​ གློ་གཅོང་གི་ནད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »​ གློ་གཅོང་གི་ནད།
​ གློ་གཅོང་གི་ནད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-20ལྟ་ཀློག (5562)རྩོམ་ཁུངས: ངེད་དྲ་བ།

 

 གློ་གཅོང་གི་ནད།  

               རྩོམ་པ་པོ།             ཐུབ་བསྟན།
      གློ་གཅོང་གི་ནད་འདི་ནི་རྒྱལ་སྤྱིའི་འགོ་ནད་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན། ནད་རིགས་འདི་ནི་ཧ་ལམ་མིའི་རིགས་སའི་གོ་ལ་འདིར་ཐོག་མར་བྱུང་བ་ནས་ཡོད་སྲིད། སྤྱིར་འཛམ་བུའི་གླིང་དུ་ཉིན་གཅིག་ལ་གློ་གཅོང་གི་ནད་ན་སྟེ་ཤི་བའི་མི་གྲངས་ལྔ་སྟོང་ཙམ་ལོན་པ་དང་། ཀྲུང་གོར་ཉིན་རེར་མི་སུམ་བརྒྱ་ཙམ་གྱི་གཅེས་པའི་ཚེ་སྲོག་གཅོང་ནད་འདིས་འཕྲོགས་ནས་འགྲོ་བཞིན་ཡོད། དེའང་། ༤༥% ཡི་མི་སྟེ། ཕར་ཆེར་མི་གཉིས་ནང་གི་གཅིག་ལ་ནི་གཅོང་ནད་གྱི་སྲིན་འབུ་འགོས་ཡོད་ཅེས་བཤད། མིའི་ལུས་སྟོབས་དར་ལ་རིམས་འགོག་ནུས་པ་རྒྱས་པའི་སྐབས་སུ་གཅོང་ནད་འདི་ན་མི་སྲིད་པ་མ་ཟད། གློ་གཅོང་གི་ནད་འདི་ན་རུང་ཨེ་ཛི་ནད་བཞིན་སྨན་བཅོས་བྱེད་ཐབས་བྲལ་བ་ཞིག་ནི་གཏན་ནས་མ་ཡིན་ཏེ། ལོ་རྒྱུས་སྟེང་ནད་འདི་སྨན་བཅོས་བྱས་པའི་ནད་པ ༩༠% ཡི་ནད་གཏན་འཇགས་སུ་སོང་ནས་གཤིན་རྗེའི་སྦར་མོ་ལས་ཐར་ཐུབ་ཡོད་པ་རེད།
གློ་གཅོང་གི་ནད་དང་དེའི་ནད་རྟགས་ངོ་སྤྲོད།
    གློ་གཅོང་གི་ནད་འདི་ནི་རྒྱུན་དུ་མཐོང་བའི་འདུས་འདྲིལ་གཅོང་ནད་ཀྱི་རིགས་ཤིག་ཡིན་ཏེ། འདུས་འདྲིལ་གཅོང་ནད་ཀྱི་སྲིན་འབུ་གློ་ལ་བགོས་ནས་བྱུང་བའི་དུས་ཡུན་རིང་བའི་འགོ་ནད་ཅིག་ཡིན། འདུས་འདྲིལ་གཅོང་ནད་ཀྱི་སྲིན་འབུ་འདི་ནི་འཇར་མན་གྱི་སྨན་པ་དང་ནད་ཁུངས་འབུ་ཕྲ་རིག་པའི