དགེ་རྒན་དུས་ཆེན་བསུ་བའི་ལེགས་སྐྱེས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »དགེ་རྒན་དུས་ཆེན་བསུ་བའི་ལེགས་སྐྱེས།
དགེ་རྒན་དུས་ཆེན་བསུ་བའི་ལེགས་སྐྱེས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-09-10ལྟ་ཀློག (5172)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་རྒན་དུས་ཆེན་བསུ་བའི་ལེགས་སྐྱེས།

སྐབས་སོ་གཅིག་པའི་དགེ་རྒན་དུས་ཆེན་ལ་ངེད་དྲ་ཚིགས་རྩོམ་སྒྲིག་པས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་ཆེད་བཀོད།

 

ཉི་ཟླ་ཁ་སྤྲོད་ལྟ་བུའི་སྐྱེས་ཆེན་ཞིག
 དགེ་རྒན་དུས་ཆེན་ལ་ཕུལ་བ། 
རྟ་ནག་ལུང་རིགས།
 གསེར་གྱི་རི་བོ་ལྟ་བུའི་སྐྱེས་ཆེན་ཞིག།
ཟླ་ཉི་ཁ་སྤྲོད་ལྟ་བུའི་སྐྱེས་ཆེན་ཞིག།
ལྷུན་པོ་ཁྱུང་ཆེན་འདྲ་བའི་འདབས་ན་བཞུགས།།
ཆུ་མོ་གཡུ་འབྲུག་འདྲ་བའི་ཁུགས་ན་བཞུགས།།

སྲབ་མེད་སེང་གེ་གངས་ནས་མཆོངས་པ་དང་།།
མཐུར་མེད་རྒྱ་སྟག་ནགས་ནས་རྒྱུ་བ་སྟེ།།
ནག་པོའི་དཔུང་གིས་མི་ཐུབ་སྐྱེས་བུ་ཞིག།
རི་ཆེན་རྩེ་མོ་འཛིངས་པའི་ཁེའུ་ན་བཞུགས།།

དེ་ནི་གངས་རི་འདེགས་པའི་ཀ་བ་སྟེ།།
གངས་ཀྱི་སྲོག་སྙིང་ཟེར་ན་འདི་བ་ཡིན།།
སྦྲ་ནག་ཆོན་ཐག་ཟེར་ནའང་འདི་བ་ཡིན།།
འདི་བ་ཁྲབ་ལྡན་གནམ་ལྕགས་འཁོར་ལོ་ཡིན།།

དབུ་ལ་སེ་མདའ་ལྷུང་བའི་དྲང་སྲོང་ཁོང་།།
གཉེར་མའི་རི་མོ་བབ་པའི་དགེ་སྦྱོང་ཁོང་།།
ཁོང་ནི་གསེར་ནག་ཉི་མའི་འཁོར་ལོ་ཡིན།།
འཛམ་གླིང་གཡས་དང་གཡོན་ལ་སྐོར་བཞིན་ཡོད།།

ཁོང་གིས་བྲིས་པའི་དེབ་ཐེར་གསེར་མདོག་མ།།
གངས་ལ་འོད་ཟེར་བཙུགས་པའི་ཟིན་ཐོ་ཡིན།།
ཁོང་གིས་གླེང་བའི་གཏམ་རྒྱུད་སྐྱ་མདོག་མ།།
ཁ་བའི་ལས་དབང་ཤར་བའི་མེ་ལོང་ལགས།།

ཁོང་གི་སྤྱན་ཤེལ་ངོས་ཀྱི་ཡིག་འབྲུ་དག།
ཁ་བའི་དར་རྒུད་བཀླགས་པའི་ལོ་རྒྱུས་ཡིན།།
ཁོང་གི་རྒས་གཉེར་གསེབ་ཀྱི་གཏམ་རྒྱུད་དག།
ཁ་བའི་ལས་དབང་སྒོམ་པའི་བཤུལ་ལམ་ཡིན།།

འདི་ན་རྭ་རྒྱའི་གཞུང་གི་ས་མར་ལས།།
གསེར་དང་དབྱིག་སོགས་ཅི་ཡང་མ་མཆིས་མོད།།
ཕྱོགས་དང་ཕྱོགས་ཀྱི་སློབ་བུ་སྟོང་ཕྲག་འགའ།།
འདི་ཡི་སྒོ་དང་སྒེའུ་ཁུང་སྙེག་བཞིན་འོང་།།

