། བླན་ཏེ་འཇོག་པ། བཞི་བ། ཉེ་བར་འཇོག་པ། ལྔ་བ། དུལ་བར་བྱེད་པ། དྲུག་པ། ཞི་བར་བྱེད་པ། བདུན་པ། རྣམ་པར་ཞི་བར་བྱེད་པ། བརྒྱད་པ། རྩེ་གཅིག་ཏུ་བྱེད་པ། དགུ་བ། མཉམ་པར་འཇོག་པ་རྣམས་སོ། །

  དང་བོ་སེམས་འཇོག་པ་ནི། རང་ཅག་སེམས་མ་སྦྱངས་པ་རྣམས་ནི་སྤྲེའུ་ཅུང་ཟད་ཙམ་ཡང་འདུག་ས་གཅིག་ནས་སྡོད་མི་ཚུགས་པའམ། རྟ་རྒོད་ལམ་ལ་ཇི་བཞིན་མི་འགྲོ་བ་དེ་ལྟར། དམིགས་པ་ལ་ཅུང་ཟད་ཙམ་ཡང་གནས་དཀའ་ཞིང་རྒྱུན་དུ་ཕྱི་རོལ་དུ་གཡེངས་ནས་ཡོད་པའི་སེམས་དེ་ཉིད། ཕྱི་རོལ་དུ་གཡེངས་པ་ལས་ཡང་དག་པར་བསྡུས་ཏེ་ནང་དུ་དམིགས་པ་ལ་གཏོད་པར་བྱེད་པ་སྟེ། སྐབས་འདིར་རྣམ་རྟོག་ཇེ་རྒོད་ལ་སོང་བ་ལྟ་བུའི་སྣང་བ་སྐྱེ་ཡང་། དོན་དངོས་སུ་རང་སེམས་ལ་རྣམ་རྟོག་བྱུང་བ་སྔོན་ལ་ལྟོས་ཏེ་ངོས་ཟིན་པ་ཡིན་གྱི། ཇེ་མང་དུ་སོང་བ་ནི་མིན་ནོ།།དེས་ན་འདི་ནས་བཟུང་སེམས་དམིགས་པ་གནས་པའི་འགོ་ཚུགས་པ་ལྟ་བུ་ཡིན་ནམ་སྙམ།།  

  གཉིས་པ་རྒྱུན་དུ་འཇོག་པ་ནི། སེམས་དང་བོའི་སྐབས་སུ་ཕྱི་རོལ་གྱི་དམིགས་པ་ལ་གཡེངས་པ་ལས་ནང་དུ་བསྡུ་བའི་འགོ་ཚུགས་པ་ཙམ་ལས། ནང་གི་དམིགས་པ་དེ་ཉིད་ལ་ཆེར་གནས་མི་ཐུབ་མོད། འདིར་ནི་སྔོན་ལ་ལྟོས་ན་ཅུང་རྒྱུན་མཐུད་དེ་དང་བོར་གཏད་པའི་སེམས་དེ་ཉིད་གཞན་དུ་མི་གཡེང་པར་དམིགས་པ་དེ་ལ་སེམས་འཇོག་ནུས་ཏེ། དཔེར་ན་མ་ཎི་འཕྲེང་སྐོར་གཅིག་ཙམ་གྱི་ཡུན་ལ་སེམས་དམིགས་པ་ལས་མ་གཡེངས་པར་འཇོག་ནུས་པར་བཤད་དོ།།

  གསུམ་པ་བླན་ཏེ་འཇོག་པ་ནི། བརྗེད་ངས་ཀྱིས་ཡེངས་ཏེ་ཕྱི་རོལ་དུ་གཡེངས་ན་དེ་ཤེས་པར་བྱས་ནས་སླར་ཡང་དམིགས་པ་དེ་ཉིད་ལ་སེམས་འདོགས་པ་ལ་བྱའོ།།སྐབས་འདིར་སེམས་དམིགས་པ་གནས་པ་ཅུང་མང་ལ་གཡེངས་པ་སྔར་ལས་ཅུང་ཉུང་བར་མངོན་ནོ།།

  བཞི་བ་ཉེ་བར་འཇོག་པ་ནི། སྒོམ་རིམ་དང་བོ་ལས།རྣམ་གཡེངས་སྤངས་ནས་དམིགས་པ་དེ་ཉིད་ལ་འབད་པས་འཇོག་པ་ལ་བཤད་ཅིང་། ཤེར་ཕྱིན་མན་ངག་ལས་ནི། སེམས་རང་བཞིན་གྱི་རྒྱ་ཆེ་ལས་ཡང་དང་ཡང་དུ་བསྡུས་ཏེ་ཕྲ་བར་བྱས་ནས་གོང་ནས་གོང་དུ་འཇོག་པ་ལ་བཤད། ཉན་ས་ལས། དང་བོར་དྲན་པ་ཉེ་བར་བཞག་སྟེ་སེམས་ཕྱི་རོལ་དུ་མི་གཡོ་བ་ལ་བཤད་དེ། དྲན་པའི་སྟོབས་བསྐྱེད་ནས་བརྗེད་ངས་ཀྱིས་ཕྱི་རོལ་དུ་གཡེང་བར་མི་བྱེད་པའོ།།མདོར་ན་སྐབས་འདིར་དྲན་པའི་སྟོབས་སྔར་ལས་ཆེ་བས་དམིགས་པ་ལས་ཕྱི་རོལ་དུ་གཡེངས་པའི་གོ་སྐབས་ཅུང་ཉུང་བ་དེའི་ཕྱིར་སྔ་མ་རྣམས་ལས་ཤིན་ཏུ་བརྟན་ན་ཡང་། འོན་ཀྱང་བྱིང་བའི་གཉེན་པོ་ལ་ཧ་ཅང་འབད་དགོས་སོ།།