་ཤིང་རྟ་ཆེན་པོ་ཁུ་ཧུ་ཡིས་སྤྱི་ལོ་༡༨༨༢ལོའི་ཟླ༣པའི་ཚེས་༢༤འི་ཉིན་ལ་གསར་དུ་ངོས་ཟིན་པ་ཡིན། དེ་ནི་མཁའ་དབུགས་ནང་དུ་གནས་པའི་སྲིན་འབུ་ཞིག་ཡིན་ཏེ། མིའི་ལུས་སྟོབས་དང་རིམས་འགོག་ནུས་པ་ཉམས་ཞན་དུ་གྱུར་ཚེ་མཁའ་དབུགས་བརྒྱུད་ནས་གློ་ལ་འགོས་པའི་སྲིན་འབུ་རེམས་འགོག་ཕྲ་ཕུང་ནང་དུ་སྐྱེ་འཕེལ་བྱུང་ཞིང་ཇེ་མང་དུ་འགྱུར། དེ་རྗེས་སྒོ་བརྟོལ་ནས་གློ་ལ་འགོས་ཤིང་གློ་གཅོང་གི་ནད་འདི་ན་མགོ་བརྩམས་པ་ཞིག་ཡིན། གློ་གཅོང་གི་ནད་འདི་གཙོ་བོ་ཁ་རླངས་དང་ཁ་ལུད་ལ་བརྒྱུད་ནས་འགོ་བཞིན་ཡོད། གློ་གཅོང་གི་ནད་པ་ཞིག་གིས་ཁ་ལུད་གཅིག་ས་ལ་གཡུགས་ནས་སྐམ་པར་གྱུར་རུང་དེའི་ནང་གི་གཅོང་ནད་སྲིན་འབུ་དག་ཉི་མ་བརྒྱད་ནས་བཅུའི་དུས་ཡུན་ལ་འགོ་སྟོབས་ཤིན་ཏུ་ཆེ་ལ་ཟླ་བརྒྱད་ནས་བཅུའི་བར་ལ་ཤིའང་མི་སྲིད། དེའི་རྐྱེན་གྱིས་གློ་གཅོང་ནད་པ་ཚོས་རང་གི་ཁ་ལུད་གང་བྱུང་དུ་མི་གཡུག་པར་རང་གཞན་ཀུན་གྱི་བདེ་ཐང་ལ་ཉམས་འཇོག་བྱ་བའི་འདུ་ཤེས་ལྡན་རྒྱུ་གལ་ཆེ།
ནད་འདིའི་ཐོག་མའི་ནད་རྟགས་ཅུང་ཡང་བ་མ་ཟད་ཁྱད་པར་བའི་ནད་རྟགས་མེད་པས་རྟོགས་སླ་མོ་མ་ཡིན། སྤྱིར་ལུས་ཀྱི་སྟེང་ནས་བཤད་ན་ཅུང་དམའ་བའི་ཚ་བ་བྱུང་བ་དང་། རྒྱུན་དུ་ཕྱི་དྲོར་སླེབས་པའམ་ངལ་རྩོལ་བྱས་རྗེས་ལུས་ཀྱི་དྲོད་ཚད་དྲག་ཏུ་འཕེལ་བ། གཉིད་ཁུགས་ཚེ་རྔུལ་ཆུ་ཐོན་པ། ལུས་ཀྱི་ཤ་སྐེམ་ལ་ཤེད་ཆུང་བ། འགུལ་སྐྱོད་དཀའ་ལ་ངང་ཐུང་བ། ཟླ་མཚན་དོ་མི་སྙོམས་པ།  ནམ་རྒྱུན་ལུད་པ་ལུ་བ་ནི་ནད་རྟགས་གཙོ་བོ་ཡིན་ཏེ། ན་གཞོན་ཚོར་གཟའ་འཁོར་༣ནས་༤ ཡི་བར་གློ་ལུ་བྱས་ཚེ་གློ་གཅོང་ཡིན་ཤས་ཆེ། ཁ་ཤས་ལུ་ནས་ཁྲག་སྐྱུག་པའམ་ཁ་ལུད་ནང་དུ་ཁྲག་འདྲེས་ཡོད་པ། བྲང་ཁར་ཟུག་གཟེར་སྐྱེ་བ། ནད་པ་ཚབས་ཆེན་ལ་དབུགས་འབྱིན་རྔུབ་བྱེད་པ་ལའང་དཀའ་ཁག་འབྱུང་སྲིད། ནད་འགྱུར་འགུལ་སྐྱོད་དྲག་ཏུ་འགྲོ་ཚེ་ཁ་ལུད་ནང་གི་ཁྲག་ཀྱང་ཇེ་མང་དུ་འགྱུར་འགྲོ། གཅིན་སྙིའི་ནད་པ་དག་གིས་ལྷག་པར་གཟབ་གཟབ་བྱེད་དགོས་ཏེ། རྒྱུ་མཚན་ནི་གློ་གཅོང་གི་སྲིན་འབུ་མངར་མོ་ཟ་བར་དགའ་བས་གཅིན་སྙི་ཅན་གྱི་གློ་བའི་ཁྲག་རྒྱུན་མངར་མོས་སྲིན་འབུའི་འཕེལ་ཚད་ཇེ་མགྱོགས་སུ་བཏང་ནས་མཐའ་མར་གློ་བ་ཟོས་ཤིང་ལུ་པ་དང་བཅས་ཏེ་སྐྱུག་པ་དང་། གློ་ལ་བུ་ག་ཆེ་ཆུང་ཁུ་ཚུར་འདྲ་བ་བྱུང་བའི་དཔེའང་ཡོད། གློ་གཅོང་གི་སྐོར་གྱི་སྲིད་ཇུས་དང་རིན་མེད་སྨན་བཅོས། གོང་གི་ནད་རྟགས་གང་རུང་ཞིག་བྱུང་བའི་དོགས་པ་སྐྱེས་ཚེ་སྨན་ཁང་དུ་སོང་ནས་དབུགས་ལམ་ཚན་ཁག་ནས་སྨན་པར་ཇི་བཞིན་ཞུས་དང་སྨན་པས་ཕལ་ཆེན་ཁ་ལུད་བརྟག་དཔྱད་དང་Xའོད་རླབས་ཀྱིས་བྲང་ཁོག་བརྟག་དཔྱད་གཏོང་རྒྱུ་རེད། ཁ་ལུད་བརྟག་དཔྱད་ནི་གློ་གཅོང་གི་ནད་ངོས་འཛིན་དང་སྨན་བཅོས་བྱེད་པའི་གཞི་འཛིན་ས་གཙོ་བོ་དེ་ཡིན། X འོད་རླབས་ཀྱི་བརྟག་དཔྱད་ཀྱིས་ཐོག་མའི་ནད་འགྱུར་དང་ནད་འགྱུར་གྱི་ངོ་བོ། ཁྱབ་ཁོངས་དང་གནས་ས་སོགས་ཤེས་ཐུབ་པས་ནད་བརྟག་དང་སྨན་བཅོས་ཀྱི་ནུས་འབྲས་ཐག་གཅོད་པར་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན། ཀྲུང་གོ་རྒྱལ་ཁབ་ཀྱིས་གློ་གཅོང་གི་ནད་སྨན་བཅོས་བྱེད་པར་རིན་མེད་སྲིད་ཇུས་གཏན་འབེབས་བཟོས་ཡོད་དེ། དང་པོ། མི་སུ་དང་སུ་ཡིན་རུང་། གལ་ཏེ་རང་བཞིན་གྱི་ལུ་བ་དང་ཁ་ལུད་ཅན་གྱི་ལུད་པ་བྱས་ཏེ་གཟའ་འཁོར༣དུ་སོང་ཚེ་རིན་མེད་ཀྱིས་བརྟག་དཔྱད་བྱེད་ཆོག །གཉིས་པ། སྨན་པས་ངོས་འཛིན་བྱས་ཏེ་ཐག་ཆོད་པའི་འགོ་ནད་རང་བཞིན་ཅན་གྱི་གློ་གཅོང་ནད་པ་དང་ཁ་ལུད་དུ་གཅོང་ནད་སྲིན་འབུ་མ་མཐོང་རུང་ནད་རྟགས་ཚབས་ཆེན་གྱི་ནད་པ་དང་ཁ་ལུད་དུ་གཅོང་ནད་སྲིན་འབུ་མ་མཐོང་བའི་འགུལ་སྐྱོད་རང་བཞིན་ཅན་གྱི་ནད་པ་དག་ལ་སྲིད་གཞུང་གི་རིན་མེད་སྨན་བཅོས་དང་དོ་དམ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པའི་དབང་ཆ་ཡོད། ཀུན་གྱིས་ཉམས་འཇོག་དགོས་པ་ཞིག་ལ་ནི་རིན་མེད་སྲིད་ཇུས་འདི་དག་ལག་ལེན་དུ་བསྟར་མཁན་གྱི་ལས་ཁུངས་ནི་ས་གནས་རིམ་པའི་རིམས་ནད་སྔོན་འགོག་ལྟེ་གནས་ཡིན། དུས་རྒྱུན་དུ་རིམས་འགོག་ས་ཚིགས་ཀྱང་ཟེར།  ད་བར་རང་རྒྱལ་དུ་གློ་གཅོང་གི་ནད་བཅོས་པར་རིན་མེད་དུ་མཁོ་སྤྲོད་བྱེད་པའི་སྨན་རིགས་ནི་འོག་གི་ལྔ་པོ་དེ་ཡིན་ལ། དུས་རྒྱུན་སྨན་པས་ནད་པའི་ནད་དང་བསྟུན་ནས་སྨན་ལྔ་པོ་འདི་དག་ནང་ནས་༢སམ་༣མམ་༤མཉམ་དུ་བསྡེབས་ནས་འཐུང་དུ་འཇུག །སྨན་གྱི་འཐུང་ཚད་དང་དུས་ཡུན་དང་དུས་ནམ་ཞིག་ལ་སྨན་ཁང་དུ་བསྐྱར་བརྟག་བྱེད་དགོས་པ་སོགས་ཞིབ་ཚགས་ཀྱི་གནས་ཚུལ་ནི་སྨན་པའི་བཀའ་བཀོད་བཞིན་བསྒྲུབ་དགོས།
༡ 异烟肼 ༢ 利福平 ༣ 吡嗪酰胺 ༤ 盐酸乙胺丁醇 ༥ 链霉素
སྨན་འདི་དག་འཐུང་བའི་དུས་ཡུན་ཤིན་ཏུ་རིང་སྟེ་དེ་རིང་འཐུང་ན་ཕྱི་ཉིན་བརྗེད་སོང་བ་དང་། ཟླ་དྲུག་གི་སྨན་ཟླ་གསུམ་ལས་མ་འཐུང་བའམ་ལོ་གཅིག་གི་སྨན་ཟླ་དྲུག་ལས་མ་འཐུང་བ་ལྟ་བུ་དང་། དེ་རིང་དུས་ཚོད་དང་གཟའ་སྐར་བཟང་བས་སྨན་དེ་ཉིན་གཅིག་ལ་འཐུང་གི་མིན་སོགས་ཟེར་ན། སྨན་བཟློག་རང་བཞིན་ཅན་གྱི་གློ་གཅོང་དུ་འགྱུར་འགྲོ་བའི་ཉེན་ཁ་མཆིས་པས་སྨན་པས་ཅི་གསུངས་ལྟར་སྨན་འཐུང་བ་ནི་ནད་འདི་ལས་རྒྱལ་ཁ་ཐོབ་པའི་མདོ་རྩ་དེ་ཡིན།
གློ་གཅོང་གི་ནད་སྔོན་འགོག་བྱེད་ཐབས།