ད་ནི་ཅི་ཡང་སྨྲ་བར་མི་ནུས་ཏེ།།
ཁོང་གི་མཛད་འཕྲིན་མཁའ་དང་མཉམ་ནས་ཡོད།།
ཁོང་གི་སྐུ་ཚེ་རྒྱལ་མཚན་བརྟན་པ་དགོས།།
ཁོང་གི་རྣམ་ཐར་གསེར་གྱིས་བྲིས་པ་དགོས།།

༢༠༡༥ལོའི་སྤྱི་ཟླ༩ཚེས༧གྱི་མཚན་མོར་རྭ་རྒྱ་རུ་སྦྱར།

 

༩    ༡༠ ཉིན་ལ།                       
          ------དགེ་རྒན་དུས་ཆེན་ལ།

དགའ་ཕ་ལམ། ༼མཛོད་དགེ ༽
 ད་ནངས་སྔ་མོར།
ཕ་གིའི་རི་རྩེ་རུ་བམ་མཐུག་པའི་ཁ་བ་ཞིག་བཞག་ཡོད་པ་བཞིན།
བྱིས་པ་ཚོའི་འབྲི་ཤོག་གི་སྟེང་དུ་དགེ་རྒན་ཟེར་བའི་ཡིག་འབྲུ་ཆེན་པོ་ཞིག་བབ་འདུག
བདག་གི་སེམས་ལའང་འབོར་མི་ཐུབ་པའི་ཐ་སྙད་གཉིས་འབྱར་བྱུང་།
གཅིག་ནི་བཛྲ་དང་གཅིག་ཤོས་ནི་ལྡོང་རེད།
ཡུད་ཙམ་ན།   ཡིག་འབྲུ་དང་ཐ་སྙད་མ་ལུས་འོད་ཀྱི་གོང་བུ་ཞིག་ཏུ་གྱུར་ནས།
ཐག་རིང་གི་གནམ་སའི་འདྲེས་མདོ་ནས་མི་སྣང་བར་གྱུར།
བདག་གིས།  དེ་ནི་འོད་ཀྱི་ཞིང་ཁམས་ཡིན་པར་བསྙད་བཏགས་ནས་བློ་མ་བདེ།
 ཉིན་གུང་ལ།
བར་སྣང་དུ་སྤྲིན་པ་མཐེབ་མོ་ཙམ་ཞིག་གཡོ་བ་བཞིན།
ན་གཞོན་ཚོའི་ཡིད་སྲུབས་སུ་དགེ་རྒན་ཟེར་བའི་ཡུལ་ལྗོངས་གསོན་པོ་ཞིག་ལུས་ཡོད།
བདག་གི་མིག་ལའང་ནམ་ཡང་རྒས་རྒྱུ་མེད་པའི་མེ་ཏོག་གཉིས་འཁོར་བྱུང་།
གཅིག་ནི་བཛྲ་དང་གཅིག་ཤོས་ནི་ལྡོང་རེད།
ཡུད་ཙམ་ན།  དེ་དག་དུས་ཚིགས་ཀྱི་ཆོས་ཉིད་ལ་གོམས་པའི་མེ་ཏོག་གི་ཚོམ་བུ་ཞིག་ཏུ་སྦྲུལ་ནས།
ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་འཐོར་འགོ་བརྩམས།
བདག་གིས།  འདི་ནི་འཇིག་རྟེན་གྱི་གནས་ལུགས་ཡིན་པར་བློ་འཁེ་ནས་གཉིད་མ་ཡོང་།
  ས་སྲོད་ལ།
མཚམས་སྤྲིན་གྱི་ཕྱིར་མིག་བཤུལ་ནས་དོར་བ་བཞིན།
མིའི་རིགས་ཀྱི་སེམས་ངོ་ན་དགེ་རྒན་ཟེར་བའི་ནམ་མཁའ་ཡངས་པོ་ཞིག་ལྷགས་འདུག
བདག་གི་ལུས་ལའང་རྒྱུན་པར་བསུབ་མི་ཐུབ་པའི་ཉི་ཟླ་ཆ་འགྲིག་ཅིག་ཤར་ཡོང་།
གཅིག་ནི་བཛྲ་དང་གཅིག་ཤོས་ནི་ལྡོང་རེད།
ཡུད་ཙམ་ན།  དེ་དག་དགུང་ཁའི་ལོག་མལ་སྙེག་པའི་བྱ་ཁྱུ་ཞིག་ཏུ་སྦྲུམ་ནས།
བར་སྣང་ནས་ལྡིང་སྐོར་ལན་གསུམ་རྒྱག་ཞོར་གཅིག་རྗེས་གཉིས་མཐུད་ངང་འཕུར།
བདག་གིས།  དེ་ནི་རྟེན་འབྲེལ་གྱི་ཆ་ལ་ཐེ་ཚོམ་ནས་མགོ་རྨོངས་བྱུང་།


