རིག་གནས་ཀྱི་ངེས་ཚིག་བརྡ་བཀྲོལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རིག་གནས་ཀྱི་ངེས་ཚིག་བརྡ་བཀྲོལ་བ།
རིག་གནས་ཀྱི་ངེས་ཚིག་བརྡ་བཀྲོལ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-15ལྟ་ཀློག (4966)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

རིག་གནས་ཀྱི་ངེས་ཚིག་བརྡ་བཀྲོལ་བ།

རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་འཁྲུངས་ནས་བགྲང་བྱ་ཉི་ཤུ་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་ལྷན་ཅིག་པའི་ཐོན་མིའི་སློབ་གསོ་གླེང་བའི་གཏམ་བཤད།

སྒང་བ་བསྟན་པའི་རྒྱལ་མཚན།

    དེ་རིང་འདིར་བཞུགས་ཀྱི་གྲོགས་པོ་རྣམ་པ་དང་།མཁས་དབང་རྣམ་པ། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། ལྷག་པར་དུ་ཕྱག་རྗེས་ཀྱི་རི་མོ་བཟང་བོ་གངས་ལྗོངས་ས་གཞི་ཡངས་པའི་ཁྱོན་དུ་སོང་བའི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་སོགས་དགེ་སློབ་གྲོགས་མཆེད་ཡོངས་ལ་ཐོག་མར་ངས་ཟོལ་མེད་གུས་པས་འཚམས་འདྲི་ཞུ་བ་དང་ལྷན་ཅིག་བཀྲ་ཤིས་བདེ་ལེགས་ཀྱི་ཁ་བཏགས་འདི་ཕུལ་བ་ཡིན།

    རྣམ་པ་ལྷན་རྒྱས་ལགས། སྐབས་འདི་ནས་ངས་ཐོན་མིའི་སློབ་གསོའི་བགྲོ་གླེང་དུ་ཕེབས་པའི་གྲོགས་པོ་རྣམ་པ་དང་མཁས་དབང་རྣམ་པ་བཅས་ལ་སྲོལ་རྒྱུན་རིག་གནས་ལས་བརྩམས་པའི་ལྟ་ཚུལ་རེ་འདོན་པའི་དུས་ཚོད་སླེབས་པ་རེད། ངའི་རྩོམ་ཡིག་གི་ཁ་བྱང་ནི་རིག་གནས་ཀྱི་ངེས་ཚིག་བརྡ་བཀྲོལ་བ་ཟེར་བ་དེ་ཡིན། དེ་ནས་འཛམ་གླིང་མཁས་པ་སྤྱིའི་བཤད་ལུགས་ཀྱི་འགྲོས་ཤིག་ལ། དཔལ་འབྱོར་གྱིས་དེ་རིང་གི་གནས་ཚུལ་ཐག་གཅོད་བྱེད་པ་དང་། ཆབ་སྲིད་ཀྱིས་སང་ཉིན་གྱི་གནད་དོན་ཐག་གཅོད་བྱེད་ལ། སློབ་གསོས་མ་འོངས་པའི་གནད་དོན་ཐག་གཅོད་བྱེད་ཅེས་ཟེར་བ་ལྟར། སློབ་གསོས་མ་འོངས་པའི་གནད་དོན་ཐག་གཅོད་བྱེད་པའི་སློབ་གསོ་དེ་ལ་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་དང་། དེང་རབས་རིག་གནས་ཀྱི་སློབ་གསོ་གཉིས་སུ་ཡོད་པ་རེད། དེས་ན་དེ་དག་གི་སྐོར་ལས་འཕྲོས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་ཕན་ཡོན་དང་དགེ་མཚན་གྱི་སྐོར་ནས་ལྟ་ཚུལ་འགའ་རེ་གླེང་བ་ནི་ད་ལྟ་བཤད་བྱ་རྩ་བའི་དགོས་པ་ཡིན། དེས་ན་འདིར་ས་བཅད་རགས་པ་གསུམ་ཙམ་ཞིག་གིས་བཤད་ན།

༡ རིག་གནས་ཀྱི་ངེས་ཚིག་བརྡ་བཀྲོལ་བ་དང་།

༢ གནའ་དེང་རིག་གནས་ཀྱི་ངོས་འཛིན།

༣ སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེན་རང་བཞིན་བཤད་པ་དང་གསུམ་ལས།