   དེས་ན། གློ་གཅོང་གི་ནད་འདི་ཇི་ལྟར་སྔོན་འགོག་བྱེད་དགོས་ཤེ་ན། མི་མང་པོས་རིམས་འགོག་སྨན་ཁབ་ཁ་ཅེ་མའོ་༼卡介苗༽བརྒྱབ་ན་ཕན་ཐོགས་པའི་སྣང་བ་ཤར་ཡང་དེས་ནར་སོན་པའི་མི་ལ་ཕན་པ་ཅིའང་མེད།ཡིན་ཡང་། དེ་ནི་བཙས་མ་ཐག་པའི་བྱིས་པ་ཆུང་ཆུང་ཚོར་མཚོན་ན་ངེས་པར་རྒྱག་དགོས་པའི་རིམས་འགོག་སྨན་ཁབ་ཅིག་ཡིན། སྟབས་ལེགས་ན་བྱིས་པ་བཙས་རྗེས་ཀྱི་དུས་ཚོད་ཉི་ཤུ་རྩ་བཞི་ནི་སྨན་ཁབ་འདི་རྒྱག་པའི་ཆེས་ལེགས་པའི་དུས་ཚོད་ཡིན། དེ་མིན་ཟླ་གཅིག་ནས་ལོ་གཅིག་གི་ནང་དུའང་ས་གནས་སོ་སོའི་འཆར་བཀོད་རིན་མེད་ཁ་ཅེ་མའོ་རྒྱག་སའི་ངེས་གཏན་ས་ཚིགས་སམ་རིམས་ནད་སྔོན་འགོག་ལྟེ་གནས་སུ་རྗེས་གསབ་བྱེད་ཆོག །དེས་བྱིས་པ་ཆུང་ཆུང་དག་ལ་རིམས་འགོག་མ་ལག་གི་སྒོ་འབྱེད་པ་དང་ཇེ་ལེགས་སུ་གཏོང་བའི་ནུས་པ་ཐོན་ཞིང་གཅོང་ནད་སྲིན་འབུ་འདི་མི་འགོག་པར་ཕན་པ་ཧ་ཅང་ཆེ་བས་རྒྱལ་ཁབ་མང་པོར་ངེས་པར་དུ་རྒྱག་དགོས་པའི་རིམས་འགོག་སྨན་ཁབ་ཅིག་ཡིན། དུས་རྒྱུན་རང་གི་གཙང་སྦྲ་ལ་མཐོང་ཆེན་བྱེད་དགོས་ཏེ་ལག་པ་གཙང་མར་འཁྲུད་པ་དང་ཁང་ཕྱི་ནང་གི་འཕྲོད་བསྟེན་ལ་བདག་ཡག་པོ་བྱེད་དགོས་ཤིང་། རྟག་པར་སྒོ་དང་སྒེའུ་ཁུང་དག་ཕྱེ་ནས་རླུང་འགྲོ་རུ་འཇུག་པ། ཁང་བའི་ནང་གི་མཁའ་དབུགས་འགུལ་སྐྱོད་དང་བསྟུན་ནས་སྲིན་འབུའང་འགུལ་སྐྱོད་བྱེད་བཞིན་ཡོད་པས་མིས་འབྱིན་རྔུབ་གྱི་རྒྱུ་བ་ལ་བརྒྱུད་ནས་ཁོག་ལ་འཛུལ་བའི་གོ་སྐབས་ཇེ་ཆུང་དུ་འགྲོ། རང་ཁྱིམ་ལ་གློ་གཅོང་གི་ནད་པ་ཡོད་ཚེ་ནད་པ་དང་ཁྱིམ་མི་ཡོངས་ཀྱིས་ནད་གཏན་འཇགས་སུ་མ་གྱུར་བར་ཁ་རས་གོན་པ། ཆ་རྐྱེན་ཡོད་པའི་ཁྱིམ་ཚང་ཡིན་ན་ཟུར་བཀར་བྱེད་ནས་བསྡད་ན་ཤིན་ཏུ་ལེགས། མདོར་ན། ཁྱིམ་མི་ཡོངས་ཀྱི་ལུས་སྟོབས་དང་རིམས་འགོག་ནུས་པ་ཉམས་ཞན་དུ་མི་འགྲོ་བར་བདེ་ཐང་ངང་འཚོ་བ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་སྙམ། བོད་ཁུལ་ས་ཆ་མང་པོའི་ནད་འགོག་ལྟེ་