  ལྔ་བ་དུལ་བར་བྱེད་པ། སེམས་འདི་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་ཏིང་ངེ་འཛིན་ལ་དགའ་བར་བྱེད་པ་ཞིག་གོ།ཉན་ས་ལས་ནི་གཟུགས་སོགས་ཡུལ་ལྔ་དང་དུག་གསུམ་དང་སྐྱེས་པ་དང་བུད་མེད་ཀྱི་མཚན་མ་གང་རུང་གིས་སེམས་གཡེངས་ན་དང་བོ་ནས་དེ་དག་ཉེས་དམིགས་སུ་བཟུང་ནས་མཚན་བཅུ་བོ་དེ་དག་གིས་སེམས་འཕྲོར་མི་སྟེར་བ་ལ་བཤད་དོ།།དེ་ཡང་སེམས་གནས་བཞི་བའི་སྐབས་སུ་སེམས་དམིགས་པ་ལས་གཡེངས་བའི་གོ་སྐབས་ཆེས་ཉུང་ན་ཡང་། སེམས་ནང་དུ་བསྡུ་དྲག་ན་བྱིང་བ་ཕྲ་མོ་འབྱུང་ཉེན་ཆེ་བས། སེམས་གནས་ལྔ་བའི་སྐབས་ཏུང་ངེ་འཛིན་གྱི་ཡོན་ཏན་བསྒོམས་ནས་སེམས་གཟེངས་བསྟོད་དགོས།

  དྲུག་པ་ཞི་བར་བྱེད་པ་ནི། རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ་ཞིག་ལ་བྱའོ།།དེ་ཡང་སེམས་ལྔ་བ་དུལ་བར་བྱེད་པ་ཞེས་པའི་སྐབས་གཙོ་བོར་བྱིང་བ་འབྲིང་དང་ཕྲ་བ་འགོག་ཆེད་སེམས་དགའ་བའི་གཟེངས་བསྟད་དེ་བྱིང་བ་དུལ་ཡང་། གཡེང་བ་ཕྲ་མོ་མངོན་དུ་འགྱུར་སྲིད་པས། འདིར་ནི་གཙོ་བོར་རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་སྒོམ་པ་ལ་མི་དགའ་བ་ཞི་བར་བྱེད་པ་ཡིན་ནོ།།ཉན་ས་ལས་ནི་འདོད་པའི་རྣམ་རྟོག་ལ་སོགས་པའི་རྣམ་རྟོག་དང་འདོད་པ་ལ་འདུན་པའི་སྒྲིབ་པ་ལ་སོགས་པའི་ཉེ་ཉོན་གྱིས་སེམས་འཁྲུགས་ན། དང་བོ་ནས་དེ་ལ་ཉེས་དམིགས་སུ་བཟུང་སྟེ་རྣམ་རྟོག་དང་ཉེ་ཉོན་དེ་དག་ལ་སེམས་འཕྲོ་རུ་མི་སྟེར་བ་བཤད་དོ། ། 

  བདུན་པ་རྣམ་པར་ཞི་བར་བྱེད་པ་ནི། ཆགས་སེམས་དང་ཡིད་མི་བདེ་བ་དང་རྨུགས་གཉིད་སོགས་རྣམ་པར་ཞི་བར་བྱེད་པའི་ཏིང་ངེ་འཛིན་ཞིག་གོ། ཉན་ས་ལས་ནི་བརྗེད་ངས་སྐྱེས་ནས་རྣམ་རྟོག་དང་ཉེ་ཉོན་བྱུང་ན་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བ་ལ་བཤད་དོ།།དེས་ན་སྐབས་འདིར་དྲན་པ་དང་ཤེས་བཞིན་གྱི་སྟོབས་ཆེ་བས་བྱིང་རྒོད་འབྱུང་བའི་ཉེན་ཆེར་མེད་ཀྱང་། ད་དུང་བྱིང་རྒོད་ཕྲ་མོ་ལ་ཉེས་དམིགས་སུ་བལྟས་ནས་བརྩོན་པའི་སྟོབས་བསྐྱེད་དེ་སྤོང་བ་ལ་འབད་དགོས་སོ།།

  བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ནི། འབད་མེད་དུ་འཇུག་པའི་ཕྱིར་འབད་པར་བྱེད་པའམ། བྱིང་རྒོད་ཕྲ་མོ་ཙམ་གྱི་བར་ཆད་མེད་པར་ཏིང་ངེ་འཛིན་ལ་རྒྱུན་ཆགས་སུ་འཇོག་ནུས་པའི་ཏིང་ངེ་འཛིན་ཞིག་གོ། སྐབས་འདིར་ཐུན་འགོ་ལ་ཅུང་ཟད་འབད་པ་བྱས་ཙམ་གྱིས་ཐུན་ཡོངས་རྫོགས་ཀྱི་རིང་ལ་བྱིང་རྒོད་མི་འབྱུང་ངོ་།།དེ་ཡང་སེམས་ལ་དབང་མ་འབྱོར་གོང་དུ་བྱིང་རྒོད་ལ་སྟོབས་ཤུགས་ཧ་ཅང་ཆེ། དེ་ནས་སེམས་འདུལ་བའི་ཐབས་ཡང་དག་པར་ཉམས་སུ་བླངས་པས་རིམ་གྱིས་དེའི་ནུས་སྟོབས་ཇེ་ཞན་དུ་འགྲོ། མཐར་དེའི་ནུས་པ་ཡོངས་སུ་ཉམས་པར་འགྱུར་རོ།།དེས་ན་སེམས་གནས་བརྒྱད་པའི་སྐབས་འདིར་རང་རྒྱུད་ཀྱི་བྱིང་རྒོད་དེ་ཕམ་པར་བརྒྱབ་ཟིན་པའི་དགྲ་བོ་བཞིན་དུ་རང་རྒྱད་ཀྱི་ཏིང་ངེ་འཛིན་ལ་བར་ཆད་བྱེད་པའི་ནུས་པ་མེད་པར་བྱས་འདུག་པར་མངོན་ནོ།།

  དགུ་བ་མཉམ་པར་འཇོག་པ་ནི། སྒོམ་རིམ་ལས་སེམས་མཉམ་པར་གྱུར་བ་ན་བཏང་སྙོམས་སུ་བྱེད་པ་ལ་གསུངས་ཤིང་། ཤེར་ཕྱིན་མན་ངག་ལས་རྒྱུད་གཅིག་ཏུ་བྱེད་པ་གོམས་པས་ལྷུན་གྲུབ་ཏུ་རང་གི་ངང་གིས་འཇུག་ཅིང་རང་དབང་ཐོབ་པ་ལ་གསུངས། ཉན་སར་ཏིང་ངེ་འཛིན་དུ་བྱེད་པ་ཞེས་གསུངས་ཤིང་། དེའི་དོན་ཡང་དེ་ཉིད་ལས། ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང་རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་། མངོན་པར་འདུ་བྱེད་པ་མེད་པ་དང་ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས་དེའི་སེམས་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་པར་འགྱུར་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ།།ཞེས་གསལ་བར་གསུངས་པ་ལྟར་རོ།།དེས་ན་མཉམ་པར་འཇོག་པ་ཞེས་པ་ནི་མདོར་བསྡུས་ན། འབད་རྩོལ་མི་ལྟོས་པར་ཏིང་ངེ་འཛིན་རང་བབས་སུ་འཆར་བའི་ཏིང་ངེ་འཛིན་དགུ་བ་དེ་ལ་བྱའོ།།

   འོ་ན་དེ་ལྟ་བུའི་ཏིང་ངེ་འཛིན་སྐྱོན་མེད་བསྒྲུབ་པ་ལ་ཐོག་མར་ཟོན་བྱེད་དགོས་སའི་ཉེས་པ་གང་དག་ཡོད་ཅེ་ན། རྗེ་བཙུན་བྱམས་པ་མགོན་པོས་དབུས་མཐའ་རྣམ་འབྱེད་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད།།བསྟེན་པའི་རྒྱུ་ལས་བྱུང་བའོ།།ལེ་ལོ་དང་ནི་གདམས་ངག་རྣམས།།བརྗེད་དང་བྱིང་དང་རྒོད་པ་དང་།།འདུ་མི་བྱེད་དང་འདུ་བྱེད་དེ།།འདི་དག་ཉེས་པ་ལྔར་འདོད་དོ།།ཞེས་གསུངས་པ་ལྟར་ཏིང་ངེ་འཛིན་སྐྱོན་མེད་བསྒྲུབ་པ་ལ་ཟོན་བྱེད་དགོས་པའི་ཉེས་པ་ནི་ལྔ་སྟེ། ལེ་ལོ་དང་། གདམས་ངག་རྣམས་བརྗེད་པ་དང་། བྱིང་རྒོད་དང་། མི་རྩོལ་བ་དང་། འདུ་བྱེད་པ་དང་ལྔ་ཡོད་པའི་ཕྱིར་རོ།། གོང་དུ་བཤད་པའི་ལྔ་བོ་དེ་ལས་དང་བོ་བས་ཏིང་ངེ་འཛིན་གསར་དུ་བསྒྲུབ་པ་ལ་ཉེས་པར་ཇི་ལྟར་འགྱུར་ཚུལ་ནི། ༼༡༽སྦྱོར་བའི་ཚེ་ལེ་ལོ་ཉེས་བ་ཡིན་ཏེ། དེས་ཏིང་ངེ་འཛིན་ལ་མི་སྦྱོར་བའི་ཕྱིར། ལེ་ལོ་ཞེས་པ་ནི། ཡུལ་དགེ་བའི་ཆོས་གང་ལ་དམིགས་ཀྱང་སེམས་སྤྲོ་བ་མེད་པའི་རྣམ་པ་ཅན། བྱེད་ལས་དགེ་བའི་བྱ་བ་ལ་བར་དུ་གཅོད་པའི་སེམས་བྱུང་ཞིག་ལ་ཟེར་ཞིང་འདིར་ནི་ཏིང་ངེ་འཛིན་བསྒོམ་པ་ལ་མི་སྤྲོ་བའི་སེམས་བྱུང་ངོ་།།དབྱེ་ན། སྙོམ་ལས་བྱ་བ་ངན་ཞེན་སྒྱུད་ལུག་གི་ལེ་ལོ་གསུམ་ཡོད།༼༢༽ཏིང་ངེ་འཛིན་ལ་རྩོལ་བའི་ཚེ་གདམས་ངག་བརྗེད་པ་ཉེས་པ་ཡིན་ཏེ། དེའི་ཚེ་དམིགས་པ་བརྗེད་ན་དེ་ལ་མཉམ་པར་འཇོག་མི་ནུས་པའི་ཕྱིར། ༼༣༽མཉམ་པར་བཞག་པའི་ཚེ་བྱིང་རྒོད་གཉིས་ཉེས་པ་ཡིན་ཏེ། དེས་སེམས་ལས་རུང་མེད་པར་བྱེད་པའི་ཕྱིར། ༼༤༽བྱིང་རྒོད་བྱུང་བའི་ཚེ་མི་རྩོལ་བ་ཉེས་པ་ཡིན་ཏེ། དེས་དེ་གཉིས་ཞི་བར་མི་བྱེད་པའི་ཕྱིར། ༼༥༽བྱིང་རྒོད་དང་བྲལ་ཚེ་འདུ་བྱེད་པ་ཉེས་པ་ཡིན་ཏེ། དེ་ལྟར་བྱས་ན་སེམས་གཡེང་ནས་