སྒྱིས་ཚང་ཡུལ་གྱི་ལོ་རྒྱུས་སྤྱི་བཤད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། » སྒྱིས་ཚང་ཡུལ་གྱི་ལོ་རྒྱུས་སྤྱི་བཤད།
སྒྱིས་ཚང་ཡུལ་གྱི་ལོ་རྒྱུས་སྤྱི་བཤད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-10-22ལྟ་ཀློག (4084)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

སྒྱིས་ཚང་ཡུལ་གྱི་ལོ་རྒྱུས་སྤྱི་བཤད།

                 རྩོམ་པ་བོ།   སྒྱིས་ཚང་འཇམ་དབྱངས།

   སྒྱིས་ཚང་སྤང་རི་ཞེས་གྲགས་པ་ནི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷོ་རྒྱུད་དུ་གནས་ཤིང་།ཤར་དམེ་རྒྱ་དང་རྨེད་ཤིས།ལྷོ་ཨ་ལ།ནུབ་ཀླུ་ཆུ།བྱང་ཨ་མཆོག་དང་འདབས་འདྲེས་ནས་ཡོད་པ་ཞིག་ཡིན།ཡུལ་འདིར་སྒྱིས་ཚང་ཞེས་པའི་མིང་ཐོགས་ཚུལ་ནི་མདོ་སྨད་ཆོས་འབྱུང་དུ་“ཚ་ཆུའི་རྫིང་བུ་དང་དེའི་གོང་ན་ནགས་ཚལ་ཡོད་པས་རྫིང་ཚལ།རྫིང་ཁར་གྲོང་བ་ཡོད་པས་རྫིང་ཚང་ཡང་ཟེར།”ཞེས་འཁོད་པ་ལྟར་ཚ་ཆུའི་རྫིང་ཚལ་དེ་གའི་འགྲམ་རྒྱུད་དང་མཐའ་འཁོར་དུ་གཞིས་ཆགས་པའི་གྲོང་སྡེའི་སྤྱི་མིང་ལ་རྫིང་ཚང་དུ་འབོད་པ་དེ་ཉིད་རིམ་གྱིས་སྒྲ་འགྱུར་ཏེ་རྫས་ཚང་དང་རྫིས་ཚང་།རྒྱས་ཚང་།ད་ལྟ་སྒྱིས་ཚང་ཞེས་ཡུལ་གྱི་སྤྱི་མིང་དུ་འབོད་ཡིན།དེ་ལྟར་སྒྱིས་ཚང་ཞེས་པའི་མིང་གི་འབྲི་སྟངས་ཐད་སྣ་ཚོགས་ཤིག་བྱུང་བ་ནི་རྫིང་ཚང་ཞེས་པའི་སྒྲ་གདངས་རིམ་གྱིས་འགྱུར་ཏེ་ད་ལྟའི་ཡོངས་ཁྱབ་ཀྱིས་སྤྱོད་བཞིན་པའི་སྒྱིས་ཚང་ཞེས་པའི་འབྲི་ལུགས་འདི་དང་སྐད་གདངས་འདི་ཉིད་ཆགས་པ་རེད་སྙམ་སྟེ།ད་ལྟའི་སྒྱིས་ཚང་བ་རྣམས་ཀྱི་སྐད་གདངས་ལ་རྫས་ཚང་དང་རྫིས་ཚང་།རྒྱས་ཚང་།སྒྱིས་ཚང་བཅས་ཀྱི་སྒྲ་གདངས་ལ་ཁྱད་པར་མེད་པ་ལྟ་བུ་ཞིག་ཡིན།