གནས་ཀྱི་སྒོ་ཁར་རྟག་པར་གློ་གཅོང་གི་ནད་ཇི་ལྟར་སྔོན་འགོག་བྱེད་པ་དང་དེའི་ནད་རྟགས་སྐོར་ལ་རི་མོ་དང་ཡི་གེ་བཅས་པའི་བརྡ་ཁྱབ་སྦྱར་ཡོད། རེབ་གོང་ས་ཆ་ནས་གཅིག་མཐོང་སྟེ། དེས་བྱིས་པ་ཆུང་ཆུང་ཚོའི་ལུ་བའི་རྒྱུན་ཉི་མ་བདུན་ལ་མ་ཆད་ན་གློ་གཅོང་གི་ནད་ཡིན་ཤས་ཆེ་བས་སྨན་ཁང་དུ་འཁྲིད་དགོས་ཚུལ་བྲིས་འདུག །ཁ་རྩང་དེ་རིང་གྲོང་སྡེ་ཁ་ཤས་རེ་མ་གཏོགས་སྔོན་དང་མི་འདྲ་བར་འགྲིམ་འགྲུལ་ལག་ཆ་མང་ལ་གཞུང་ལམ་ཡང་ལྟོས་བཅས་ཀྱིས་ཇེ་ཡག་ཏུ་སོང་ཡོད་པས་ས་རྒོད་གཤགས་ནས་འགྲོ་མི་དགོས། དེས་ན་བྱིས་པ་དག་ཆམ་པ་ཕོག་པའམ་ཚ་བ་འཕྱུར་བ་དང་ལུ་བའི་རྒྱུན་མ་ཆད་པ་བྱུང་ན། ཅིས་ནས་མྱུར་དུ་ཡུལ་ཚོའམ་རྫོང་རིམ་པའི་སྨན་ཁང་དུ་འགྲོ་བ་གལ་ཤིན་ཏུ་ཆེ། ལུ་བ་དང་ཚ་བའི་རྒྱུན་མ་ཆད་ན། བརྒྱ་ལ་གློ་གཅོང་མིན་རུང་། དེས་བྱིས་པའི་ལུས་པོར་སྙད་ཆེན་པོ་འདུག་སྲིད་པས་བྱམས་ལྡན་ཕ་མ་དག་གིས་དེ་བཞིན་ཐུགས་འཇོག་གནང་བར་འཚལ།
གློ་གཅོང་གི་ནད་འགོ་སླ་བའི་མི།
    གོང་དུ་བཤད་པ་ཇི་བཞིན་ཏེ་མི་ཚང་མར་འགོ་པའི་ཉེན་ཁ་ཡོད་ཀྱང་། ནང་གསེས་སུ་བྱིས་པ། ལོ་ན་རྒན་པ་དང་ནད་པ་སོགས་རིམས་འགོག་ནུས་པ་ཉམས་ཞན་དུ་སོང་བའི་མི་རྣམས་ལ་འགོ་པའི་གོ་སྐབས་ལྷག་པར་དུ་མཐོ། དེའང་བོད་མི་རིགས་འདི་ནི་སངས་རྒྱས་ཆོས་ལ་དད་པ་ཤིན་ཏུ་ཆེ་བའི་མི་རིགས་ཤིག་ཡིན་པ་མ་ཟད། འཁོར་བའི་དོན་དག་ཆེ་ཆེ་ཆུང་ཆུང་མེད་པར་གྲྭ་བ་བླ་མ་དག་གདན་དྲངས་ཏེ་སྟོན་མོ་ནང་རྟེན་འབྲེལ་ཞུ་བ་དང་མི་ཤི་ན་འདས་མཆོད་སྒྲུབ་པ་སོགས་བོད་མིའི་འཚོ་བའི་ནང་དུ་མེད་དུ་མི་རུང་བའི་ལས་རིགས་ཤིག་ཡིན་ཏེ། ནང་སྒོས་སུ་ཨ་མཆོད་དག་དུད་ཚང་འདི་ནས་དུད་ཚང་གཞན་དང་། གྲོང་བ་འདི་ནས་གྲོང་བ་གཞན་ལ་གདན་དྲངས་ནས་འགྲོ་དགོས་པས་དེ་ཚོ་ནི་ཆེས་ཉེན་ཁ་ཆེ་བའི་ལས་རིགས་ཤིག་ཏུ་རེད་སྙམ། དེའི་རྐྱེན་གྱིས་བླ་མ་གྲྭ་བ་དག་གིས་རང་རང་གི་ཐད་ནས་གཟབ་གཟབ་མཛད་རོགས་ཞུ།  