ཏིང་ངེ་འཛིན་འཕེལ་མི་ཐུབ་པའི་ཕྱིར། དེ་ལྟར་ཏིང་ངེ་འཛིན་ལ་བར་ཆད་བྱེད་པའི་ཉེས་པ་མང་ནའང་འཇིགས་མི་དགོས་ཏེ། དེ་དག་སྤོང་བྱེད་ཀྱི་གཉེན་པོ་ཡོད་པའི་ཕྱིར། དབུས་མཐའ་རྣམ་འབྱེད་ལས། གནས་དང་དེ་ལ་གནས་པ་དང་།།རྒྱུ་དང་འབྲས་བུ་ཉིད་དུའོ།།དམིགས་པ་བརྗེད་པར་མ་གྱུར་དང་།།བྱིང་དང་རྒོད་པ་རྟོགས་པ་དང་།།དེ་སྤོང་མངོན་པར་འདུ་བྱེད་དང་།།ཞི་ཚེ་རྣལ་དུ་འཇུག་པའོ།།ཞེས་གསུངས་པ་ལྟར། ལེ་ལོའི་གཉེན་པོར་ཏིང་ངེ་འཛིན་དོན་གཉེར་གྱི་འདུན་པ་དང་། དེའི་ཕན་ཡོན་མཐོང་བའི་དད་པ་དང་། ཏིང་ངེ་འཛིན་ལ་རྩོལ་བ་བྱེད་པའི་བརྩོན་འགྲུས་དང་། རྩོལ་བའི་འབྲས་བུ་ཤིན་སྦྱངས་བཞི་དང་། དམིགས་པ་བརྗེད་པའི་གཉེན་པོར་དྲན་པ་དང་། བྱིང་རྒོད་ངོས་མི་ཟིན་པའི་གཉེན་པོར་ཤེས་བཞིན་དང་། བྱིང་རྒོད་བྱུང་ཚེ་གཉེན་པོ་འདུ་མི་བྱེད་པའི་གཉེན་པོར་འདུ་བྱེད་པ་དང་། བྱིང་རྒོད་ཀྱི་རྩེ་བཅག་ཚེ་འདུ་བྱེད་པའི་རྩོལ་བའི་གཉེན་པོར་འདུ་མི་བྱེད་པ་སྟེ་བརྒྱད་ཡོད་པའི་ཕྱིར། འདིའི་སྐབས་ཀྱི་ཤེས་བཞིན་ནི་ཏིང་ངེ་འཛིན་བསྒྲུབ་པའི་ཚེ་བྱིང་རྒོད་བྱུང་མ་བྱུང་བྱ་ར་བྱེད་པའི་སེམས་བྱུང་ཞིག་གི་མིང་ངོ་།།དབུ་མ་སྙིང་བོ་ལས། ཡིད་ཀྱི་གླང་བོ་ལོག་འགྲོ་བ།།དམིགས་པའི་ཀ་བ་བརྟན་པོ་ལ།།དྲན་པའི་ཐག་པས་ངེས་བཅིངས་ནས།།ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ།།ཞེས་གསུངས་པ་ལྟར་ཏིང་འཛིན་བསྒྲུབ་པ་ལ་དྲན་ཤེས་གཉིས་ཟུང་འབྲེལ་བྱེད་དགོས་ཏེ། དྲན་པས་སེམས་དམིགས་པ་ལ་གནས་པ་དེ་བྱིང་རྒོད་ཀྱི་དབང་དུ་སོང་ན་གླང་བོ་ཆེ་མ་དུལ་བ་ལྕགས་ཀྱུས་འདུལ་བ་ལྟར་ཤེས་བཞིན་གྱིས་བྱིང་རྒོད་ཡོང་མི་ཡོང་བྱ་ར་བྱས་ནས་དེའི་དབང་དུ་མི་གཏོང་བ་ཞིག་དགོས་པའི་ཕྱིར། སེམས་རང་གི་དབང་བྱ་བ་ལ་བར་ཆད་བྱེད་པའི་ཉེས་པ་ལྔ་ཇི་ལྟར་བྱུང་ཚུལ་དང་། དེ་སྤོང་བའི་འདུ་བྱེད་བརྒྱད་ཇི་ལྟར་བསྟེན་ཚུལ་དང་། སེམས་རང་གི་དམིགས་པ་ལ་གནས་པར་བྱེད་པའི་ཐབས་དགུ་ཇི་ལྟར་བསྒྲུབ་ཚུལ་སོགས་ནི་མདོར་བསྡུས་ཙམ་ཞིག་གོང་དུ་བཤད་ཟིན་པ་དེ་ལྟར་ལགས་ལ། ད་དུང་འདིའི་སྐབས་སུ་ངེས་པར་ཤེས་དགོས་པ་སྟོབས་དྲུག་དང་ཡིད་བྱེད་བཞིའི་སྒོ་ནས་སེམས་གནས་དགུ་ཇི་ལྟར་བསྒྲུབ་ཚུལ་ཡང་ཅུང་ཟད་ཙམ་ཞིག་བཤད་པར་འདོད་དོ།།

  སྟོབས་དྲུག་ནི། ཐོས་པའི་སྟོབས་དང་། བསམ་པའི་སྟོབས་དང་། དྲན་པའི་སྟོབས་དང་། ཤེས་བཞིན་གྱི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ཡོངས་སུ་འདྲིས་པའི་སྟོབས་རྣམས་སོ།།ཡིད་བྱེད་བཞི་ནི། བསྒྲིམས་ཏེ་འཇུག་པའི་ཡིད་བྱེད། བར་དུ་ཆད་ཅིང་འཇུག་པའི་ཡིད་བྱེད། སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད། ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་བྱེད་དང་བཞིའོ།།