མཆོད་བསྟོད་མེ་ཏོག་ཆུན་པོའི་རང་མདངས།
                 རལ་གྲི།  ཤེས་རིག་གླིང་། 
དཔོན་པོ་ཞིག་གི་གོ་ས་མེད་པར་མཚན་གྱི་འབྲུག་སྒྲ་ཕྱོགས་སུ་ལྡིར།། 
བླ་མ་ཞིག་གི་ཆོ་ལོ་མེད་ཀྱང་གདུལ་བྱའི་མཛད་འཕྲིན་མཚོ་བཞིན་རྒྱས།། 
ངན་ངོན་འཚོ་བའི་ཁ་དོག་གྱོན་ཞིང་རྟག་ཏུ་གཞན་དོན་ཁུར་ལེན་པའི།། 
དགེ་སྦྱོང་ཞིག་གི་རྣམ་པར་རོལ་བའི་སངས་རྒྱས་སྲས་ཚོའི་ཞབས་བརྟན་ཤོག ། 

འཇིགས་མེད་སྤོབས་པའི་གདེངས་དབྱངས་མཐོན་པོས་རིགས་ཞེན་དམར་བོའི་རྒྱལ་མཚན་སྒྲེང་།།
ཚུལ་ཁྲིམས་འོད་ཀྱི་སྨོན་ལམ་དཀར་བོ་ཡོན་ཏན་རྒྱ་མཚོའི་ངོས་ན་གསལ།།
བདག་སེམས་པད་མའི་གདན་དུ་བཞུགས་ཤིང་འགྲོ་དོན་འགྲུབ་ལ་ཐུགས་བསྐྱེད་པའི།། 
སྐྱེ་བོ་ཕལ་བའི་ངང་ཚུལ་མཛད་པའི་སེམས་དཔའ་རྣམས་ཀྱི་ཞབས་བརྟན་ཤོག ། 

འཁོར་བའི་མུན་པ་ཅིག་ཅར་འཐིབ་དུས་ཆོས་ཉིད་མཐོང་བའི་མིག་སྤྲད་ཅིང་།། 
བསམ་བློ་ངན་པའི་ཁ་ཆར་འཚུབ་དུས་བླང་དོར་འབྱེད་མཁས་བློ་གནང་ལ།། 
འགྲོ་ཀུན་རེས་མེད་བུ་གཅིག་ལྟར་བརྩེ་སྙིང་རྗེ་ཆེན་པོས་ཡོངས་བཟུང་བའི།། 
སྐྱ་སེར་ཕོ་མོའི་ཚུལ་དུ་བཞུགས་པའི་རྩ་བའི་བླ་མའི་ཞབས་བརྟན་ཤོག ། 

བླ་མའི་བཀའ་དྲིན་སྤང་ལ་བཏབ་ན་ལྕུག་ལྕུག་ལྡེམ་པའི་མེ་ཏོག་ཡིན།། 
བླ་མའི་བཀའ་དྲིན་མཁའ་ལ་འཕངས་ན་ཉི་ཟླ་ཟུང་གི་འོད་རླབས་ཡིན།། 
བླ་མའི་བཀའ་དྲིན་སྙིང་ཁར་སྦྱར་ན་རྫོགས་མེད་འཇལ་དཀའི་བུ་ལོན་ཡིན།། 
བླ་མའི་བཀའ་དྲིན་དྲིན་ཏུ་རྟོགས་པས་རྩ་བའི་བླ་མའི་ཞབས་བརྟན་ཤོག །  