གློ་གཅོང་གི་ནད་དང་འབྲེལ་བའི་གཏམ།
    བོད་པའི་ཁྱིམ་ཚང་ནང་དུ་གཅིག་གིས་གཅིག་ལ་ནད་ཡམས་འདི་འགོ་རྒྱུ་རེད་བསམ་ནས་འཛེམ་མཁན་ཤིན་ཏུ་ཉུང་། དེ་ལྟར་འཛེམ་ཚེ་ཁོང་གཉིས་བར་གྱི་བརྩེ་བར་གནོད་རྒྱུ་རེད་སྙམ་པའམ་འཛེམ་དགོས་བསམ་པའི་སེམས་པ་ཡས་ནས་མེད་པ། གཅིག་གིས་གཅིག་གི་ཇ་ཕོར་ནང་གི་ཇ་འཕྲོ་འཐུང་བ་དང་ཟས་ལྷག་ཟ་བ་སོགས་བྱ་བཞིན་ཡོད། གོ་ཐོས་ལྟར་ན། ཉེ་བའི་ལོ་ངོ་ཁ་ཤས་ཀྱི་རིང་དུ། ང་ཚོའི་རྫོང་ནས་གློ་གཅོང་གི་ནད་ཀྱིས་ཁྱིམ་ཚང་ཁ་ཤས་རྩ་མེད་དུ་བཟོས་སོང་ཟེར། ད་བར་གློ་གཅོང་གི་ནད་པ་ཞིག་ཡིན་ན་མཛེ་ཕོ་མཛེ་མོ་ལས་ཀྱང་ཐུ་ལ། ཁྱིམ་མི་གཅིག་ལ་གཅོང་ནད་འདི་བྱུང་མྱོང་བའི་ཟེར་སྒྲོས་ཚོར་སྐབས་ཁྱིམ་ཚང་དེ་ལ་མག་པ་དང་མནའ་མ་ཡོང་མཁན་དཀོན་ལ་ཕར་འགྲོ་སའང་མི་རྙེད་པའི་གནས་ཚུལ་གང་མང་མཐོང་རྒྱུ་ཡོད། ན་ནིང་རྒན་པ་དག་གིས་བུ་མོ་ཞིག་ལ་མག་པ་སློང་སྐབས། གཅིག་གིས་གྲོང་བ་ག་གེ་མོ་ཞིག་ན་ཁྱིམ་རྒྱུད་ཡག་ལ་གསར་བུའང་སྐྱེ་གཟུགས་ལེགས་ཤིང་ལས་ཀར་རྒོད་པ་ཞིག་ཡོད་ཟེར། དེ་མ་ཐག་ཏུ་ཡང་གཅིག་གིས་གྲོང་བ་དེ་ལ་གློ་གཅོང་གི་ནད་པ་མང་བས་བློ་ཁ་གྲོང་བ་དེ་ལ་འཁོར་མི་ཉན་ཞེས་བཤད་ནས་ཚིག་ཐག་བཅད་ལ། དེར་ཡོད་ཀྱི་རྒན་པ་ཚོས་ཀྱང་དེ་ལྟར་ཡིན་ན་གསར་བུ་དེ་མག་པར་ལེན་མི་རུང་ཞེས་ཡིད་འཐད་བྱུང་བའི་གནས་ཚུལ་འདུག །

