འདུས་བྱས་རྣམས་རང་བཞིན་གྱིས་མེད་ཚུལ་དཔེ་དགུས་བསྟན་ཚུལ་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »འདུས་བྱས་རྣམས་རང་བཞིན་གྱིས་མེད་ཚུལ་དཔེ་དགུས་བསྟན་ཚུལ་མདོར་བས
འདུས་བྱས་རྣམས་རང་བཞིན་གྱིས་མེད་ཚུལ་དཔེ་དགུས་བསྟན་ཚུལ་མདོར་བསྡུས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-10-27ལྟ་ཀློག (6431)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འདུས་བྱས་རྣམས་རང་བཞིན་གྱིས་མེད་ཚུལ་དཔེ་དགུས་བསྟན་ཚུལ་མདོར་བསྡུས།

            

    བཛྲ་ཚུལ་ཁྲིམས་རྒྱ་མཚོ།  

  སྔོན་རྐུན་པོ་ཞིག་རྒྱལ་བོའི་བང་མཛོད་དུ་འཛུལ་མ་ཐག་བྱུར་བུར་གཏམས་པའི་ཆང་རྫ་དང་འཕྲད་པས།  ཁ་ནས་ཅུང་ཙམ་བཏུང་བས་ཞིམ་སྣང་སྐྱེས་ཏེ་ད་དུང་བཏུང་བས་བཟི་བར་གྱུར་ཏེ། ཆང་ཁ་ནས་བཙགས་པ་འདི་འདྲ་ན།། འདི་ཞབས་ནས་བཙག་ན་ཇི་ལྟར་གདའ།། ཞེས་གླུ་བླངས་སོ།། དེ་ཡང་བཀའ་གདམས་པའི་དམ་པ་འགས་ཚིག་འདི། རང་ཅག་གིས་ཆོས་ཚིག་ངོ་གདོང་ནས་ཅུང་ཙམ་གོ་ནའང་འདི་འདྲའི་ཡ་མཚན་པ་ལགས་ན། ཚིག་དོན་གཏིང་ནས་གོ་སྟེ་ཉམས་སུ་ལེན་ནུས་ན་ནི་ཇི་འདྲའི་ཡ་མཚན་པ་ཞིག་ཡིན་པ་སྨོས་ཅི་དགོས་ཞེས་པའི་དཔེར་མཛད་ནས་འཆད་པ་ལྟར།  རྡོ་རྗེ་གཅོད་པའི་ནང་གི་ཚིགས་བཅད་གཅིག་པོ་འདིའི་དོན་ཅུང་ཙམ་ངོ་འཕྲོད་ནའང་ཇི་འདྲའི་སེམས་ལ་ཕན་པ་ཞིག་རེད་ཨང་། གལ་ཏེ་མཚམས་ལན་རེར་བྱ་བ་སྣ་ཚོགས་ཀྱིས་བྲེལ་བས་རྡོ་རྗེ་གཅོད་པ་ཡོངས་རྫོགས་འདོན་ལོང་མ་བྱུང་ཚེ། སྐར་མ་རབ་རིབ་མར་མེ་དང་།། སྒྱུ་མ་ཟིལ་བ་ཆུ་བུར་དང་།།རྨི་ལམ་གློག་དང་སྤྲིན་ལྟ་བུར།། འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།། ཞེས་པའི་ཚིགས་བཅད་འདི་བཏོན་ནའང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ།། རྡོ་རྗེ་གཅོད་པ་རྒྱ་འགྱུར་རིག་འཛིན་ཀུ་མ་རཱ་ཤྲིའི་འགྱུར(鸠摩罗什:一切有为法,如梦幻泡影,如露亦如电,应作如是观。)་ལ་སྐར་མ་རབ་རིབ་མར་མེ་དང་།། ཞེས་པའི་ཚིག་འདི་མེད་ཀྱང་། ཐང་རྒྱལ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་སློབ་དཔོན་དོན་གཙང་གི་འགྱུར་དུ་(一切有为法,如星、翳、灯、幻、露、泡、梦、电、云,应作如是观。)ཞེས་འབྱུང་བས་འདིའི་དོད་ཡོད་དོ།།  