   དང་བོ་ནི། སྤྱིར་འགྲོ་བ་མིའི་རིགས་ཡོད་དོ་ཅོག་ལ་རྣམ་པ་མི་འདྲ་བའི་རང་རང་གི་སྲོལ་རྒྱུན་གྱི་རིག་གནས་རེ ཡོད་སྲིད་ལ། སྲོལ་རྒྱུན་གྱི་རིག་གནས་ཟེར་བའི་སྲོལ་རྒྱུན་ནི་ཡུན་རིང་བོའི་སྔོན་ནས་དར་ཁྱབ་བྱུང་སྟེ་སྐྱེ་བོ་གང་མང་མང་ཞིག་ལ་འདྲིས་ཆ་ཆེ་བར་གྱུར་ནས། ལོངས་སུ་སྤྱོད་བཞིན་པའི་ཕྱོགས་རྣམས་དང་། རིག་གནས་ནི། རིག་པས་ཤེས་པར་བྱ་དགོས་པའི་གནས་ཤིག་ལ་སྒྲ་བཤད་ཆོག་པས། སྒྲ་སོར་ཡངས་པའི་དབང་དུ་བྱས་ན་ཤེས་བྱ་དང་རིག་གནས་གཉིས་བློས་རིག་པར་བྱ་རྒྱུའི་གོ་དོན་དུ་གཅིག་མཚུངས་རེད། འོ་ན་གཞི་གྲུབ་ན་རིག་གནས་ཡིན་པས་ཁྱབ་བམ་ཞེས་རྣམ་རྟོག་ལངས་སྲིད་ཀྱང་། རང་ཅག་རྣམས་ཀྱི་སེམས་ངོ་ལ་འཆར་བཞིན་པའི་རིག་གནས་ཟེར་བ་ནི། སྦྱང་བར་བྱ་བའི་གནས་ཁྱད་པར་བ་དག་ལ་ཆེད་དུ་དམིགས་ནས་རིག་གནས་དང་རིག་གཞུང་ཞེས་མིང་བཏགས་པ་ལས།ཤེས་པར་བྱ་བ་ཡིན་ན་རིག་པའི་གནས་ཡིན་པས་མ་ཁྱབ་པའི་རྒྱུ་མཚན་དོན་མཐུན་ཞིག་བཤད་དུ་མེད་པའི་ཕྱིར། དཔེར་ན་ལུས་ངག་ཡིད་གསུམ་ལ་སྦྱར་བའི་བཟོ་རིག་པ་བཞག་པ་ལྟ་བུ་སྟེ། བྱམས་པ་དང་སྙིང་རྗེ་ལྟ་བུ་ནང་དོན་རིག་པ་ཡིན་ལ། དེ་དག་སྒོམ་པའི་བློ་ནི་བཟོ་རིག་པ་ཡང་ཡིན་པ་ནས། སྐུ་བརྙན་དང་ཐང་ག་སོགས་ལུས་བཟོ་རིག་པ་ཡིན་ཚུལ་གྱི་སྟེང་ནས་བསམ་བློ་གཏོང་ཆོག་པ་ཞིག་རེད། དེའི་ཕྱིར་ན་རིག་གནས་པ་ཞེས་འབོད་པ་ཡང་ཀུན་ལ་ཐུན་མོང་དུ་མ་གྱུར་བའི་སྦྱང་བར་བྱ་བའི་གནས་དེ་དང་དེ་ཤེས་པ་ལ་བརྟེན་ནས་བཏགས་པ་ལས། རྩམ་པ་དང་ཕ་མ་ངོས་ཟིན་པ་ཙམ་ཞིག་ལ་རིག་གནས་པ་ཞེས་འཇིག་རྟེན་ན་སུ་ཞིག་གིས་ཀྱང་འདོགས་མི་སྲིད་པས་སྒྲ་སོར་ཡངས་དོག་དང་། སྤྱི་དང་བྱེ་བྲག་ཕྱེས་ནས་ངོས་འཛིན་པ་ཞིག་རེད་དོ་སྙམ། འདི་དག་ནི་རང་གི་ལྟ་ཚུལ་ཙམ་ཞིག་སྟེ་མ་འགྲིག་ན་ཡོ་བསྲང་དང་སློབ་སྟོན་གནང་ཞིང་དགོངས་འཆར་འདོན་པའི་རེ་བ་ཡོད། འོ་ན་མཚོན་བྱ་རིག་གནས་དང་། དེ་ཉིད་ཀྱི་མཚན་གཞི། རིག་གནས་ཀྱི་མཚན་ཉིད་སོགས་ཇི་འདྲ་བ་ཞིག་གི་སྟེང་ནས་ངོས་འཛིན་པ་ཡིན་ཟེར་ན། འདི་ལ་རང་རེའི་ད་ཡོད་ཀྱི་མཁས་པར་བརྩི་བ་ལ་ལ་ཞིག་གིས་ནི། མིའི་རིགས་ཀྱིས་བསྐྲུན་པའི་རང་གི་འདོད་པ་སྒྲུབ་པར་བྱེད་པའི་ཐབས་སམ། ཐབས་དེ་ལས་བྱུང་བའི་ཤེས་བྱ་ཞེས་པ་ཞིག་རིག་གནས་ཀྱི་མཚན་ཉིད་དུ་ཚིག་ཐག་ཆོད་པོའི་སྒོ་ནས་བཞག་ཅིང་། དབྱིན་ཇི་བ་སོགས་ཀྱིས་བཞག་པའི་མཚན་ཉིད་བརྒྱ་དང་རེ་བཞི་ཁྱབ་པ་མེད་པར་བསྒྲགས་ནས། མཚན་ཉིད་རིག་པའི་གཞུང་ནས་བཤད་པ་ལྟར། གནའ་དེང་སྤྱི་ལ་ཁྱབ་པའི་རིག་གནས་ཀྱི་མཚན་ཉིད་ལ་འདི་འདྲ་ཞིག་བཞག་ན་འགྲིག་ཅེས་ཡར་མར་ཀུན་ནས་བཤད་ཀྱིན་ཡོད་ཟེར་བ་དང་། ཡང་བཅུ་ཕྲག་རིག་གནས་སོགས་རིག་གནས་གང་ཡིན་ཀྱང་ཚང་མ་མི་རྣམས་ཀྱིས་བྱས་པ་ཞིག་ཡིན་པ་མ་གཏོགས་རང་བྱུང་གིས་གྲུབ་པ་ཞིག་མེད། ཅེས་ཁ་ཚོན་ཡོངས་སུ་བཅད་དེ་བྲིས་འདུག འདི་ནི་གནའ་དེང་སྤྱི་ལ་ཁྱབ་པའི་རིག་གནས་ཀྱི་མཚན་ཉིད་ཅིག་དང་། ལྷག་པར་དུ་ནང་བསྟན་དང་ཐེག་ཆེན་གྱི་གྲུབ་མཐའ་ཁས་ལེན་པའི་བོད་བརྒྱུད་ནང་བསྟན་པ་ཞིག་གི་བཤད་ཚུལ་གཏན་ནས་མ་ལགས་པས། འཛམ་གླིང་གི་མཁས་པ་དག་གི་མདུན་དུ་ངོ་གནོང་དགོས་པ་ཞིག་མི་འདུག་གམ། འུ་ཅག་གིས་རིགས་དྲུག་གི་འགྲོ་བ་ཡོད་པར་ཁས་ལེན་དགོས་ཤིང་། ལྷ་དང་ཀླུས་བྱས་པའི་བྱམས་གཞུང་དང་སྒྲ་འགྲེལ་སོགས་ཡོད་པ་ནི་ཀུན་ལ་རླུང་ལྟར་གྲགས་ན། རང་གི་ཕ་མེས་ཀྱི་བཤད་ལུགས་རང་གིས་སུན་ཕྱུང་ནས་ཅི་ཞིག་བྱེད་བསམ་པ་ཡིན། དེས་མ་ཚད་གཟའ་སྐར་འབྱུང་བཞི་དང་། རི་ཆུ་སྐྱེ་དངོས་སོགས་རང་བྱུང་རིག་པའི་གནས་སུ་གྱུར་བ་དེ་དག་དང་། དུས་གསུམ་དུ་རང་ཅག་ལ་ཡོད་ན་ཆོག་ཆོག་གི་རྒྱལ་བ་དགོངས་གཏེར་སོགས་གཏེར་མ་སྣ་ཚོགས་དང་། གཏེར་རྫས་སྣ་ཚོགས། ལྷའི་བརྡ་ལུང་དང་དེ་དག་ལས་བྱུང་བའི་གཟུངས་སྔགས་དང་འདོན་པ། ནམ་མཁའ་སྟོང་བ་ལས་གྲགས་པའི་ཆོས་ཀྱི་སྡོམ་བཞི། གཙུག་ཏོར་གདུགས་དཀར་སོགས་རིག་གནས་འདི་འདྲ་སྣ་ཚོགས་ཚོགས་ཤིག་ཡོད་པར་འདོད་དགོས་པས། དེ་དག་འགྲོ་བ་མིའི་རིགས་ཀྱིས་བསྐྲུན་ཚུལ་ཞིག་ཇི་ལྟར་འགྲེལ་བ་ཡིན། གཞན་ཡང་མཚན་ཉིད་དེའི་ཟུར་དུ་རང་གི་འདོད་པ་སྒྲུབ་པར་བྱེད་པའི་ཐབས། ཟེར་བ་ཡང་སྤྱི་ལ་མ་ཁྱབ་པའི་ཆ་ཤས་ཤིག་སྟེ། ངེས་འབྱུང་དང་སྟོང་ཉིད་ལྟ་བུ། བསམ་ངན་དང་སྦྱོར་རྩུབ་སོགས་རང་གི་འདོད་པ་སྒྲུབ་པར་བྱེད་པའི་ཐབས་སུ་ཇི་ལྟར་འགྲེལ་ཐུབ་པ་ཡིན། ཡང་མིན་ན་རང་གི་ཞེ་འདོད་དང་འགལ་ནས་འགྲེལ་ཚུལ་རྒྱང་བསྐོར་བ་ཞིག་གནང་རྒྱུ་ལ་བསམ་བློ་ཐོངས། དེ་དག་ནི་རིག་གནས་མིན་ནོ་ཞེས་བསམ་པ་དང་གསུངས་པ་ཙམ་ཡང་ག་ལ་རིགས་ཏེ། རིག་གནས་འདིས་མ་ཁྱབ་པ་ནི་གཅིག་ཀྱང་མེད་ལ། ཞེས་ཞལ་བཞེས་གནང་ཞིང་ཞེ་འདོད་ཀྱིས་བསྒྲུབས་ཟིན་པ་དང་།མཚན་ཉིད་ཀྱི་ཟུར་དུ་ཤེས་བྱ་ཞེས་སྨྲོས་པས་གཞི་གྲུབ་ན་རིག་གནས་ཡིན་པའི་ཁྱབ་པའང་ཁས་བླངས་ཟིན་འདུག་པ་དེའི་ཕྱིར་རོ།། 