འདི་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་ཞིག་སྟེ་གློ་གཅོང་གི་ནད་འདིར་རྒྱུས་ལོན་དང་དེའི་སྐོར་གྱི་ཤེས་བྱ་ཅི་ཡང་མེད་པར་གློ་གཅོང་གི་ནད་པ་དག་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་ནི་མི་འོས་སོ། །ནད་འདི་རིགས་ངོས་འཛིན་བྱུང་བ་ནས་བཟུང་ཚད་ལྡན་གྱིས་སྨན་བཅོས་བྱས་ཏེ་གཟའ་འཁོར་གསུམ་ནས་བཞི་རུ་ལོན་རྗེས་ནད་འདིའི་འགོ་སྟོབས་ཇེ་ཞན་དུ་འགྲོ་བས་ནད་པ་དག་སྤྱི་ཚོགས་བྱ་འགུལ་གང་རུང་དུ་མཉམ་ཞུགས་བྱེད་ཆོག །   དེ་མིན་དམངས་ཁྲོད་དུ་སྤྱང་ཀིའི་ཤ་ཟོས་ན་གློ་གཅོང་གི་ནད་ལ་ཕན་ཚུལ་ལྷ་སྒྲུང་ལྟར་དུ་བཤད་ནས་སྤྱང་ཤ་རྒྱ་མ་གང་ལ་སྒོར་མོ་ལྔ་བཅུ་དྲུག་ཅུ་སྟེར་བཞིན་ཡོད། སྤྱང་ཀིའི་ཤ་ནི་སྨན་གྱི་རིགས་སུ་འགྲོ་ཚུལ་རྒྱ་སྨན་དང་བོད་སྨན་གཉིས་སུ་ཡོད་ཀྱང་། དེས་གློ་གཅོང་གི་ནད་ལ་ཕན་ཚུལ་ནི་བྲིས་མེད་པ་འདྲ་སྟེ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་སོགས་སུ། ༼ཤ་རིགས་རྣམས་རོ་མངར། ཞུ་རྗེས་དྲོ་ལ་སྙོམས། ཁྱད་པར་ཤ་ཡིས་དྲོད་སྐྱེད། མ་ཞུ་འཇུ། ལུས་ཟུངས་འཕེལ། ༽ཞེས་གསུངས་འདུག་པ་ལས་གློ་གཅོང་གི་ནད་ལ་ཕན་ཚུལ་ནི་མ་རྙེད་དོ། །དེའི་ཕན་ནུས་ལྷ་སྒྲུང་ལྟར་དུ་དམངས་ཁྲོད་ལ་ཁྱབ་ཚེ་ནད་པ་ཚོས་སྤྱང་ཀིའི་ཤ་ཟ་བ་ལས་སྨན་མི་འཐུང་བའི་ཉེན་ཁ་ཡོད་པས་འདིའི་སྐོར་གྱི་ཤེས་བྱ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཏུ་སེམས་ཡོད། མདོར་ན། རང་གིས་རང་ལ་སྨན་བཅོས་མི་བྱེད་པར་གོང་དུ་གླེང་པའི་ནད་རྟགས་གང་རུང་བྱུང་ཚེ་མགྱོགས་མྱུར་ངང་ཚད་ལྡན་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱེད་པར་ཕེབས་རོགས་ཞེས་ཞུ་བ་བྱས་པ་ཡིན།  

འཕྲིན་གཏོང་བ།  སྐབས་བཅོ་ལྔ་བའི་མཐར་ཕྱིན་སློོབ་མ་གླིང་བུའི་སྙེ་མ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499409
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།