   འོ་ན་ཚིག་འདིའི་དོན་ཅི་ཡིན་ཞེ་ན། ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་མོད། ཚིག་གི་ངོ་གདོང་ཙམ་ཅུང་ཟད་བཀྲོལ་ན། འདི་ལྟར་ཚིགས་བཅད་འདིས་དཔེ་དགུའི་སྒོ་ནས་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་ཅིང་རང་བཞིན་མེད་པར་བསྟན་པ་ཡིན་ཏེ། དང་བོ། གཟུགས་སོགས་ཕུང་བོ་ལྔ་སྐར་མ་དང་འདྲ་བར་བསྟན་པ་ནི། དཔེར་ན་སྐར་མ་རྣམས་མཚན་མོའི་མུན་པ་དང་འགྲོགས་ན་སྣང་ཞིང་། ཉི་འོད་ཀྱིས་ཁྱབ་པའི་ཉིན་དཀར་མི་སྣང་བ་ལྟར། ཕུང་སོགས་འདུས་བྱས་རྣམས་ཀྱང་མ་རིག་པའི་མུན་པ་དང་འགྲོགས་པའི་བློ་ལ་དོན་དམ་པར་སྣང་གི བདེན་མེད་དུ་རྟོགས་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ན་ནི་དོན་དམ་པར་མི་སྣང་ངོ།།

  གཉིས་པ། རབ་རིབ་ཀྱི་དཔེས་བསྟན་པ་ནི། རྡུལ་སོགས་རབ་རིབ་ཀྱིས་མིག་བསྒྲིབས་པ་ན་གཟུགས་སོགས་ཇི་ལྟ་བ་བཞིན་མི་སྣང་བར་དོན་གཞན་དུ་སྣང་བ་ལྟར། རབ་རིབ་དང་འདྲ་བའི་མ་རིག་པས་བློ་མིག་བསྒྲིབས་པའི་ངོར་འདུས་བྱས་རྣམས་ཀྱང་དོན་གཞན་དུ་སྣང་ངོ།།

 གསུམ་པ། མར་མེའི་དཔེས་བསྟན་པ་ནི། མར་མེ་ནི་རང་གི་སྡོང་བུ་ལ་བརྟེན་ནས་མྱུར་དུ་སྐྱེ་ཞིང་འཇིག་པ་ལྟར། ཕུང་སོགས་འདུས་བྱས་རྣམས་ནི་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐད་ཅིག་སྐད་ཅིག་ལ་སྐྱེ་འཇིག་བྱེད་དོ།།

 བཞི་བ། སྒྱུ་མ་དང་འདྲ་བར་བསྟན་པ་ནི། དཔེར་ན་སྒྱུ་མ་ནི་མིག་བསླད་པའི་ངོར་དོན་གཞན་དུ་སྣང་བ་ལྟར། འདུས་བྱས་རྣམས་ནི་བློ་འཁྲུལ་བའི་ངོར་བདེན་པར་སྣང་ངོ་།།

 ལྔ་བ། ཟིལ་བའི་དཔེས་བསྟན་པ་ནི། དཔེར་ན་ཟིལ་བ་མྱུར་དུ་འཇིག་པ་ལྟར། འདུས་བྱས་རྣམས་ནི་རང་གི་དུས་གཉིས་པར་མི་སྡོད་པར་མྱུར་དུ་འཇིག་གོ།

 དྲུག་པ། ཆུ་བུར་གྱི་དཔེས་བསྟན་པ་ནི། དཔེར་ན་ཆུ་བུར་ནི་ཆུ་འཁྲུགས་པ་ལས་གློ་བུར་དུ་འབྱུང་ཞིང་འཇིག་པ་ལྟར་འདུས་བྱས་རྣམས་ནི་རང་ཉིད་འབྱུང་བའི་རྐྱེན་ཚོགས་ན་གློ་བུར་དུ་འབྱུང་ཞིང་འཇིག་གོ།

 བདུན་པ། རྨི་ལམ་དང་འདྲ་བར་བསྟན་པ་ནི། དཔེར་ན་གཉིད་ཀྱིས་བསླད་པའི་ཚེ་རྨི་ལམ་ཡང་དངོས་ལྟར་སྣང་བ་བཞིན། འདུས་བྱས་རྣམས་ནི་མ་རིག་པས་བསླད་པའི་ངོར་བདེན་སྣང་དུ་འཆར་རོ།།

བརྒྱད་པ། གློག་དང་འདྲ་བར་བསྟན་པ་ནི། དཔེར་ན་ནམ་མཁའི་གློག་ནི་མི་བརྟན་པར་མྱུར་དུ་འབྱུང་ཞིང་འཇིག་པ་ལྟར། འདུས་བྱས་རྣམས་ནི་རྐྱེན་ཚོགས་ན་མྱུར་དུ་འབྱུང་ཞིང་འཇིག་གོ།

 དགུ་བ། སྤྲིན་གྱི་དཔེས་བསྟན་པ་ནི། ཇི་ལྟར་སྤྲིན་ནི་ཀླུ་སོགས་ཀྱི་བསམ་པའི་དབང་གིས་མཁའ་ལ་སྐྱེ་ཞིང་འཇིག་པ་ལྟར། འདུས་བྱས་རྣམས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་རྐྱེན་གྱི་དབང་གིས་སྐྱེ་འཇིག་བྱེད་པར་འགྱུར་བའོ།།          


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548689
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།