   ཁ་དོག་དཀར་དམར་ལ་རིགས་པ་སོང་བའི་བྱིས་པ་ཞིག་ལ་མི་དོ་བའི་ཁྱབ་ལོག་འདི་འདྲ་རེ་བཞག་ནས་ཡིན་སྣང་ཤར་ཏེ་བཞུགས་འདུག་མོད། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རུ་སྣང་བའི་བུ་སློབ་ཕལ་མོ་ཆེ་ཞིག་ནི་ཤ་གཟུག་ཟ་རྐྱང་གི་བརྟུལ་ཞུགས་ཅན་དག་ཏུ་སྣང་བས་དེ་དག་ལ་ཅི་ཡང་གནོད་མི་སྲིད། དབྱིན་ཇིའི་གཙོ་བྱས་པའི་འཛམ་གླིང་གི་མཁས་པ། རིག་གནས་ཀྱི་སྒྲ་དོན་ངེས་ཚིག་ལ་དོན་གཉེར་བྱེད་པ་མང་བོ་ཞིག་གིས་སྤྱི་ལོ་༡༨༧༡ལོ་ནས་༡༩༥༡ བར་རིག་གནས་ཀྱི་མཚན་ཉིད་མི་འདྲ་བ་གྲགས་ཆེ་བ་༡༦༤ བཞག་པ་རྣམས་ཕལ་མོ་ཆེར། བོད་ཀྱི་ཚད་མ་རིག་པའི་མཚན་ཉིད་ཀྱི་གཞུང་ནས་བཤད་པ་ལྟར། མ་ཁྱབ་པ་དང་། ཁྱབ་ཆེས་པ། མི་སྲིད་པའི་མཚན་ཉིད་ཀྱི་སྐྱོན་དང་བྲལ་བ་ཞིག་མེད་པར་གཟིགས་ནས་མཚན་མཚོན་ལ་ཁྱབ་པ་ཡོད་པའི་རིག་གནས་ཀྱི་མཚན་ཉིད་དེ་འདྲ་ཞིག་བཞག་པ་ནི་ཞིབ་འཇུག་རྒྱུན་རིང་དང་། གཞན་གྱི་ཟེར་སྒྲོས་བོད་སྐད་དུ་བསྒྱུར་བའི་ཆ་ནས་བཀའ་དྲིན་ཆེ་མོད། དེ་ཉིད་རིགས་པས་བརྟག་ཐུབ་པའི་མཚན་ཉིད་ཁྱབ་ཡོད་ཅིག་ཏུ། ཕྱི་གླིང་བ་མགོ་སེར་དངོས་གཙོ་སྨྲ་བ་དག་གིས་ཁས་ལེན་ན་མ་གཏོགས། བོད་པ་རིག་གནས་ཀྱི་མཚན་ཉིད་ལ་རྟོག་དཔྱོད་ཞུགས་པ་དག་གིས་དང་དུ་ལེན་པ་ཞིག་མ་ཡིན་ལགས།འོ་ན་ཁྱེད་ཅག་གིས་གནའ་དེང་སྤྱི་ལ་ཁྱབ་པའི་རིག་གནས་ཀྱི་མཚན་ཉིད་ལ་ཇི་འདྲ་བ་ཞིག་འཇོག་ཟེར་ན། བཤད་པར་འདོད་དེ། སྦྱང་བར་བྱ་བའི་གནས་སུ་གྱུར་བ་ཞེས་པ་འདི་རིག་གནས་ཀྱི་མཚན་ཉིད་དུ་འཇོག་འདུན་སྐྱེས། མཚན་ཉིད་འདི་ལྟར་དུ་བཞག་ན་རང་ཅག་ཀུན་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་ཐུན་མོང་བ་ཞིག་ཀྱང་ཡིན་པར་སྣང་སྟེ། མཐའ་གཉིས་ལ་མ་ལྷུང་བའི་དཔེ་ཆུང་དེར། རིག་གནས་འདིས་མ་ཁྱབ་པ་གཅིག་ཀྱང་མེད་ལ་ཞེས་སོགས་གསུངས་ནས་ཤེས་བྱ་ཀུན་ཀྱང་རིག་པས་ཤེས་པར་བྱ་བའི་ཁྱབ་ཁོངས་སུ་བཞག་འདུག་པའི་ཕྱིར། ཞར་ལ་གང་ཟག་གཞན་ལའང་དཔྱད་པར་བྱ་བ་འདི་ཡོད་དེ། རང་རེའི་སྔ་རབས་ཀྱི་མཁས་ཆེན་ཤཱི་ལའི་མཚན་ཅན་ཀྱང་། རིག་གནས་ལྔ་ངོ་སྤྲོད་གནང་བའི་ཚེ། དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་པ་ནི་ནང་དོན་རིག་པ་ཞེས་བྱའོ།། ཞེས་སོགས་རིག་གནས་དེ་དང་དེ་ལ་མཁས་པ་རིག་གནས་དེ་དང་དེའི་ངོ་བོ་རུ་བཞག་འདུག་མོད་ཀྱང་དཔྱད་བཟོད་པའི་གཏམ་དུ་མི་སྣང་ངོ་།། འདིར་ནང་དོན་རིག་པ་དང་སྒྲ་རིག་པ་ཞེས་པའི་རིག་པ་ནི་རྣམ་པ་དང་རྣམ་བཞག་ཟེར་བ་དང་འདྲ་བར་ཡུལ་གྱི་ལོག་ཆ་ནས་འཆར་ལ། རིག་པའི་གནས་ཞེས་པའི་རིག་པ་ནི་ཡུལ་ཅན་གྱི་ཆ་ནས་བཤད་པས་ངོས་འཛིན་སོ་སོ་ནས་བྱེད་དགོས་པ་ཞིག་རེད་དོ་སྙམ། དེས་ན་སྦྱང་བར་བྱ་བ་རིག་པའི་གནས་དེ་ལ་མཐའ་ཡས་མུ་མེད་པ་ཞིག་ཡོད་ཀྱང་མདོར་དྲིལ་ན། གནའ་རབས་རིག་པའམ་སྲོལ་རྒྱུན་གྱི་རིག་གནས་དང་།དེང་རབས་རིག་པའམ་སྤྱི་ཚོགས་ཚན་རིག་གི་རིག་གནས་གཉིས་སུ་ཕྱེས་ནས་འདུག

      འོ་ན་སྲོལ་རྒྱུན་རིག་གནས་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་པ་ཡིན་འདྲི་ན། ད་ལྟ་རང་རེས་ངོས་འཛིན་དང་རྟོག་ངོར་འཆར་བཞིན་པའི་སྲོལ་རྒྱུན་རིག་གནས་ཟེར་བ་ནི། ཕལ་མོ་ཆེ་ན་སྤྱི་ཚོགས་ཀྱི་གོ་རྟོགས་དང་རིག་གནས་ཀྱི་ཚད་ངེས་ཅན་ཞིག་ལ་སླེབས་ཟིན་གྱི་སྐད་དང་ཡི་གེས་བསྡུས་པའི་ཡུལ་སྲོལ་གོམས་གཤིས་གཙོ་གྲས་རིགས་དང་། ཆོས་ལུགས་རིག་གནས་རྒྱུན་སྲོལ་རྣམས་ལ་ཟེར་གྱིན་འདུག བོད་པ་གསར་སྐྱེས་ལ་ལ་ཞིག་གིས་ནི། དེང་གི་དུས་འདིར་འཛམ་གླིང་སྔོན་ཐོན་ཅན་དུ་སྤྱོད་བཞིན་པའི་གོ་ས་ན། མཐོ་སྒང་བོད་པའི་ཁྱིམ་གཞིས་དྲོན་མོ་འདི་སྔོན་ཐོན་ཅན་དང་།དེང་རབས་ཅན་དུ་འགྱུར་བ་ལ་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་གཙོ་བོ་ནང་ཆོས་སོགས་ཀྱིས་འགོག་རྐྱེན་ཆེན་པོ་ཞིག་བཟོས་པ་ལས་ཕན་ཁེ་ཅི་ཡང་མ་བྱུང་ཞེས་སྐུར་འདེབས་དང་རྒོལ་རྡུང་དྲག་པོ་བྱེད། འདི་ལ་བསམ་པར་བྱ་སྟེ། འཛམ་གླིང་གི་ས་ཕྱོགས་དང་། ཡུལ་ལུང་གང་ཞིག་གི་མི་རིགས་ཡིན་ནའང་སྐད་དང་ཡི་གེས་བསྡུས་པའི་ཡུལ་སྲོལ་གོམས་གཤིས་དང་།ཡུལ་ཁམས་སྡོད་གནས། གདོང་དབྱིབས་རྟགས་མཚན་སོགས་ཁྱད་ཆོས་མི་འདྲ་བ་འདི་དག་གིས། ཇི་སྲིད་བར་དུ་མིའི་རིགས་གང་ཡིན་གྱི་མི་རིགས་རང་རང་གི་ཁྱད་ཆོས་དང་ངོ་བོ་མ་འདྲིས་པར་འཛིན་པར་བྱེད་པ་ཞིག་ཡིན་པས་ན།འདི་དག་ལ་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་དགའ་ཞེན་དང་། སྔར་ལས་ལྷག་པར་དམ་འཛིན་བྱེད་པ་ལས། སྲོལ་རྒྱུན་དང་རྙིང་ཀོག་ཅེས་མཆིལ་ཞགས་འཕེན་པ་ནི་ཀླད་པ་བྱ་ཁྲས་ཟོས་པའི་གསར་བུ་འབའ་ལེ་མ་དག་གི་བྱ་བའོ། །འོན་ཀྱང་མི་རིགས་གང་འདྲ་ཞིག་ཡིན་ནའང་ཆོག དུས་དང་གནས་སྐབས་ནམ་ཞིག་ལ་ཡང་། རང་དང་རང་གི་བ་གཅེས་པར་འཛིན་པའི་བློ་ཡི་འཛིན་སྟངས་འདིའི་འཛིན་ཚུལ་གྱི་རྣམ་པ་མ་ཞིག་པ་དེ་སྲིད་ཀྱི་བར་དུ། རང་རང་གི་རིགས་ལ་དགའ་ཞེན་དང་། ལ་རྒྱ་ཟབ་མོ་ཞིག་དངོས་དང་ཤུགས་ན་མངོན་གྱིན་ཡོད་པ་ཞིག་རེད། དེས་སྟབས་ཀྱིས་སྐབས་འགའ་དང་འགའ་ཞིག་ལ་སྤྱི་ཚོགས་ཀྱི་ངོ་བོ་ལ་འགྱུར་བ་ཐེབས་པའི་འགྲོས་དང་བསྟུན། མི་བུ་གང་མང་ཞིག་གིས་རང་གི་བློ་གྲོས་ཀྱི་ནུས་པ་དང་འཚམ་པའི་གནས་ལུགས་ལྟ་ཚུལ་སྣ་ཚོགས་པ་ཞིག་བཏོན་དང་འདོན་བཞིན་པ་འདི་དག་ཀྱང་།རིགས་ལ་ཞེན་པའི་རང་མདངས་ཕྱི་རུ་མངོན་པ་མ་རེད་ཅེས་སུས་ཀྱང་ལབ་མི་སྤོབས། དེས་ན་སྐྱ་སེར་གང་མང་ཞིག་གིས་རང་ཡུལ་གྱི་དཔལ་ཡོན་གཉིས་ཀ་ཕུན་སུམ་ཚོགས་པའི་ཆེད།ཁ་ཕྱོགས་ལམ་སྟོན་དང་། སྤྱི་ཚོགས་སྒྱུར་བཀོད་ཀྱི་རྟོག་འཆར་བཤད་ཡམས་དང་། རྟོག་འཆར་དང་བཤད་ཚུལ་འདྲ་མིན་གྱིས་དྲངས་པའི་རྩོམ་རིག་དང་། སྒྲིག་ལམ་སྒྱུར་བཀོད་ཀྱི་རིམ་པ་འདྲ་དང་མི་འདྲ་མང་བོ་ཞིག་བྱུང་དང་འབྱུང་མུས་རེད། དེ་ལྟ་བུ་ལས་ལ་ལ་ཞིག་ནི་སྤྱི་ལ་ཁ་གཡར་བའི་རང་གི་འདོད་དོན་སྒྲུབ་མཁན་དང་། ཁེ་ཕན་འགའ་རེའི་ཆེད་དུ་ཕྱི་ནང་མི་མཚུངས་པའི་བྱ་བ་བྱེད་པའང་བརྒྱ་ལ་མི་སྲིད་པ་ནི་ག་ལ་ཡིན་ཏེ་མ་ཡིན་ནོ།།