   སྒྱིས་ཚང་ཡུལ་གྱི་མི་རྒྱུད་མཆེད་ཁུངས་ནི་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་གསེས་རིན་ཆེན་འབུམ་(བོབ)ཕྱུག་ཅེས་པ་ལས་བྱུང་བ་ཞིག་ཡིན་པས་མི་རྒྱུད་མཆེད་ཁུངས་ནི་མདོ་ལྷོ་ཨ་མཆོག་ཅེས་འབོད་པ་དེ་ཉིད་ཡིན་ལ།དེ་ལྟར་ཡིན་པའི་སྒྲུབ་བྱེད་ནི་ལོ་རྒྱུས་ཁུངས་དག་པོ་གནའ་མིའི་ལོ་རྒྱུས་ལྟ་བུ་མེད་ཀྱང་།ཉེ་རབས་ལོ་རྒྱུས་དང་ཡུལ་དེའི་ཚོ་བ་དགར་སྟངས།ད་ལྟའི་ཡུལ་སྐད་དང་ཡུལ་སྲོལ་གོམས་གཤིས་ཐུན་མོང་མ་ཡིན་པ་དག་བསྡུར་ཏེ་གླེང་ན་ད་གཟོད་ངེས་པ་འདྲེན་ཐུབ་པ་ཞིག་གོ།ཉེ་རབས་ལོ་རྒྱུས་ཧོར་གཙང་འཇིགས་མེད་ལགས་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོར་“སྒྱིས་ཚང་གི་མི་རྒྱུད་མཆེད་ཁུངས་ནི་ཨ་མཆོག་མ་རུའི་ཕྱུག་བཞིར་གྲགས་པའི་ནང་ཚན་བསེ་འབུམ་གཤིས་ཚང་དང་རིན་ཆེན་ཚང་སོགས་དུད་ཁྱིམ་འགའ་ཞིག ད་ལྟའི་སྒྱིས་ཚང་ཡུལ་འདིར་ཡོང་སྟེ་གཞིས་ཆགས་པར་གྲགས་ཤིང་།མཁས་བཙུན་བྱ་བ་ཞིག་འབུམ་གཤིས་ཚང་གི་དཔོན་པོ་བྱས་པ་དང་།སངས་ཁོ་བྱ་བ་རིན་ཆེན་ཚང་གི་དཔོན་པོ་བྱས་ནས་མི་རྒྱུད་འཕེལ་བས་སྒྱིས་ཚང་ཚོ་བ་གཉིས་ལས་དུད་ཁྱིམ་བཅུ་གྲངས་ཤིག་ཆགས་པར་བཤད།”ཅེས་འཁོད་པ་ནི་ཨ་མཆོག་ཚོ་བ་བརྒྱད་ལས་རྒྱལ་བཞི་དང་ཕྱུག་བཞིར་འབོད་པའི་ཕྱུག་བཞིའི་ནང་གསེས་རིན་ཆེན་འབུམ་ཕྱུག(གཤིས)ཅེས་པ་ལས་གྱེས་པའི་ཚོ་བ་རིན་ཆེན་ཚང་དང་འབུམ་ཕྱུག་ཚང་གཉིས་ཡིན་པའི་སྡེ་ཚོ་ཞིག་སྟེ།ཨ་ཡར།སྤྲེའུ་(སྤོའུ)ནང་།(སྤྲེའུ་ནང་ནི་ཕྱིས་སུ་ཨ་མཆོག་སྤྲེལ་ནང་ནས་མཆེད་པར་བཤད།)སྤྲེའུ་ཐང།སྟག་ལུང་མདོ།མགོ་གསུམ།མ་གལ་ལུང་།བླ་མ་ལུང་།ལུང་བ་(བུ)་མདོ།ཤིང་ཅན།ཚ་ཆུ་བཅས་སྡེ་བ་དགུས་གྲུབ་པའི་ཡུལ་ལུང་ཞིག་ཡིན་ནོ།།ད་དུང་ཡུལ་འདི་ཉིད་ཨ་མཆོག་ནས་མཆེད་པའི་ལོ་རྒྱུས་ཤིག་ཡོད་པ་ནི་སྐྱི་ཟླ་བས་བརྩམས་པའི་ཉང་ཚང་གཞུང་བ་ཁམས་ཚན་གྱི་ལོ་རྒྱུས་སུ་“སྒྱིས་ཚང་གི་ཐོག་མའི་མི་རྒྱུད་ནི་ངག་རྒྱུན་དུ་ཨ་མཆོག་ནས་མི་ཁྱིམ་འགའ་མཆེད་པ་ལས་སྒྱིས་ཚང་ཚོ་བ་གཉིས་བྱུང་བར་བཤད།སྒྱིས་ཚང་བ་རྣམས་ཨ་མཆོག་གི་དམག་གྲས་སུ་འགྲོ་ཞིང༌། ནང་ཁུལ་དོན་དག་ཐག་མ་ཆོད་པའི་རིགས་ཨ་མཆོག་སྤྱི་བར་ཞུ་གཏུགས་བྱས་པའི་ལོ་རྒྱུས་ཀྱང་སྣང༌། དེ་བཞིན་དུ་སྟོད་སྨད་ཀྱི་ཨ་མཆོག་ཚོ་བ་བཅུ་དྲུག་ཚོགས་སྐབས་གཏམ་བཤད་བྱས་ཏེ་སྐད་གྲགས་བཞག་པའི་སྒྱིས་ཚང་གི་མི་སྣ་ཡང་བྱུང་བར་བཤད།”ཅེས་འཁོད་འདུག་པ་དེ་དག་ནི་སྒྱིས་ཚང་ཨ་མཆོག་པ་ལས་མཆེད་པའི་མི་རྒྱུད་ཡིན་པའི་ལོ་རྒྱུས་ཀྱི་ངག་སྒྲོས་གསལ་བོ་གསལ་རྐྱང་ཞིག་རེད།དེར་མ་ཟད་ད་ལྟའི་རྒན་པ་ཚོའི་ངག་ཏུའང་། སྔར་སྒྱིས་ཚང་ཚོ་བ་གཉིས་ཨ་མཆོག་ཚོ་བ་བརྒྱད་ཀྱིས་གོང་སྔོན་བླ་རི་བསྟད་དུས་སུ་མཉམ་བསྟོད་བྱས་པའི་སྐད་ཆ་མང་བོ་ཡོད་པ་དང་སྒྱིས་ཚང་ནས་དོན་དག་ཐག་མ་ཆོད་པའི་རིགས་ཨ་མཆོག་སྤྱི་བར་ཞུ་གཏུགས་བྱས་ཏེ།དེ་ནས་ཐག་མ་ཆོད་པ་དག་བླ་བྲང་དུ་འཁྱེར་བའི་སྲོལ་ཡོད་ཅེས་བཤད་མཁན་དང་།།ཨ་མཆོག་ཚོ་བ་བརྒྱད་སྒྱིས་ཚང་ཚང་དང་དགུ་ཞེས་ད་ལྟའང་ཕྱོགས་གཉིས་སུ་འབོད་མཁན་མང་དུ་མཆིས་པ་སོགས་ལས་སྒྱིས་ཚང་ཨ་མཆོག་ནས་མཆེད་པ་ཡིན་པའི་ཟུར་ཅུང་ཟད་ཤེས་ཐུབ། གཞི་འདི་ནི་ད་ལྟའི་སྒྱིས་ཚང་ཡུལ་གྱི་ཚོ་བ་ལ་རྩ་བའི་ཆ་ནས་གཉིས་སུ་འདུས་པ་རིན་ཆེན་ཚང་དང་འབུམ་ཕྱུག་ཚང་གཉིས་ཀྱི་ཚོ་བ་གཞི་ལ་བཞག་ནས་འབྲེལ་ཡོད་ལོ་རྒྱུས་ལས་རྒྱུ་ཆ་འཚོལ་བསྡུ་བྱས་པའི་གོ་རིམ་ཁྲོད་ནས་ངེས་ཤེས་རྙེད་པ་ཞིག་ཡིན།

   སྒྱིས་ཚང་ཨ་མཆོག་ནས་མཆེད་པའི་ཁུངས་ལུང་དེ་ཙམ་ལས་མེད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྒྱིས་ཚང་དང་འབྲེལ་བ་ཡོད་པའམ་སྒྱིས་ཚང་ཐག་ཉེ་བའི་ཡུལ་ལུང་།རྨེད་ཤིས་དང་འབོ་ར།ཨ་ལ་དང་ཀླུ་ཆུ།ཨ་མཆོག་བཅས་ཡོད་པ་ལས།ཐག་ཉེ་བ་རྨེད་ཤེས་ཡིན་ཀྱང་སོ་སོའི་སྐད་དང་འཚོ་བ་རོལ་སྟངས་ལ་མ་འདྲ་བའི་ཆ་མང་དུ་མཐོང་རྒྱུ་ཡོད།གོང་འཁོད་ཡུལ་ལུང་འདི་དག་ལས་ཨ་མཆོག་པར་ལོ་རྒྱུས་ཀྱི་ངོས་ནས་མཆེད་ཁུངས་སོགས་འབྲེལ་བ་ཆེ་བ་གང་ཞིག་ལ།ད་ལྟའི་རང་རང་གི་ཐུན་མོང་མ་ཡིན་པའི་སྐད་ཆ་དང་ཡུལ་སྲོལ་གོམས་གཤིས་ལ་མཚུངས་ཆོས་མང་དུ་ཡོད་པས་སྒྱིས་ཚང་དང་ཨ་མཆོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སོ་སོའི་ཡུལ་སྐད་དང་འཚོ་བ་རོལ་སྟངས།གོན་པ་གོན་སྟངས་སོགས་བསྡུར་ཏེ་དཔྱད་ན་སྒྱིས་ཚང་ནི་ཨ་མཆོག་ནས་མཆེད་པ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་གྱིས་གསལ་བཤད་བྱ་ཐུབ་པ་ཞིག་ཡིན། དེ་བས་སྒྱིས་ཚང་ཨ་མཆོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྐད་ཀྱི་ཆ་ནས་ཅུང་ཟད་བརྗོད་ན།སྒྱིས་ཚང་བས་ཉི་མ་ལ་ནི་མ་དང་།ཉམས་འགྱུར་ལ་ནམ་འགྱུར།དེ་རིང་ལ་དི་རིས།སང་ཉིན་ལ་ཐོ་རེས།སྔོན་ཆད་ལ་སྔན་ཆད།ཇ་འཐུང་ལ་ཇ་འབྱོའི།ཕྲག་དོག་ལ་རུ་དྲ།རྙིང་བ་ལ་རྣིས་པ།འོག་བསྟན་ལ་ཡག་སྟད།འུ་ཐུག་ལ་གུ་ཐུག ཕ་རོལ་ལ་ཧ་རོལ། ཕ་མ་ལ་ཧ་མ།ལུང་བ་ལ་ལོའི་བ།རྐང་བ་ལ་རྐ་བ།ཟེར་བ་སོགས་མང་དུ་ཡོད་པ་དག་སྒྱིས་ཚང་བས་གང་བཤད་པ་ཕལ་ཆེ་བ་ཨ་མཆོག་པ་རྣམས་ཀྱིས་ཀྱང་སྤྱོད་བཞིན་ཡོད་པ་ལ་གཞིག་ན་སྒྱིས་ཚང་ནི་སྐད་བརྡ་རིག་པའི་ཁྱབ་ཁོངས་ནས་བལྟས་ཀྱང་ཨ་མཆོག་པའི་ཆ་ཤས་ཤིག་ཡིན་པ་འགྲེལ་བཤད་བྱ་ནུས་པ་ཞིག་ཡིན།ད་དུང་ཡུལ་གཉིས་ཀྱི་རོང་འབྲོག་འདྲེས་མའི་ཞིང་འབྲོག་གཉེར་སྟངས་ཀྱི་མཚོན་པའི་འཚོ་བ་རོལ་སྟངས།ནམ་རྒྱུན་སྐྱེས་པ་སྐྱེས་མ་དག་གིས་རྒྱན་ཆ་འདོགས་ལུགས།གོན་པ་གྱོན་སྟངས་སོགས་ཐུན་མོང་མ་ཡིན་པ་མང་དུ་ཡོད་པ་དག་བསྡུར་ཏེ་རེ་རེ་རྒྱས་པར་གླེང་ན་གོ་བརྡ་གསལ་བོ་ཞིག་སྤྲོད་ཐུབ་ཡང་།སྐབས་འདིར་སྒྱིས་ཚང་ཡུལ་གྱི་ལོ་རྒྱུས་སྤྱི་བཤད་ཀྱི་སྐབས་ཡིན་པས་དེ་ཙམ་གྱིས་འཐུས་པར་བྱས་ནས་རྗེས་སུ་བཞག་པ་ཡིན།

   