  གངས་རིའི་དཔའ་བོ།
སྒང་བ་འདན་བུ།  ཤེས་རིག་གླིང་། 
ཕྲག་དོག་ཚིག་གི་མེ་ལྕེས་གཞོམ་པར་མི་ནུས་ཤིང་།།
འཁྲལ་འཁྲུལ་གཡོ་སྒྱུའི་གར་གྱིས་བསླུ་བར་མི་སྲིད་པས།།
བདེན་པའི་རང་ཞལ་མཐོང་བའི་འདྲེན་བྱེད་གནང་བ་བོ།།
འཛམ་གླིང་འོད་ཀྱིས་བཏུམས་པའི་ཉིན་བྱེད་ཁྱེད་ལས་སུ།།

དབང་ཆེན་དཔོན་གྱི་ཞལ་མདངས་མིག་གིས་མི་འཚོ་ཞིང་།།
རྒྱུ་ཆེན་ཕྱུག་པོའི་སྒོར་ལ་སྲེད་པ་མི་སྐྱེ་བའི།།
རིག་པའི་བུ་སློབ་ཚོགས་ལ་མདུན་ལམ་སྟོན་པ་བོ།།
ཡུལ་ཁམས་རིག་པས་བསྐོར་བའི་དཔའ་བོ་ཁྱེད་ལས་སུ།།

འཁྲུལ་བའི་ལོག་རྟོགས་ཚིག་གིས་ཀླན་ཀ་མི་འཚོལ་ཞིང་།།
མ་དག་གཞུང་གིས་དུས་ཚོད་སྒྱང་ཐབས་མི་བྱེད་པའི།།
མ་འོངས་གངས་ཀྱི་རིགས་འདིའི་རྒྱུད་འཛིན་སྐྱོང་བ་བོ།།
ས་སྟེང་རྐང་གཉིས་མི་ཡི་དེད་དཔོན་ཁྱེད་ལས་སུ།།

ལྷག་བསམ་གངས་ཀྱི་ངོ་བོ་རྡུལ་གྱིས་མ་གོས་ཤིང་།།
སྙིང་རྗེའི་ཐུགས་ཀྱི་དགེ་རྩ་དྲི་མས་མ་ནོགས་པའི།།
ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་སྩོལ་བ་བོ།།
གང་དེ་བཤེས་གཉེན་རྣམས་ཀྱི་མཛད་འཕྲིན་རྒྱས་གྱུར་ཅིག།

སྤྱི་ཕན་བསམ་བློའི་སྙིང་སྟོབས་གྲི་ཡིས་མ་བསྣུན་པར།།
ཞུམ་མེད་སྤོབས་པའི་གད་རྒྱངས་མཐོ་རུ་བསྒྲགས་པ་ཡིས།།
མ་རིག་རྨོངས་བའི་མུན་ཚོགས་མ་ལུས་འཇོམས་པ་བོ།།
སློབ་དཔོན་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པར་མཛོད།།

 

   དགེ་རྒན་དུས་ཆེན་བསུ་བའི་ལེགས་སྐྱེས།
                     གཙང་རབ་བརྟན་རྒྱ་མཚོ།
བཀྲ་ཤིས་བྱམས་བརྩེ་འོད་ཀྱི་ཟེགས་མ་འབུམ།།
བཀྲ་ཤིས་སློབ་གླིང་མཁའ་རུ་རྣམ་པར་འཚེར།།
བཀྲ་ཤིས་ལྔ་རིག་སྨྲ་བའི་དབང་ཕྱུག་མཆོག།
བཀྲ་ཤིས་བཤེས་གཉེན་རྣམ་གསུམ་རྒྱལ་གྱུར་ཅིག།

བདེ་གཤེགས་ཀུན་གྱི་ལུང་གིས་བསྔགས་པའི་ཞིང་།།
བདེ་དགའི་འོ་མཚོ་མཁའ་རུ་འཕྱོ་བའི་གནས།།
བདེ་སྐྱིད་ཐོབ་པའི་རྨ་ཁུག་གཉིས་པ་རུ།།
བདེ་ཆེན་མ་ཡུམ་སློབ་གླིང་རྒྱལ་གྱུར་ཅིག།