   གཉིས་པ་དེང་རབས་རིག་གནས་ཟེར་བ་ནི གློག་དང་འཕྲུལ་ཆས་ཀྱིས་བསྡུས་པའི་དེང་རབས་བརྡ་འཕྲིན་དང་། ཚན་ཚན་རིག་པའི་དཔྱད་འབྲས་ལས་གྲུབ་པའི་ཕྱི་ནང་གི་རྒྱུན་ཤེས་དང་ཆ་རྐྱེན་གང་མང་ཞིག་ལ་དེང་རབས་ཀྱི་རིག་གནས་དང་དེང་རབས་ཀྱི་རིག་པ་ཞེས་བསམ་བཞིན་པ་དང་བརྗོད་བཞིན་པ་རེད། ཐབས་ལམ་འདིས་ནི་མིའི་རིགས་ཀྱི་རྒྱུན་མཁོའི་འཚོ་བ་སྣ་ཚོགས་ཤིག་མངོན་སུམ་དུ་སྟབས་བདེར་བཏང་བས། སུས་ཀྱང་བསྙོན་འདིང་ནས་དེང་རབས་རིག་གནས་མི་བཟང་ཞེས་སྐུར་བ་འདེབས་མི་ཕོད་མོད། སྐྱོན་གཏན་ནས་མེད་པ་ཞིག་ག་ལ་ཡིན་དེ། ཚན་རིག་དང་དེང་རབས་རིག་གནས་ཅི་ཙམ་གོང་འཕེལ་དུ་སོང་བའི་འགྲོས་དང་བསྟུན་ནས་དེ་ཙམ་དུ་སྤྱི་ཚོགས་ཀྱི་ཕྱི་ནང་ཀུན་ན་སྣོད་བཅུད་གང་གི་ཆ་ལ་ཡང་འདི་ཉམས་རབས་དང་དེ་རྒུད་རབས་ཀྱི་སྡུག་སྨེ་ཡང་བར་མ་ཆད་དུ་འདོན་བཞིན་པ་དེ་འདྲ་རེད། དེ་ནས་གནའ་རབས་རིག་གནས་དང་དེང་རབས་རིག་གནས་ཟེར་བ་འདི་གཉིས་ཀྱི་དབྱེ་མཚམས་ལ་བསམ་བློ་ཞིག་བཏང་ན།འདི་དག་ནི་ངོ་བོ་སྔར་རྒྱུན་ནས་ཡོད་པ་ལ་ཐ་སྙད་ཕྱིས་འབྱུང་དུ་ཆགས་པ་ཙམ་ལས། མེ་ཆུ་ལྟར་གཏན་ནས་འབྲེལ་བ་མེད་པ་དང་། སྔ་ཕྱི་ཁྱད་པར་བ་ཅན་ཞིག་ཡིན་པར་ནི་མི་སེམས་ཏེ། འདས་ནས་ཡུན་རིང་རྒྱུས་ལོན་དང་གོམས་འདྲིས་སུ་སོང་བ་དེ་དག་སྲོལ་རྒྱུན་རིག་གནས་སུ་ཆགས་ཤིང་། རྣམ་པ་གསར་དུ་བྱུང་དང་འབྱུང་བཞིན་པའི་གློག་དང་བརྡ་འཕྲིན་སོགས་ཀྱི་ཚན་རིག་གི་དངོས་པོ་རྣམས་ལ་དེང་རབས་ཀྱི་རིག་གནས་སུ་འབོད་བཞིན་པ་ཙམ་རེད། དེས་ན་ལ་ལ་ཞིག་གིས་སྲོལ་རྒྱུན་རིག་གནས་ཟེར་བ་ནི་གདོད་མའི་སྤྱི་ཚོགས་སམ་སྤྱི་ཚོགས་དེ་ལས་བྱུང་བའི་བསམ་སྤྱོད་རེ་འགའ་དང་། ཆོས་ལུགས་གྲུབ་མཐའ་ཁ་ཡར་ཙམ་ཞིག་གི་བཤད་སྟངས་དང་གྲུབ་སྟངས་ཤིག་ལ་ངོས་འཛིན་པ་ནི་ཆེས་མ་ངེས་པ་ཡིན་ཏེ། འདི་དག་ནི་ལྟོས་ས་ལྟོས་འཇོག་དང་གསལ་ཁ་ཆེན་པོ་བྱུང་དང་མ་བྱུང་གིས་འཇོག་པ་ལས། དང་བོ་ཉིད་ནས་སྲོལ་རྒྱུན་རིག་གནས་ཡིན་པ་ཞིག་དང་།ལོ་ངོ་ཉིས་བརྒྱ་སུམ་བརྒྱའི་ནང་གསར་དུ་དར་བ་ཡིན་ངེས་པའི་དེང་རབས་རིག་གནས་ཟེར་བ་ཞིག་མཐའ་གཅིག་ཏུ་ངོས་འཛིན་བྱེད་དཀའ་བར་སྣང་། རྒྱུ་མཚན་ནི་དེང་རབས་རིག་གནས་ཀྱི་མཚོན་བྱེད་དམ་མཚན་གཞིའི་གསང་བ་ལ་ལ་ཞིག་ནི་ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས་དར་བ་དང་ཡོད་མ་མྱོང་བ་མིན་ལ།ཅིག་བྱས་ན་དེང་རབས་ཀྱི་རིག་གནས་རྗེན་པ་རུ་བསམ་བཞིན་པའི་ད་ལྟའི་རིག་གནས་དང་། རིག་གནས་དེ་དག་གིས་བསྡུས་པའི་རིག་དངོས་འདི་དག་ཀྱང་། མི་རབས་མང་བོ་སོང་བའི་རྗེས་ཤིག་ལ་སྲོལ་རྒྱུན་རིག་གནས་སུ་མི་བརྩི་བའི་ངེས་པའང་ཅི་ཞིག་ཡོད། དེས་ན་དེང་གི་དུས་ལ་བལྟས་ཏེ་རྣམ་པ་རགས་པ་ཙམ་དུ་རང་རེའི་ཡུལ་ལྗོངས་འདིའི་སྲོལ་རྒྱུན་རིག་གནས་ཟེར་བ་ནི། རང་རེའི་ཕ་མེས་ཡང་མེས་སྔ་རབས་པའི་ལུགས་སུ་དར་བའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིག་གཞུང་སོགས་ལ་ཟེར་གྱིན་འདུག་པས།དེས་ན་འདིའི་ཕྱོགས་ནི་དེ་རིང་གི་བཤད་བྱ་རྩ་བ་ཞིག་དང་། འདི་དག་གི་སྐོར་ནས་རང་རང་གི་ལྟ་ཚུལ་རེ་བརྗོད་དགོས་པ་ནི་དེ་རིང་གི་བགྲོ་གླིང་གི་ཁ་ཕྱོགས་ཡིན་པ་རེད། དེས་ན་བདག་ལྟ་བུ་ནི་སྲོལ་རྒྱུན་རིག་གནས་སུ་བརྩི་བའི་རིག་གནས་ཀྱི་རྣམ་གྲངས་ཁ་ཡར་ལ་སློབ་སྦྱོང་དང་གོམས་འདྲིས་རེ་འགའ་སོང་མྱོང་ཙམ་དུ་བགྲང་ཆོག་པ་ལས། མི་ལ་གོ་བརྡ་སྤྲོད་པའི་ནུས་པ་དང་ཤེས་རིག་འཇོན་ཐང་གི་ཡོན་ཏན་ཆེན་པོ་གང་ཡང་མེད། ཡིན་ན་ཡང་ཉེ་བའི་ཡར་སྔོན་འདིར།ཆོས་ཀྱི་མཆེད་གྲོགས་དམ་པ་སློབ་གཙོ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཁ་པར་ལམ་ནས་ཤེས་རིག་ནོར་བུའི་སློབ་གླིང་ཚུགས་ནས་བགྲང་བྱ་ཉི་ཤུ་འདས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་འདིར་ཞུགས་ཆོག་པའི་བརྡ་སྦྱོར་གནང་ཞིང་། དེ་རིང་གི་ཐོན་མིའི་བགྲོ་གླེང་གི་ཉིན་མོ་འདིར། སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་དང་ཕན་ནུས་བརྗོད་པའི་བགྲོ་གླེང་རྩོམ་ཡིག་ཅིག་དགོས་པའི་བཀའ་མོལ་ཕེབས་པས། འདིར་བླ་མ་སྐྱེས་ཆེན་མང་བོ་དང་། གྲོགས་དགེ་བའི་བཤེས་གཉེན་མང་བོ། མཁས་དབང་རབ་འབྱམས་པ་མང་བོ་དང་བཅས་པའི་ཆེན་པོ་མང་བོ་བཞུགས་པའི་སར། ཁ་ལག་སྙིང་གསུམ་འདར་ཡང་སེམས་རྒྱ་ཆེར་སྐྱེད་ཀྱིས། གཞན་གྱིས་ཅི་ཟེར་ལ་བསྟུན་པ་དང་མི་བསྟུན་པ་ཅི་རིགས་པ་ཞིག་གིས་གང་དྲན་རྟོག་ཚོགས་ཀྱི་རི་མོ་ཡི་གེའི་ལམ་དུ་བཀོད་པ་ལ་ཉེས་འགལ་བྱུང་ན་སྐྱོན་བརྗོད་དང་། ལམ་སྟོན་ཅི་རིགས་གནང་བའི་རེ་ཞུ་ཡོད།