  དང་བོ་ཐོས་པའི་སྟོབས་ཞེས་པ་ནི། རང་གིས་ཡང་ཡང་བསམས་ནས་གོམས་པ་མ་ཡིན་པར། གཙོ་བོར་སེམས་དམིགས་པ་ལ་འཇོག་པའི་གདམས་ངག་དེ་རང་ལས་གང་ཟག་གཞན་པ་རང་གི་བླ་མ་ལྟ་བུ་ལས་ཐོས་པ་ཙམ་གྱི་རྗེས་སུ་འབྲངས་ནས་དང་བོར་སེམས་དམིགས་པ་ལ་བཏགས་པ་ཙམ་གྱི་སྟོབས་སམ་བསྒོམ་ཚུལ་དེ་ལ་བྱ་ཞིང་། འདིའི་སྐབས་སུ་རང་སེམས་རང་ལ་གཏན་མི་དབང་བར་ཆེས་ཆེར་འཁྲུགས་ནས་ཡོད་པའི་གནས་ཚུལ་དེ་གསར་དུ་ངོས་ཟིན་པ་འབྱུང་ངོ་།།སྟོབས་འདིས་ནི་སེམས་གནས་དགུའི་ནང་ནས་དང་བོ་འཇོག་པའི་སེམས་འགྲུབ་པོ།།
  གཉིས་པ་བསམ་པའི་སྟོབས་ཞེས་པ་ནི། སྔ་མ་ལྟར་གཞན་ལས་ཐོས་པ་ཙམ་གྱི་རྗེས་སུ་འབྲངས་ནས་སེམས་དང་བོར་དམིགས་པ་ལ་བཏགས་པ་ཙམ་མ་ཡིན་པར། རང་གིས་ཡང་ཡང་བསམས་ནས་དེའི་རྒྱུན་བསྐྱངས་པ་ལས། སྔ་མ་ལས་རྒྱུན་ཅུང་ཟད་མཐུད་ནུས་པ་ཐོག་མར་ཐོབ་པ་དེ་ལ་བྱ་ཞིང་། འདིའི་སྐབས་སུ་རང་གི་སེམས་དེ་རང་ལ་མི་དབང་བར་རྒོད་པ་དང་ལན་རེར་ཅུང་ཞི་བའི་སྐབས་ཀྱང་ཡོད་པའི་གནས་ཚུལ་ཞིག་མཐོང་ངོ་།།སྟོབས་འདིས་ནི་སེམས་གནས་དགུའི་ནང་ནས་གཉིས་པ་རྒྱུན་དུ་སཇོག་པའི་སེམས་འགྲུབ་པོ།།མདོར་ན་འདི་གཉིས་ཀྱི་སྐབས་སུ་བྱིང་རྒོད་ཤིན་ཏུ་མང་ཞིང་ཏིང་ངེ་འཛིན་ཉུང་ངུ་ལས་མི་འོང་བས། སེམས་ཤིན་ཏུ་བསྒྲིམས་དགོས་པས་གོང་དུ་བཤད་ཟིན་པའི་ཡིད་བྱེད་བཞིའི་ནང་ནས་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཡོད་དོ།།
  གསུམ་པ་དྲན་པའི་སྟོབས་ཞེས་པ་ནི། དམིགས་པ་ལས་ཡེངས་ནས་གཡེངས་པ་ན་སྔར་གྱི་དམིགས་པ་དྲན་ནས་ནང་དུ་སྡུད་པ་དང་། དང་བོ་ནས་དྲན་པའི་སྟོབས་བསྐྱེད་དེ་དམིགས་པ་ལས་གཡེངས་པར་མི་བྱེད་པའོ།།སྟོབས་འདིས་ནི་གཉིས་པ་བླན་ཏེ་འཇོག་པའི་སེམས་དང་གསུམ་པ་ཉེ་བར་འཇོག་པའི་སེམས་གཉིས་འགྲུབ་པོ།།སྐབས་འདི་ནས་དྲན་པ་ནི་ན་ཚོད་སྨིན་པའི་སྐྱེས་བུ་དར་མ་བཞིན་སྟོབས་རྫོགས་པར་བཤད་དོ།།
  བཞི་བ་ཤེས་བཞིན་གྱི་སྟོབས་ཞེས་པ་ནི། རྣམ་རྟོག་དང་ཉེ་ཉོན་གྱི་མཚན་མ་ལ་འཕྲོ་བའི་ཉེས་དམིགས་ཤེས་བཤེས་བཞིན་གྱིས་རིག་ནས་ཉེས་དམིགས་སུ་བལྟས་པས་དེ་གཉིས་ལ་འཕྲོར་མི་སྟེར་བའི་སེམས་གནས་བསྒྲུབ་ཚུལ་ཞིག་ལ་བྱའོ།།སྟོབས་འདིས་ནི་ལྔ་བ་དུལ་བར་བྱེད་པ་དང་དྲུག་པ་ཞི་བར་བྱེད་པའི་སེམས་གཉིས་འགྲུབ་པོ།།
  ལྔ་བ་བརྩོན་འགྲུས་གྱི་སྟོབས་ཞེས་པ་ནི། རྣམ་རྟོག་དང་ཉེ་ཉོན་བྱུང་བ་ཕྲ་མོ་ཡང་རྩོལ་བས་སྤོང་བས་དང་དུ་མི་ལེན་པའི་ནང་སེམས་ཀྱི་སྟོབས་ཤིག་གོ། དེ་ལྟར་བྱས་པས་བྱུང་རྒོད་ལ་སོགས་པས་ཏིང་ངེ་འཛིན་ལ་བར་བཅད་པར་མི་ནུས་པར་རྒྱུན་ཆགས་སུ་སྐྱེ་བའི་ཏིང་ངེའཛིན་འགྲུབ་པར་འགྱུར་རོ།།སྟོབས་འདིས་ནི་བདུན་པ་རྣམ་པར་ཞི་བར་བྱེད་པ་དང་བརྒྱད་པ་རྩེ་གཅིག་ཏུ་བྱེད་པའི་སེམས་གཉིས་འགྲུབ་པར་བྱེད་དོ།། སེམས་གནས་གསུམ་པ་བླན་ཏེ་འཇོག་པའི་སེམས་ནས་བདུན་པ་རྣམ་པར་ཞི་བར་བྱེད་པའི་སེམས་ཀྱི་བར་ལྔ་བོ་འདིའི་སྐབས་སུ། སེམས་དམིགས་པ་ལ་གནས་པའི་ཏིང་ངེ་འཛིན་མང་ནའང་། སྐབས་སྐབས་ལ་བྱིང་རྒོད་གྱིས་བར་དུ་གཅོད་པ་ཡོད་པས། འདི་ལྔའི་སྐབས་སུ་ཡིད་བྱེད་བཞིའི་ནང་གི་སྐབས་སུ་ཆད་ཅིག་འཇུག་པའི་ཡིད་བྱེད་དོ། །