ལེགས་མཛེས་པདྨའི་སྐྱེད་ཚལ་ཡངས་པོ་རུ།།
ལེགས་བཤད་ཟེའུ་འབྲུར་རོལ་བའི་རྐང་དྲུག་ཚོགས།།
ལེགས་ཉེས་མུན་པའི་གཡུལ་ལས་རྒྱལ་བའི་དཔུང་།།
ལེགས་ལྡན་སློབ་བུ་རྣམ་པ་རྒྱལ་གྱུར་ཅིག།

ལྗོན་པ།
 གཟི་མིག་གསུམ་པ།
 སྡོང་ཕྲུག་ཅིག
ས་ལ་བཙུགས་ཏེ་དྲོད་གཤེར་གྱིས་བསྐྱངས།
དེ་ནས་ལོ་འདབ་རྒྱས།
དེ་ནས་གྲིབ་བསིལ་གྱིས་བྱིའུ་ཚོགས་ཤིག་ལ་བརྩེ་བ་སྦྱིན།
དེ་ནས་སྡོང་བོ་དེ་རྒས་སོང་།
དེ་ནས།  དེ་ནས།

 

༄༅།། གསོལ་འདེབས།

ཐུགས་བསྐྱེད་རྒྱ་མཚོ་ནུས་པ་རྒྱ་མཚོའི་གཏེར།།
མཛད་པ་རྒྱ་མཚོ་སྙིང་རྗེ་རྒྱ་མཚོའི་མགོན།།
 བྱིན་རླབས་རྒྱ་མཚོ་འཇུག་པ་རྒྱ་མཚོའི་གཉེན།།
 ཡོན་ཏན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཞེས་སློབ་འབངས་འབུམ་གྱི་གྲལ་མཐའ་བ་འབའ་སྣང་གྲོལ་གྱིས་དགེ་རྒན་རྣམས་ཀྱི་སྐུ་དྲིན་ཡིད་ལ་འཁོར་ཏེ་ཕྱིར་མི་ལྡོག་པའི་དད་པའི་ཤུགས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལགས་སོ།། 

 གཟི་བྱིན་གྱི་བདག་པོ། 
   --སྒ་གངས་བུ་རིགས་ཞེན།
 
དགེ་རྒན་ལགས།    རིན་པོ་ཆེ།
ཁྱེད་ཚོ་ནི།   ཤེས་རིག་གི་འོད་སྣང་
སྒྲོན་པའི་སློབ་གླིང་འདིའི་མར་མེ་འབུམ་གཅིག


 ཁྱེད་ཚོ་ནི།  བཙན་པོའི་གདུང་རྒྱུད་
ཀྱི་མཚན་སྙན་སྒྲེང་བའི་བོད་ཡུལ་གྱི་རུ་དཔུང་ཁག་ཅིག


 ཁྱེད་ཚོ་ནི།  རླབས་ཆེན་མི་རིགས་
ཀྱི་བདེན་དོན་སྐྱོང་བའི་འཛམ་
གླིང་གི་དཔའ་རྒོད་ཁྱུ་གཅིག

ཁྱེད་ཚོ་ནི།  ཡོད་ཚད་དག་ཞིང་དུ་
འཁྲིད་པའི་མིའི་རིགས་ཀྱི་དེད་དཔོན་ཉག་གཅིག

ཁྱེད་ཚོ་ནི།   ཆོས་སྲིད་རིག་གནས་
ཀྱི་མངའ་ཐང་རྒྱས་པའི་འཇིག་རྟེན་
འདིའི་ཕྱུག་པོ་ཕྱོགས་གཅིག 

ཁྱེད་ཚོ་ནི། རྒྱ་རབས་ལོ་རྒྱུས་ཀྱི་
རིན་ཐང་བྲལ་བའི་ཡིག་ཚང་གི་ནོར་བུ་ཆ་གཅིག

མདོར་ན།  
ཁྱེད་ཚོ་ནི། མཛད་པ་འཕྲིན་ལས་
ཀྱི་གཟི་བྱིན་འབར་བའི་མི་ཡུལ་གྱི་མཛེས་སྡུག་ངོ་མ།