ཡུལ་འདིའི་མི་རྒྱུད་མཆེད་ཁུངས་དང་སྒྱིས་ཚང་ཞེས་པའི་མིང་གི་བྱུང་རིམ་ཐད་ནས་བཞེད་ཚུལ་གཞན་ཞིག་ཡོད་པ་ནི་ཡུལ་འདིའི་མི་རྣམས་ཁ་རྒྱའི་རྫིས་མདོ་ནས་ཡར་འབྲོག་པ་ལྟ་བུ་མཆེད་པ་དང་མིང་ལ་ཡང་རྫིས་ཚང་ཞེས་འབོད་པའི་བཤད་སྲོལ་ཞིག་འདུག་ཀྱང་།དེ་ནི་ལོ་རྒྱུས་དང་ངག་རྒྱུན་གང་དུའང་ཡོངས་སུ་མ་གྲགས་པ་དང་ད་ལྟའི་ཁ་རྒྱའི་འཚོ་བ་དག་དང་བསྡུར་ན་སྒྱིས་ཚང་ཚོ་བ་གཉིས་ཀྱི་ནང་དུ་མ་འདུས་པའི་ཚོ་བ་ཞིག་ཡོད་ཆོག་ལ་དེ་མེད་པ།ད་ལྟའི་སྒྱིས་ཚང་ཚོ་བ་གཉིས་པོ་གཞི་གང་དུའང་མི་གཏོགས་པའི་ཕུང་སུམ་པ་ཞིག་ཏུ་འགྱུར་སྲིད་པའི་སྐྱོན་འབྱུང་བ་སོགས།མདོར་ན་བདེན་པ་ར་སྤྲོད་ཐུབ་པའི་ཁུངས་ལུང་ཞིག་མ་རྙེད་པས་ཁས་ལེན་ཐབས་བྲལ་བས་མི་སྐྱུར་ག་མེད་བྱུང་། 

    འདི་ལྟར་སྒྱིས་ཚང་ནི་ཨ་མཆོག་ནས་མཆེད་པའིི་ཕུགས་དེད་དེེ་མི་རྒྱུད་བཙལ་ན་ཨ་མཆོག་པའི་མི་རྒྱུད་མཆེད་ཁུངས་འཚོལ་དགོས་པས་ཨ་མཆོག་པའི་མི་རྒྱུད་མཆེད་ཁུངས་ནི་མདོ་སྨད་ལོ་རྒྱུས་ཆེན་མོར“ཡིན་རྒྱུ་ནི་སྔར་གཙང་ཁུལ་དུ་ཨ་མཆོག་ཅེས་པའི་སྡེ་ཚོ་ཡོད་པ་ལས་རྔ་བའི་ར་མདོ་ཕྱོགས་སུ་མཆེད་ནས་གཞི་བཟུང་ཞིང་(རྔ་བའི་ཨ་མཆོག་)ཕྱིས་ཚོ་བ་དེའི་ཁྲོད་ནས་ཁ་རྒོད་དང་དགེ་འབན་ཟེར་བ་གཉིས་ད་ལྟའི་ཀླུ་ཤོད་ཀྱི་ཡུལ་འདིར་གཞིས་ཆགས་པ་ལས་སྔ་མ་ཁ་རྒོད་ཀྱི་རྒྱུད་པར་རྔ་རྒོད་ཀླུ་འབུམ་ཕྱུག ཆོ་ཚ་བན་དེ་ཕྱུག རིན་ཆེན་འབུམ་ཕྱུག དགེ་འཕེལ་ཕྱུག་བཅས་བུ་བཞིར་གྲགས་པ་དང་།ཕྱི་མ་དགེ་འབན་གྱི་རྒྱུད་པ་ལ་མུ་ཏོ་སྔོན་པོ་རྒྱལ་དང་།ཁ་རྒོད་རྒྱལ།མི་ནག་རྒྱལ།ཀླུ་བ་རྒྱལ་བཅས་མ་རུའི་ཕྱུག་བཞིར་གྲགས་པ་སོགས་ཨ་མཆོག་ཚོ་བ་བརྒྱད་བྱུང་ཞིང་།ཕྱིས་རིམ་གྱིས་ཀླུ་ཤོད་ཕྱོགས་སུ་ཞིང་ལས་གཙོ་བོ་དང་།ཚོ་བ་སྐོར་ཞིག་ད་ལྟའི་ཨ་མཆོག་གི་ཡུལ་འདིར་འབྲོག་རུ་བཟུང་བས་ཨ་མཆོག་སྟོད་སྨད་ཀྱི་ཐ་སྙད་ཀྱང་བྱུང་བ་ཡིན།"ཞེས་དང“སྔར་བོད་བཙན་པོའི་སྐབས་སུ་དབུས་གཙང་ཡུལ་ནས་དམག་ལ་ཡོང་བའི་གྲས་ཡིན་ལ། དེ་ཡང་གཙང་གི་ཨ་མཆོག་ཅེས་པ་ནས་མཆེད་པའི་ལོ་རྒྱུས་འགའ་རེ་སྣང༌། དེ་ལྟར་དབུས་གཙང་ཡུལ་ནས་མཆེད་པའི་ཁུངས་སྐྱེལ་དཔང་རྟགས་ལྟ་བུ་ནི་ད་ལྟ་ཡང་ཨ་མཆོག་གི་ཡུལ་འདི་ན་སྔར་གྱི་དབུས་གཙང་ཡུལ་གྱི