  དྲུག་པ་ཡོངས་སུ་འདྲིས་པའི་སྟོབས་ནི། སྔ་མ་རྣམས་ལ་གོམས་པ་ཆེ་བའི་སྟོབས་ཀྱིས་འབད་རྩོལ་ལ་མི་ལྟོས་པར་ངང་གིས་འཇུག་པའི་སེམས་ཀྱི་སྟོབས་ཤིག་གོ། འདིས་ནི་སེམས་གནས་དགུ་བ་མཉམ་པར་འཇོག་པའི་སེམས་འགྲུབ་པོ།།སྐབས་འདིར་ནི་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞིང་འབད་རྩོལ་ལ་ལྟོས་པ་མེད་པར་ཏིང་ངེ་འཛིན་ལ་ངང་གིས་འཇུག་ནུས་པས་ན། ཡིད་བྱེད་བཞིའི་ནང་གི་ལྷུན་གྱིས་གྲུབ་པའི་ཡིད་བྱེད་དམ་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་དོ།།ཨོ་གོང་ནས་བཤད་དགོས་པ་ཞིག་བརྗེད་སོང་བས། འདིར་བཤད་པར་བྱ་ཡི། བར་དུ་འཇུག་པར་བྱའོ།། བརྒྱད་པ་རྩེ་གཅིག་ཏུ་བྱེད་པའི་སེམས་གནས་སྐབས་བྱིང་རྒོད་ཀྱིས་བར་དུ་གཅོད་མི་ནུས་པས་ཐུན་རིང་བོ་སྐྱོང་ཐུབ་པས་ཡིད་བྱེད་བཞིའི་ནང་གི་སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཡོད་དོ།། དེ་ལྟར་སེམས་འདུལ་བའི་རིམ་པ་ལེགས་པར་བསྐྱངས་པས། མཐར་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞིང་འབད་རྩོལ་ལ་མ་ལྟོས་པར་རང་གི་ངང་གིས་སེམས་དམིགས་པ་བཞག་ནས་རྒྱུན་རིང་བོའི་བར་གཡོ་མེད་དུ་གནས་པའི་སེམས་དགུ་བ་དེ་ཞི་གནས་ཡིན་ནམ་ཞེ་ན། དེ་ནི་ད་དུང་ཞི་གནས་མ་ཡིན་མོད། འོན་ཀྱང་དེ་ཉིད་ནམ་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པ་ན་ཞི་གནས་གྲུབ་པ་ཡིན་ནོ།།དེ་ཡང་གསལ་བར་བཤད་ན། སེམས་གནས་དགུ་བའི་ཐོག་མར་ཤིན་སྦྱངས་ཕྲ་མོ་སྐྱེ། དེའི་རྗེས་སུ་སེམས་ཤིན་སྦྱངས་སྐྱེ། དེའི་རྗེས་སུ་ལུས་ཤིན་སྦྱངས་སྐྱེ། དེ་ལ་བརྟེན་ནས་ལུས་ལ་བདེ་ཉམས་ཆེན་པོ་སྐྱེ། དེའི་མཐུས་སེམས་ཤིན་སྦྱངས་ཀྱི་བདེ་བ་སྐྱེ། ལུས་ཤིན་སྦྱངས་སྐྱེས་མ་ཐག་གི་དགའ་ཡལ་ཡལ་བ་དེ་ཆུང་ངུར་སོང་ནས་སེམས་དམིགས་པ་ལ་ལྷན་ནེ་སྡོད་པའི་ཤིན་སྦྱངས་མི་གཡོ་བ་ཐོབ་པ་དང་དུས་མཉམ་དུ་ཞི་གནས་འགྲུབ་པ་ཡིན་ནོ།།