   དེ་ནས་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེན་རང་བཞིན་སྐོར་ནས་མདོ་ཙམ་ཞིག་བཤད་ན། འཛམ་གླིང་ས་སྒང་རིལ་མོ་འདིའི་སྒལ་བར་ཆགས་པའི་སྒང་བ་བོད་ཀྱི་མི་རིགས་འདི་ནི། ཡུལ་གྲུ་ཆེན་པོ་གཞན་དག་གི་མི་རིགས་དང་འདྲ་བར་ལོ་ངོ་ཁྲི་སྟོང་མང་བོའི་ཡར་སྔོན་ནས་རང་རང་གི་བློ་གྲོས་ཀྱིས་རང་སའི་དཔལ་ཡོན་བསྐྱེད་དེ་འོངས་ཤིང་། དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྔར་མེད་གསར་བསྐྲུན་དང་། ཉམས་པ་སླར་གསོ། མ་ཉམས་གོང་འཕེལ་དུ་བཏང་ནས་བདེ་སྐྱིད་ཀྱི་ཁོར་ཡུག་དང་། ཡིད་འོང་གི་འཚོ་བ། རིགས་ཀྱི་བསམ་སྤྱོད་བཅས་བསྐྱངས་ཏེ་འོངས་པ་ཞིག་རེད། ལོ་རྒྱུས་སྨྲ་བ་རྣམས་ཀྱི་ཁ་ལ་ཡོངས་སུ་རྒྱུག་པ་ལྟར། འདས་པའི་ལོ་ངོ་སྟོང་ཕྲག་གཅིག་དང་སུམ་བརྒྱའི་ཡར་སྔོན་ཙམ་ཞིག་ནས་བསིལ་ལྡན་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར།ཐུ་བྷོད་བཙན་པོའི་གདུང་རྒྱུད་ཀྱིས་བཟུང་བའི་ཆེན་པོ་བོད་ཀྱི་རྒྱལ་ཁབ་འདི་རིམ་བཞིན་གཅིག་གྱུར་བྱུང་ཞིང་། མི་ལོ་ཉིས་བརྒྱ་ལྷག་ཅིག་གི་རིང་ལ་བཙན་བརྗིད་མངའ་ཐང་དང་། ཆབ་དཔལ་རིག་གསུམ་གང་ཅིའི་ཐད་འགྲན་ཟླ་དང་བྲལ་བས། ཕྱོགས་ཀྱི་རྒྱལ་ཁག་མང་བོའི་མགོ་བོ་ལ་བཀའ་ཡིས་མངའ་དབང་བསྒྱུར་བར་བྱས་སོ་ཞེས་ཡོངས་སུ་བསྒྲགས་པ་ནི་བྱིས་པའི་སྒྲུང་གཏམ་ཞིག་དང་།རང་གི་སྣང་བ་སྐྱིད་པའི་ལུང་ཁུག་རྫི་བོའི་སྟོང་བཤད་ཅིག་མ་རེད། དེས་ན་འུ་ཅག་གི་ཕ་མེས་སྔ་རབས་པ་དག་གི་མཛད་རྗེས་དང་འབྲེལ་ནས་ཅུང་ཙམ་བཤད་ན།ད་ལྟའི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི་ཡི་གྲས་སུ་འདྲེན་པའི་ནང་བ་སངས་རྒྱས་པའི་ཆོས་ལུགས་འདི། བོད་རྒྱལ་སྲོང་བཙན་སྒམ་པོ་སོགས་བོད་ཀྱི་བཙན་པོ་དེ་དག་གི་རིང་ལ་རང་ཁུལ་དུ་རྒྱ་ཆེར་ནང་འདྲེན་བྱས་ཤིང་།བཙན་པོའི་གདུང་རབས་སྔ་ཕྱི་དག་གིས་རང་རང་གི་སྐུ་སྲོག་ལའང་མ་འཛེམ་པར་བོད་ཁམས་ཡོངས་སུ་དར་ཁྱབ་ཏུ་བཏང་བ་ཞིག་རེད།དར་ཁྱབ་ཏུ་གཏོང་དགོས་པའི་ཐུགས་དགོངས་དང་། དར་ཁྱབ་གཏོང་བའི་ཆེད་ཕྱག་ལས་རྒྱ་ཆེན་པོ་གང་མང་ཞིག་གནང་བའང་། ལོག་ལྟ་ཅན་ལ་ལ་ཞིག་གི་སྣང་ངོར། བཙན་པོ་དེ་དག་གིས་རང་རང་གི་ཆབ་སྲིད་བརྟན་པའི་དགོས་མཁོ་དང་།གནས་སྐབས་ཙམ་ཞིག་གི་ཆེད་དུ་བྱས་སོ་སྙམ་པ་དང་བརྗོད་པ་དག་ནི་ཤིན་ཏུ་འཁྲུལ་བ་སྟེ། ངེས་པའི་དོན་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འཇིག་རྟེན་གྱི་མིག་དང་འདྲ་བ་དེ་དག་བརྒྱུད་ནས།སྟོན་པ་ཤཱཀྱ་མུ་ནིའི་བསྟན་པ་གཞན་ལ་མི་འཚེ་བ་དང་། བཀར་བཏགས་པའི་ཕྱག་རྒྱ་བཞི། སྒོ་གསུམ་གི་ཉེས་སྤྱོད་སྡོམ་ཞིང་དགེ་བ་སྤེལ་བ་དང་། ལྷག་པར་དུ་སྲིན་འབུ་ཕྲ་མོ་ཡན་ཆད་ལ་བྱམས་པ་དང་སྙིང་རྗེ་སྒོམ་པ་སོགས་ཀྱི་ཐེག་ཆེན་གྱི་ཆོས་སྐད་ཅི་རིགས་ཤིག་གསན་པ་འདི་དག་གིས་ཐུགས་འཕྲོག་ནས། ནོར་བུ་ལ་ནོར་ཉམས་ཆོད་པའི་ཚུལ་དུ་གཅེས་པར་བཟུང་བ་ཞིག་ཡིན་ཏེ། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལུགས་ཀྱང་རྩ་བ་ལྷ་ཆོས་དགེ་བ་བཅུའི་རང་བཞིན་དང་བསྟུན་ནས་བྱས་པས་ཀྱང་ཤེས་ནུས་པ་ཞིག་རེད། རྒྱུ་མཚན་དེ་ལྟ་བུའི་བྱུང་བ་དག་ལ་དཔྱད་པ་བཏང་ན། སྔོན་གྱི་མི་རྗེ་ས་གཞི་སྐྱོང་བ་དེ་དག་གིས་ནི། དེང་དུས་ཀྱི་ཁ་དོན་མི་མཚུངས་པའི་དམངས་གཙོ་དང་། མི་རིགས་འདྲ་མཉམ་ཟེར་བའི་འགྲོ་ཚུལ་འདི་དག་ལས་རིང་དུ་བརྒལ་བའི་གཞན་ཕན་གྱི་བྱ་བ་ངོ་མ་ཞིག་ལ་ཐུགས་དགོངས་གཏད་ཅིང་།གཞན་ཕན་གྱི་བྱ་བ་ངོ་མ་ཞིག་ཕྱག་ཏུ་བསྟར་ནས་ཀུན་ལ་སྤེལ་བ་ཞིག་རེད་དོ་སྙམ། འོན་ཀྱང་ད་ལྟའི་བོད་ཕྲུག་མགོ་ཡེངས་པ། ཀླད་པའི་ནང་དུ་ཇ་མིན་ཆུ་མིན་ཞུགས་ཤིང་། གཞན་སོང་ཤུལ་གྱི་གད་སྙིགས་འཐུ་བ་གང་མང་མང་ཞིག་གིས་ནི། ཕྱོགས་འདིར་བསམ་གཞིག་ལེགས་པོ་ཞིག་གཏོང་མི་ཤེས་ཤིང་། གཡག་ཞར་གྱིས་རྩྭ་ཟ་བ་བཞིན་རིགས་པ་ཕྱོགས་རེ་བ་དང་རྒྱུ་མཚན་ལྟར་སྣང་བ་མང་བོ་ཞིག་དེད་ནས་འགྲོ་བ་ཚང་མས་ཤེས་གསལ་ལྟར་རེད།ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་བཙན་པོའི་གདུང་རབས་འདི་དག་གིས་ནང་བ་སངས་རྒྱས་པའི་ཆོས་ལུགས་ལ་ཤིན་ཏུ་གུས་བཀུར་བྱས་པས།ག་ལེ་ག་ལེར་རྒྱ་ཆེ་བའི་ལྷ་འབངས་མང་ཚོགས་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། རས་ཡུག་ལ་སྣུམ་ཟིན་པ་དང་ཐུག་པ་ཞིམ་པོའི་ནང་ཚ་ཁུ་བྲོ་བ་ལྟར། ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་བྱིན་རླབས་དང་། སངས་རྒྱས་ཆོས་ལུགས་ཀྱིས་བསྡུས་པའི་སྲོལ་རྒྱུན་བཅུ་ཕྲག་རིག་གནས་འདི་དག་རྒྱ་ཆེ་བའི་བོད་རིགས་མི་དམངས་ཡོངས་ཀྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པར་ཆགས་ཏེ། ད་ལྟའི་བར་ཡུལ་གྲུ་ཀུན་ལས་ཀྱང་དར་རྒྱས་ཕུན་སུམ་ཚོགས་ཤིང་། ཆོས་ལུགས་འདི་དང་ཆོས་ལུགས་འདིར་འབྲེལ་བ་ཡོད་པའི་རིག་གནས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་མི་ལོ་སྟོང་ཕྲག་བརྒྱུད་པའི་ལོ་རྒྱུས་ནང་།གནས་བབས་གང་ཞིག་གི་སྐབས་དང་། སྐྱིད་སྡུག་ཇི་འདྲ་ཞིག་གི་ལམ་ཁ་བརྒྱུད་མྱོང་ན་ཡང་། རང་གི་སྣོད་བཅུད་ཀྱི་རིག་དངོས་ཁྱད་པར་བ་དག་དང་།ཐུན་མོང་མ་ཡིན་པའི་རིག་གཞུང་སྣ་ཚོགས་འཐོར་འཁྱམ་དང་གཞི་མེད་དུ་མ་སོང་བར་གནས་ཐུབ་པ་འདི་བྱུང་བ་རེད།བོད་ཀྱི་ཤེས་ལྡན་དུ་རློམ་པའི་ལོག་ལྟ་ཅན་ཁ་ཅིག་གིས་བཤད་ན། ནང་ཆོས་འདི་བོད་དུ་དར་བས་ཆེས་མ་ལེགས་ཏེ། ཕྲེང་བ་ལག་ཏུ་བཟུང་བས་བདེ་བ་སེམས་ཀྱིས་འཚོལ་ལོ་ཟེར། རལ་གྲི་ཐང་ལ་གཡུག་པས་སྟ་གྲིའི་བཀའ་ལུང་ཁུར་དགོས་ཤར། བོད་རིགས་མི་དམངས་འདི་ད་ལྟའི་བར་དཔལ་འབྱོར་དང་ཚན་རིག་གིས་རྗེས་ལུས་སུ་ཐེབས་པ་ནི་ལོ་ངོ་སྟོང་ཕྲག་གི་དུས་ཡུན་རིང་མོའི་ནང་མཁས་བླུན་གང་མང་མང་ཞིག་གིས་བདག་མེད་བཤད་དེ་བདག་ཉིད་གཅེས་འཛིན་ལ་རྒོལ་རྡུང་བྱས། འཁོར་བའི་ཕུན་ཚོགས་ཀྱི་ཉེས་དམིགས་བསྒྲགས་ཤིང་ཕྱི་མའི་བདེ་སྐྱིད་ལ་རེ་སྨོན་བྱས། འཇིག་རྟེན་གྱི་བྱ་བ་སྒྲུབ་པ་དང་ཁྱིམ་སྐྱོང་བ་ནི་ཤིན་ཏུ་མི་རིགས་པ་དང་། བྱ་བྲལ་བྱེད་པ་དང་རབ་བྱུང་སྒྲུབ་པ་ནི་ཤིན་ཏུ་ལེགས་པར་སྨྲས་པས། བོད་མི་ཕལ་མོ་ཆེ་ཞིག་རང་དང་བཅས་པའི་སྤྱི་ཚོགས་ཡར་སྐྱེད་ལ་སྒྱིད་ལུག་པར་གྱུར་ཏེ། འཇིག་རྟེན་དོན་གཉེར་གི་བྱ་བ་ལ་མོས་སྤྲོ་མེད་པའི་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཆོས་མིན་སྲིད་མིན་དང་།སྐྱ་མིན་སེར་མིན་གྱི་ངང་ནས་གསེར་དང་འདྲ་བའི་དུས་ཚོད་དང་གོ་སྐབས་གང་མང་མང་ཞིག་འཕྲོ་བརླག་ཏུ་ཤོར་བས། ད་ལྟའི་ཆར་གཞན་ལ་འགྲམ་ཆུ་ལྡང་བ་དང་འོག་ཏུ་ཁྱི་ཕག་བཞིན་ཉལ་དགོས་པ་འདི་ལ་གཏུགས་པ་རེད་ཟེར། བཤད་ཚུལ་དེ་དག་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། འཛམ་གླིང་གི་རྒྱལ་ཁབ་གང་མང་མང་ཞིག་དང་ཡུལ་གྲུ་དུ་མ་ཞིག་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་འཕངས་ན། གནའ་ནས་ད་ལྟའི་བར་ནང་ཆོས་དང་། ནང་ཆོས་མ་ཡིན་པའི་རང་རང་གི་ཆོས་ལུགས་དེ་དང་དེ་ལ་དད་མོས་དང་དགའ་ཞེན། ཡང་ན་ཉམས་ལེན་བྱེད་པའི་ཞར་དང་ཞོར་ལ་ཆབ་དཔལ་རིག་གསུམ་གི་ཕྱོགས་གང་ཡིན་ཡང་ཡར་རྒྱས་སྔོན་ཐོན་ཅན་དུ་གྱུར་བ་ནི་ཤིན་ཏུ་མང་བོ་ཞིག་ཡོད་ལ། ཆོས་ལུགས་མེད་པའི་ས་ཆ་དང་ཡུལ་གྲུ་ག་གེ་མོ་དག་ན་ཡར་རྒྱས་ཅི་ཡང་མ་བྱུང་བར། ནགས་ཀྱི་བས་མཐའ་ན་རི་དྭགས་ལས་ཅུང་ལྷག་པའི་འཚོ་བ་སྐྱེལ་ནས་འདུག་པ་གང་མང་ཞིག་ད་ལྟའི་དུས་སུ་ཡང་མཐོང་བཞིན་པ་རེད་མོད། དེ་དག་ལ་ཆོས་ལུགས་ཡོད་མེད་ཀྱིས་ཅི་ཡང་བྱས་པ་མ་རེད། གཞན་ཡང་ཀུན་ལ་ཐུན་མོང་དུ་གསལ་བ་མངའ་ཐང་དར་བའི་རྩེ་མོར་ཕྱིན་པ་ཆོས་རྒྱལ་མྱ་ངན་མེད་དང་། ཧོར་ཇིང་གུར་རྒྱལ་བོ་སོགས་ཀྱང་དར་བ་ནས་རྒུད་པ་དང་། རྒུད་པ་ནས་མེད་པར་གྱུར་སོང་བ་ཞིག་རེད་འདུག་ཀྱང་། ཆོས་ལུགས་ག་གེ་མོ་ཞིག་ལ་ཡིད་ཆེས་བྱས་མ་བྱས་དང་། ཉམས་ལེན་བྱས་མ་བྱས་ཀྱི་ཉེས་པ་ཞིག་གིས་མཐར་སྟོང་སོང་བ་ཞིག་མ་རེད། 