་རུས་རྙིང་ཉང་དང་སྐྱིད་དམ་སྐྱི། ཁྱུང་བོ་སོགས་ཀྱི་མིང་མ་ཉམས་པར་ཡོད་ཅིང༌། སྐད་ལུགས་ཀྱང་སྐད་གསར་བཅད་མ་བྱས་སྔོན་གྱི་བརྡ་རྙིང་མང་བ་དང༌། ལྷག་པར་མང་ཚོགས་རང་བཞིན་གྱི་སྐད་ཆའི་ཁྲོད་དུ་དབུས་གཙང་ཕྱོགས་ཀྱི་ཡི་གེ་ཀློག་སྟངས་ཀྱང་མ་འགྱུར་བར་བསྡད་ཡོད་”ཅེས་གཞུང་བ་ཁམས་ཚན་གྱི་ལོ་རྒྱུས་སུ་གསལ་བ་འདི་ཡིན།འདི་ལས་དཔག་ནུས་པ་ནི་ཡུལ་འདིའི་མི་རྒྱུད་མཆེད་ཁུངས་ནི་གཙང་ཨ་མཆོག་ཅེས་པ་དང་།རུས་རྒྱུད་ལ་ཉང་དང་སྐྱི། ཁྱུང་བོ་སོགས་ལས་མཆེད་པའི་ལོ་རྒྱུས་ཁས་ལེན་དགོས་པར་གྱུར་ཡོད།དེ་བས་གནའ་བོའི་རུས་རྒྱུད་ཉང་དང་སྐྱི།ཁྱུང་བོ་སོགས་ཅུང་ཟད་གླེང་དགོས་པས་ལོ་རྒྱུས་དཔེ་དེབ་དག་ལས་མཐོང་རྒྱུ་ཡོད་པ་དག་མདོར་དྲིལ་ན།རུས་ཉང་(མྱང་)ནི་སྔོན་བཙན་པོ་གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་ཉང་ཙེ་སྐུ་དང་ཉང་ཁྲི་བཟང་ཡང་སྟོན་སོགས་མང་དུ་མཐོང་རྒྱུ་ཡོད་པའི་རུས་ཤིག་ཡིན་ལ།རུས་རྒྱུད་འདིའི་མིང་གནས་དེའི་ཡུལ་དང་ཆུ་ལ་རུས་མིང་ཐོགས་ཏེ་ཀོང་བོའི་ཉང་ཡུལ་བསྟོད་སྨད་བར་གསུམ་དང་ཉང་ཆུ་ཞེས་འབོད་པར་བཤད་འདུག སྐྱི་ནི་གནའ་བོ་དབུས་གཙང་གི་རུས་མིང་ཞིག་ཡིན་ལ་རུས་རྒྱུད་འདིའི་ཁྲོད་དུ་བྱུང་བའི་སྐྱེས་བུ། ཆོས་འབྱུང་ལོ་རྒྱུས་དག་ཏུ་འབྱུང་དུ་ཡོད་པ་ནི་སྐྱི་རྒྱལ་བའི་གཙུག་གཏོར།སྐྱི་ཆོས་ཀྱི་སེང་གེ།སྐྱི་སྟོན་འཇམ་དབྱངས་གྲགས་པ་སོགས་ཡོད་པ་ཙམ་ལས་སྐྱི་ཞེས་པའི་རུས་འདི་གཙོ་བོར་གང་དུ་གཏོགས་པ་དང་ཅི་ལྟར་ཐོགས་ཚུལ་དག་གསལ་ཁ་མ་བརྙེད།ཁྱུང་ནི་རྩ་བའི་རུས་ཆེན་བཞིའི་ནང་གསེས་སྤྲའི་(རུས་རྒྱུད་ལྡོང་གི་རྒྱུད་ལ་ཡང་ཁྱུང་་བོ་ཟེར་བ་ཞིག་ཀྱང་ཡོད)ཁོངས་གཏོགས་ཤིག་ཡིན་ལ།དེར་ཁྱུང་དཀར་ནག་སེར་གསུམ་བྱུང་བ་ལས་ནག་པོ་གཙང་ཕྱོགས་གནས་པས་རུས་རྒྱུད་དེ་ང་ཚོའི་མཆེད་ཁུངས་དེ་ཡིན་པར་བཤད་ཆོག