  ཞི་གནས་ཞེས་པ་ནི་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞིང་སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་ནུས་པའི་ཏིང་ངེ་འཛིན་ཐམས་ཅད་ལ་གོ་ཆོག་གམ་ཞེ་ན། དེ་ནི་མི་ཆོག་སྟེ། ཞི་གནས་ནི་ཏིང་ངེ་འཛིན་ཞིག་ཡིན་ཡང་། ཏིང་ངེ་འཛིན་ལ་ཞི་གནས་ཀྱིས་མ་ཁྱབ་པའི་ཕྱིར་ཏེ། དཔེར་ན་སེམས་གནས་དགུ་བའི་ཏིང་ངེ་འཛིན་འདོད་སེམས་ལྟ་བུ་ནི་བྱིང་རྒོད་དང་ཡང་བྲལ། རྩེ་གཅིག་པའི་ཏིང་ངེ་འཛིན་ཡང་ཡིན་མོད་ཀྱང་ཞི་གནས་མ་ཡིན་པའི་ཕྱིར་ཏེ།ཁམས་གོང་མའི་སས་བསྡུས་མ་ཡིན་པའི་ཕྱིར། དེས་ན་ཞི་གནས་ལ་ཁམས་གོང་མའི་སས་བསྡུས་ཀྱི་སེམས་དགོས་པའང་ཤེས་པར་བྱའོ།།འོ་ན་ཞི་གནས་ཀྱི་མཚན་ཉིད་ཇི་ལྟར་འཇོག་དགོས་ཤེ་ན། ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དེ་བཞག་པས་ཆོག་གོ། དེ་ལྟར་ཉེས་པ་ལྔ་སྤོང་ཞིང་འདུ་བྱེད་བརྒྱད་བསྟེན། སྟོབས་དྲུག་དང་ཡིད་བྱེད་བཞིའི་སྒོ་ནས་སེམས་གནས་པའི་ཐབས་རིམ་པ་དགུ་བརྒྱུད་དེ་མཐར་ཐོབ་པའི་ཞི་གནས་ཞེས་པ་དེ་ནང་བ་སངས་རྒྱས་པ་ཁོ་ན་ལ་ཡོད་པའི་སྒོམ་ཞིག་ཡིན་ནམ་ཞེ་ན། དེ་ནི་མིན་ཏེ། ཞི་གནས་ཐོབ་པའི་ཕྱི་རོལ་བ་ཡང་མང་བོ་ཡོད་པས་སོ། དེས་ན་ཞི་གནས་ཙམ་ཞིག་ནི་ཕྱི་ནང་གཉིས་ཀའི་ཐུན་མོང་བ་ཡིན་ནོ།།དེ་ལྟར་ན་ཕྱི་རོལ་བ་ལའང་འཁོར་བའི་རྩ་བ་གཅོད་བྱེད་ཀྱི་སྒོམ་ཡོད་པར་འགྱུར་ཏེ། དེ་དག་ལའང་སེམས་འདུལ་བའི་ཐབས་རིམ་པར་བསྟེན་ནས་ཐོབ་པའི་ཞི་གནས་ཡོད་པས་སོ་ཞེ་ན། དེས་ང་ལ་མི་གནོད་དེ། ལྷག་མཐོང་དང་ཟུང་དུ་མ་འབྲེལ་བའི་ཞི་གནས་ཙམ་གྱིས་འཁོར་རྩ་གཅོད་མི་ནུས་པའི་ཕྱིར་ཏེ། མཉམ་མེད་ཙོང་ཁ་བ་ཆེན་པོས། སྲིད་མཐའ་གནོན་པའི་ལྷག་མཐོང་སྟོབས་དང་བྲལ།།ཞི་མཐའ་གནོན་པའི་སྙིང་རྗེ་བརླན་གྱིས་དབེན།།ཕལ་ཆེར་སྲིད་པར་འཕེན་པར་བྱེད་པ་ཡི།།ཞི་གནས་སྤངས་ཏེ་ཟུང་འབྲེལ་བསྒ་པར་ཤོག།ཅེས་གསུངས་པ་ལྟར་ཡིན་ཡིན་པའི་ཕྱིར།
  འོ་ན་ནང་བ་སངས་རྒྱས་པ་རྣམས་ཀྱི་མཐར་ཐུག་གི་དོན་དུ་གཉེར་བྱ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་བསྒྲུབ་པ་ལ་ཞི་གནས་འདི་དེ་ཙམ་མཁོ་གལ་མི་ཆེའམ་ཞེ་ན། ཤིན་ཏུ་གལ་ཆེ་སྟེ། གལ་ཏེ་ཞི་གནས་ལ་མ་བརྟེན་ན། མདོ་ལས་བཤད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་སྔགས་ལས་བཤད་པའི་བསྐྱེད་རྫོགས་སོགས་སྒོམ་བྱུང་གི་རྟོགས་པ་མཐོན་པོ་རྣམས་གང་ཡང་ཐོབ་པ་མེད་པའི་ཕྱིར། དེས་ན་ཞི་གནས་རང་ངོས་ན་བཤད་ན་ཕྱི་ནང་ཐུན་མོང་བའི་ཏིང་ངེ་འཛིན་ཞིག་ཡིན་ན་ཡང་། གལ་ཏེ་ཁྱོད་རང་གིས་ཉམས་ལེན་བྱེད་དུས་སྐྱབས་འགྲོ་རྣམ་དག་གིས་ཟིན་པར་བྱས་ན་ནང་བའི་ཆོས་ཀྱི་ཉམས་ལེན་དུ་འགྲོ་ལ། ངེས་འབྱུང་གི་བསམ་པ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བའི་ཕྱིར་ཏེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།།ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།།ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི།།འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ།།ཅེས་གསུངས་པའི་ཕྱིར། དེའི་དོན་ནི་དགེ་བའི་དམིགས་པ་གང་ལ་རྩེ་གཅིག་ཏུ་གོམས་པར་བྱས་པས་བྱིང་རྒོད་དང་བྲལ་ཏེ། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་འདྲེན་པའི་ཞི་གནས་ཀྱི་རྟ་དང་རབ་ཏུ་ལྡན་པའི་སྟོང་ཉིད་སྟོགས་པའི་ལྷག་མཐོང་གིས་ཁམས་གསུམ་གྱི་ཉིན་མོངས་ས་བོན་དང་བཅས་པ་རྣམ་པར་འཇོམས་པར་ཤེས་པར་བྱས་ནས་གནས་ལུགས་ཀྱི་དོན་ལ་དཔྱད་པ་བྱས་པའི་སྟོབས་ཀྱིས་ཤིན་སྦྱངས་འདྲེན་ནུས་པའི་ལྷག་མཐོང་བསྒྲུབ་པར་བྱ་ལ། དེ་ལ་ཡང་ཐོག་མར་ཞི་གནས་བཙལ་བར་བྱ་སྟེ། ཞུ་གནས་སྔོན་དུ་མ་བསྒྲུབ་པར་ལྷག་མཐོང་སྐྱེ་མི་སྲིད་པའི་ཕྱིར། ཞི་གནས་གནས་དེ་ཡང་ནི་འཇིག་རྟེན་གྱི་ལུས་ལོངས་སྤྱོད་སོགས་ལ་ཆགས་པ་མེད་པར་མངོན་པར་དགའ་བས་འགྲུབ་སྟེ། དེ་དག་ལ་ཆགས་པས་བྱིང་རྒོད་ཀྱི་དབང་དུ་འགྲོ་བའི་ཕྱིར་ཞེས་པའོ།།དེས་ན་ཞི་གནས་ཙམ་བསྒྲུབས་པས་ཐར་བ་མི་འཐོབ་ཀྱང་། ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་འདོད་ན་ཞི་གནས་ངེས་པར་བསྒྲུབ་དགོས་པའང་ཤེས་པར་བྱའོ།། ད་དུང་འདིའི་སྐོར་ལ་བཤད་དགོས་པ་ཤིན་ཏུ་མང་མོད། རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱ་དགོས་སམ་སྙམ་སྟེ། ཕན་ཐོགས་རྒྱུ་ཧ་ཅང་དཀའ་བའི་ཕྱིར། སྤྱིར་འཆད་པ་བོ་ང་རང་གི་ཡོན་ཚད་ཤིན་ཏུ་ཞན་པས་ཇི་བཞིན་བཤད་པའི་རྔོ་མི་ཐོགས་པ་གཅིག གཞུང་ཆེན་ལ་སྦྱངས་མྱོང་བའི་མཁས་པ་དག་ལ་ང་ལྟ་བུའི་བཤད་པ་ནི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་ཤིན་ཏུ་དཀའ་བ་དང་གཉིས། ཆོས་གཞུང་གི་དོན་གོ་བའི་བློ་རིག་གི་རྨང་གཞི་ཧ་ཅང་ཞན་པ་རྣམས་ལ་ངས་ཇི་འདྲའི་གསལ་བོ་ཞིག་བཤད་ཀྱང་ཁོ་ཚོའི་བློའི་དབང་གིས་ད་དུང་གོ་དཀའ་བ་ལྟ་བུར་སྣང་སྟེ་འདོར་བར་འགྱུར་བའི་ཉེན་ཆེ་བ་དང་གསུམ་ཡོད་པར་མ་ཟད། གལ་ཏེ་ངས་ལེགས་པར་བཤད་ནུས་སུ་ཆུག་ཀྱང་ཕན་ཐོགས་རྒྱུ་ཤིན་ཏུ་དཀའ་སྟེ། ལེགས་བཤད་དོར་ནས་ཉེས་བཤད་འཛིན་མཁན་ཤིན་ཏུ་མང་ཞིང་ལེགས་བཤད་རྩོམ་པ་བོ་ལའང་ཕྲག་དོག་གི་དྲི་མ་དག་གིས་ཡོངས་སུ་སྡང་བར་འགྱུར་བ་མང་དུ་མཐོང་བའི་ཕྱིར་ཏེ། དཔལ་ཆོས་ཀྱི་གྲགས་པས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།།དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་།།ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད།།སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས།།ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། འོན་ཀྱང་ལྷག་བསམ་གཙང་མས་བཤད་པ་ལགས་པས། གལ་ཏེ་དགེ་འབྲས་རེ་ཡོད་ན་བསྟན་འགྲོའི་ཕན་བདེའི་རྒྱུར་བསྔོའོ།།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6345573
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།