   གཞན་ཡང་ལོ་ངོ་སུམ་བརྒྱའི་ཡར་སྔོན་དུ་སྟོབས་ཀྱི་དཔུང་ཤུགས་གཅིག་གིས་རྒྱ་ནག་གིས་མཚོན་པའི་ས་ཆེན་པོ་ལ་དབང་བསྒྱུར་བའི་མན་ཇུའི་རྒྱལ་རབས་ཀྱང་། རང་གི་མི་རིགས་དག་ག་ལེར་ག་ལེར་མི་རིགས་གཞན་གྱི་ཁོངས་སུ་ཆུ་ལ་ཆུ་བཞག་པ་བཞིན་ཐིམ་ནས་གྲག་འགུལ་ཅི་ཡང་མེད་པ་ཞིག་ཏུ་གྱུར་སོང་མོད། འདི་དག་ལ་ཡང་ནང་ཆོས་ལྟ་བུ་ཞིག་གིས་གནོད་སྐྱོན་བཟོས་ནས་མ་འགྲིག་པར་བྱས་པ་ཞིག་མ་རེད། ད་དུང་དེ་ལས་ལྡོག་སྟེ། སྲོལ་རྒྱུན་གྱི་རིག་གནས་ནང་ཆོས་ལྟ་བུའི་ཆོས་ལུགས་ཀྱི་ལྟ་བ་འདི་དག་གིས་ནི།རྒྱལ་ཁབ་དང་ཡུལ་གྲུ་དུ་མའི་ས་ཆར་རང་རང་གི་མང་ཚོགས་ལ་དགའ་ཞེན་དང་། དད་མོས་ཀྱི་བསམ་པ་གཅིག་མཐུན་བྱུང་བས། ཕན་ཚུན་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བྱེད་ལས་དང་ལྡན་པ་དང་། ཉམས་ན་ཕངས་སེམས་སྐྱེ་དགོས་པའི་སྲོལ་རྒྱུན་རིག་གནས་གང་མང་མང་ཞིག་གི་སྲོག་རྩ་མཐུད་ནས་ད་ལྟའི་བར་རྒྱུན་མ་ཆད་པར་ཡོད་པ་འདི་དག་རེད། ལྷག་པར་དུ་ནང་བ་སངས་རྒྱས་པའི་ཆོས་ལུགས་འདི་ནི་སེམས་ཀྱི་སྟེང་ནས་མི་བུ་རང་རང་དང་། ཁྱིམ་ཚང་དང་སྡེ་བ་ནས་བཟུང་སྟེ་རྒྱལ་ཁབ་སོ་སོའི་བར།འཛམ་གླིང་འདིའི་སྲོག་ཆགས་ཡོད་དོ་ཅོག་ལ་ཞི་བདེ་སྐྲུན་བྱེད་ཀྱི་ཐབས་མཆོག་བླ་ན་མ་མཆིས་པ་ཞིག་ཡིན་པ་ནི་དཔེ་ལུང་རིགས་པ་དང་། མངོན་སུམ་གང་གི་སྒོ་ནས་ཀྱང་གཞལ་ཐུབ་པ་ཞིག་ཡིན་པ་མཐུན་གྲུབ་རེད། དེས་ན་མི་ཡུལ་འདིར་ལོ་དང་ཟླ་བའི་ཁུགས་སོ་ཅི་ཙམ་ཞིག་བརྗེས་ཏེ་འཁོར་ན་ཡང་། ཉམས་པ་མེད་པའི་གཟི་བརྗིད་དང་། ངོ་མཚར་བའི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རིག་གནས་འདི་དག་ལས་བྱུང་བའི་བྱས་རྗེས་ལ་བསྟོད་བསྔགས་དང་ཡི་རང་མི་བྱེད་པའི་སྐྱེ་བོ་སེམས་ལྡན་ཞིག་འཇིག་རྟེན་ཁམས་འདིར་ཡོད་མི་སྲིད། རང་རེའི་སྒང་བ་བོད་པའི་མི་རིགས་འདི་ལྟ་བུ་ལ་མཚོན་ནའང་འདས་པ་དང་། མ་འོངས་པ། ད་ལྟ་གང་ཞིག་གི་སྐབས་སུ་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པའི་ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་གྲུབ་མཐའ་དང་།ཆོས་ལུགས་འདི་ཉིད་དང་ཆུ་ལ་རླན་དང་མེ་ལ་དྲོད་བཞིན་དུ་འབྲལ་མེད་གཅིག་གྲོགས་སུ་གཅིག་དང་། ཐབས་དང་ཐབས་བྱུང་དུ་གྱུར་བའི་སྲོལ་རྒྱུན་གྱི་རིག་གནས་ལྷག་མ་རྣམས་དང་བཅས་པའི་བཀའ་དྲིན་ལ་བསྟེན་ནས། དེང་གི་ཆར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་བོ་ན་བོད་དང་བོད་ཀྱི་རིག་གནས་ཞེས་རྒྱལ་མཚན་གྱི་ཏོག་ལྟར་ངོམ་ཆོག་ཆོག་ཏུ་ཡོད་པ་འདི་དག་བྱུང་བ་ཡིན་ལ།སྙན་པའི་གྲགས་པ་འབྲུག་སྟོང་བཞིན་ལྡིར་བའི་མི་སྣ་གྲགས་ཅན་བྱུང་དང་འབྱུང་མུས་སུ་ཡོད་པ་དང་།འཛམ་གླིང་གི་སེམས་ཀྱི་ཞི་བདེའི་ལམ་སྟོན་གྱི་སློབ་དཔོན་རྣམས་ཀྱི་ནང་ནས་ཨང་དང་བོའི་མཚན་སྙན་བཞེས་ཏེ་བཞུགས་པའི་བོད་མི་རྩམ་ཟན་ཡང་བྱུང་ཡོད་པ་མངོན་སུམ་ཚད་གྲུབ་རེད།འདི་དག་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། ཆོས་ལུགས་དེ་ཉིད་ཀྱིས་བཟུང་བའི་ཕ་མེས་སྔ་རབས་ཀྱིས་བཞག་པའི་སྲོལ་རྒྱུན་རིག་གནས་ཀྱི་བཀའ་དྲིན་ལ་བསྟེན་ནས་བྱུང་བ་ལས།དེང་རབས་ཀྱི་རིག་གནས་ག་གེ་མོ་ཞིག་དང་ཚན་རིག་ག་གེ་མོ་ཞིག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སུ་ཞིག་སེམས། དེས་ན་ཕྱི་ཕྱོགས་ཀྱི་མི་རིགས་མི་གཅིག་པ་དང་། སྐད་ལུགས་མི་གཅིག་པ་གང་མང་མང་ཞིག་གིས་ཁྱད་ནོར་དུ་བརྩི་ཞིང་། ངོ་མཚར་ཆེན་པོ་བྱེད་པའི་བོད་ཀྱི་སྲོལ་རྒྱུན་ནང་བསྟན་རིག་པའི་ཐུན་མིན་གྱི་ཁྱད་ཆོས་བཟང་བོ་རྣམས་དང་།དེ་ཉིད་ཀྱི་རྩི་དང་འབྲལ་མེད་དུ་ཆགས་པའི་བོད་ལུགས་ཀྱི་སྲོལ་རྒྱུན་རིག་གནས་ཁྱད་པར་བ་རྣམས།ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་དུ་བཏང་ནས། བོད་པ་རང་གིས་དམ་འཛིན་བྱེད་ཐུབ་པ་ཞིག་མ་བྱུང་བར། གཞན་གྱི་ས་ནས་རང་གི་རིག་གནས་རྩད་གཅོད་དགོས་པ་ཞིག་བྱུང་ཚེ། དེ་ལས་ངོ་ཚ་བ་དང་། ཡིད་ཕམ་པ་ཞིག་འབྱུང་ཚུལ་མེད་པས། བོད་ཀྱི་ཁྲག་རྒྱུན་རྩ་ལམ་དུ་རྒྱུ་བའི་སྤུན་ཟླ་སེར་སྐྱ་སུ་ཞིག་ལ་ཡང་འགན་འཁྲི་འདི་ཡོད་ངེས་ཞིག་རེད་སྙམ། གནད་དོན་འདི་རིགས་ནི་སོ་སོ་ལ་དད་པ་ཟབ་མོ་ཡོད་མེད་ཅིག་དང་། དད་པ་ངེས་པར་དུ་འཇོག་དགོས་མིན་གྱིས་མིན་ལ། ཡུལ་དངོས་པོ་བཟང་ངན་དང་བཤད་ལུགས་འགྲོ་ལུགས་གཞན་དང་བསྟུན་དགོས་མིན་ལ་ལྟོས་པ་མེད་པར། རང་རང་གི་ཡུལ་དུ་ཕ་མེས་སྔ་རབས་ནས་བརྒྱུད་དེ་འོངས་པའི་ནང་སེམས་ཀྱི་དཔལ་ཡོན་སླད་མེད་གཞུང་དྲང་དང་། ཡ་རབས་གཤིས་སྤྱོད། ཕྱི་དངོས་པོའི་དཔལ་ཡོན་རོང་འབྲོག་གི་འཚོ་བའི་སོ་ཚིས་དང་། དགོན་སྡེ་སོ་སོའི་བཤད་སྒྲུབ་འཁོར་ལོ་གསུམ་གི་ཆོས་སྤྱོད་ཀྱི་རིམ་པ་དང་། རང་རང་གི་ས་ཆ་ན་ཡོད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་བཅས་པ་ཐབས་ཅི་ཡོད་དང་།ནུས་པ་གང་འགྲིག་ཅིག་གིས་བདག་སྐྱོང་དང་དོ་དམ་བཟང་བོ་ཞིག་བྱས་ན་ཕུན་སུམ་ཚོགས་པ་དང་ངོ་སོ་ཆེ་བ་ཞིག་འབྱུང་བ་ལས། སྐྱོན་བརྗོད་པ་དང་གཏོར་བཤིག་གཏོང་བ་ནི་རྣམ་པ་ཐམས་ཅད་དུ་རུང་བ་མ་ཡིན་ནོ་ཞེས་འོ་དོད་ཀྱི་སྒོ་ནས་གསོལ་བ་འདེབས་པ་ལགས། བདག་གི་གཏམ་བཤད་ཀྱི་མཚམས་འདི་ནས་བཞག་པ་ཡིན། རྣམ་པ་ལྷན་རྒྱས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་བ་ལགས། ༢༠༡༤  ༧  ༡༠ཉིན།

འཕྲིན་གཏོང་བ། ཁྲི་གཤོག་སྙེ་མ། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497033
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།