རུས་འདིའི་མིང་གཉའ་ཁྲི་བཙན་པའི་སྐབས་ནས་བཟུང་མཐོང་དུ་ཡོད་པ་དང་།བཙན་པོ་གནམ་རི་སྲོང་བཙན་་སྐབས་ཁྱུང་བོ་སྤུང་སད་སུ་ཙེ་སོགས་བྱུང་མྱོང་བའི་རུས་རྒྱུད་ཞིག་ཡིན།མདོར་ན་སྒྱིས་ཚང་བ་རྣམས་གནའ་བོའི་རུས་རྩ་བའི་རུས་ཆེན་སྤྲ་དང་དེའི་ནང་གསེས་ཁྱུང་བོ།དེ་མིན་ཉང་དང་སྐྱི་བཅས་ཀྱི་རུས་ཡིན་པའི་གཙང་ཨ་མཆོག་པའི་མི་རྒྱུད་ནས།རྔ་བའི་ཨ་མཆོག་དང་མདོ་ལྷོ་ཨ་མཆོག་སྨད་མ་ནས་ཨ་མཆོག་སྟོད་ཀྱི་མི་རྒྱུད་བྱུང་ཞིང་།དེ་ནས་ད་གཟོད་སྒྱིས་ཚང་བ་རྣམས་མཆེད་པ་ཞིག་ཡིན་ནོ།།

    མཇུག་གི་གཏམ། སྤྱིར་བདག་ལ་སྔ་མོ་ནས་ཕ་ཡུལ་གྱི་མཆེད་ཁུངས་ཐད་ནས་ལོ་རྒྱུས་ཞིག་ཞིབ་ཏུ་འབྲི་བའི་འདུན་པ་ཡོད་ཀྱང་སློབ་སྦྱོང་གི་གཟུགས་ཙམ་འཛིན་པ་དང་།ལོ་རྒྱུས་ཀྱི་རྒྱུ་ཆ་ཁུངས་བཙུན་པོ་ཞིག་མ་རྙེད་པས་བཙན་གྱིས་བཙུར་མ་འདོད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ད་ལྟའི་བར་དུ་ལུས།རང་ཉིད་སྔར་ཨ་མཆོག་ནས་ལོ་རེར་ཅུང་ཙམ་རེ་བསྡད་སྐབས་ཡུལ་དེའི་ཕལ་སྐད་དང་ཡུལ་སྲོལ་གོམས་གཤིས་དག་ལས་བདག་ལ་བག་ཆགས་ཁྱད་པར་བ་ཞིག་བཞག་པ་དང་།སྒྱིས་ཚང་ཨ་མཆོག་གཉིས་གཞན་དང་མ་འདྲ་བའི་འབྲེལ་བ་ཡོད་པའི་ཀུན་སློང་ཞིག་སྐྱེས་པའི་འོག ཡུལ་གཉིས་ཀྱི་འབྲེལ་བ་ལ་ཉམས་འཇོག་དང་ལོ་རྒྱུས་སུ་འཚོལ་ཞིབ་བྱས་པའི་འགོ་བརྩམས་པ་ཡིན།རྒྱུ་རྐྱེན་དེ་འདྲ་ཞིག་གི་འོག་ནས་སྒྱིས་ཚང་ཡུལ་གྱི་ལོ་རྒྱུས་སྤྱི་བཤད་འདི་ཉིད་བྲིས་པ་ཡིན།དེ་བས་རྩོམ་ཡིག་འདི་ཉིད་ལ་ཧོལ་རྒྱུག་གི་ཆ་དང་མ་ཤོད་པའི་རིགས་ཀྱི་སྐྱོན་གང་མཆིས་པ་དག་གཟུར་གནས་རྣམས་ཀྱིས་ལམ་སྟོན་དང་རང་རང་གི་ལྟ་ཚུལ་གྱི་རྩོམ་ཡིག་རེ་ཡོད་པ་རེ་བས་བལྟས་ཡོད།

བཀྲ་ཤིས་བདེ་ལེགས།      ཞེས་སྒྱིས་ཚང་འཇམ་དབྱངས་སུ་འབོད་པས་སྤྱི་ལོ་༢༠༡༥/༩/༤ཉིན་རྫོགས་པར་བྲིས།


 རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498061
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།