མདོར་ན།  
ཁྱེད་ཚོ་ནི།  གནམ་སྔོན་པོའི་མཐོངས་འོག་ན།  

ས་ཆེན་པོའི་ཡང་སྟེང་ན།  གཏན་ཏུ་ནུབ་མི་
སྲིད་པའི་ཉི་མ་སེར་བོ་ཡིན།   
    ༩࿆/༡࿆༠࿆

 

བདག་གི་སྤྱི་གཙུག་ན་འོད་དུ་འཚེར་བའི་སློབ་དཔོན་རྣམ་གསུམ།        

  _____སྨན.དམིགས་བུས
དུང་བའི་ལྷག་བསམ་གངས་ལ་ཕོག་པས་གངས་ཀྱི་གཟི་བྱིན་མཁའ་ལ་ཁྱབ།།
བརྩེ་བའི་ཉི་འོད་ས་ལ་འཕྲོས་པས་མུན་པའི་སྣང་བ་གཞི་ནས་འཇགས།།
ཕུགས་བསམ་བཞུར་རྒྱུན་རིང་དུ་འཐེན་པའི་རེ་འབྲས་སྟོང་གི་མེ་ཏོག་བཞད།།
རྣམ་དཔྱོད་གློག་གི་གར་སྟབས་བར་ནས་གསར་གཏོད་གསེར་གྱི་གཏེར་ཁ་རྙེད།།

ཤེས་རིག་ནོར་བུའི་བང་མཛོད་ཁྲོད་ནས་གནས་ལྔ་རིག་པའི་འབྲུ་དྲུག་འཁྲུངས།།
སྣ་ཚོགས་རིག་པའི་བགྲོ་གླེང་ཁྲོད་ནས་བདེན་གཏམ་སྟོང་གི་གནས་ལུགས་བརྗོད།།
མི་རིགས་ཤིག་གི་བདེ་སྡུག་བསྒོམ་བཞིན་ཤེས་རིག་འོད་ཀྱི་ལམ་ལ་སྙེག།
ལྷད་མེད་ཟུངས་ཁྲག་གངས་ལ་ཕུལ་བའི་བདག་གི་བཤེས་ཁྱེད་གཙུག་གིས་མཆོད།།


  མ་ཡུམ་སློབ་གྲྭའི་མཛེས་སྡུག་ངོགས་ནས་ལང་ཚོ་གསར་བའི་སྨྱུ་གུ་འབུས།།
འདུས་པའི་ལོ་ཟླའི་བསྒྱུད་ལམ་རེ་ན་བརྩེ་ཆང་མངར་མོའི་བྲོ་བ་འཁྱིལ།།
ད་ལྟའི་འཚོ་བའི་ལམ་ཡིག་དེའང་ཁྱེད་ཀྱིས་སྐྲུན་པའི་སེམས་ཤུགས་ཡིན།།
འབྱུང་འགྱུར་འོད་ཀྱི་ཁ་དོག་བསྩལ་བ་བརྗེད་མེད་སེམས་ཀྱི་དྲན་རྟེན་ལགས།།
     དགེ་རྒན་དུས་ཆེན་གྱི་ཉིན་མོ་འདིར་ངས་སེམས་ཁུང་རུས་པའི་གཏིང་ནས་བོད་གངས་རིའི་ལྗོངས་ལ་ལྷག་བསམ་གྱི་གཤོག་རུ་རྒྱོང་མཁན་ཉམ་ཐག་སློབ་བུ་མང་པོ་མུན་སེལ་གྱི་སྒྲོན་མེ་སྤར་མཁན་གངས་ལྗོངས་མ་ཡུམ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་དམ་པ་རྣམས་དབུ་མཛད་པའི་འཛམ་བུ་གླིང་གི་སེམས་པ་ལྷག་བསམ་གྱིས་ཁེངས་ཤིང་ཤེས་རིག་ཡོན་ཏན་གྱིས་ཕྱུག་པའི་དགེ་རྒན་ཡོངས་ཀྱི་སྐུ་ཚེ་རྒྱལ་མཚན་བརྟན་ཞིང་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པ་།བསམ་དོན་ལྷུན་འགྲུབ་དང་ཅི་མཛད་ཆོས་སུ་འགྲོ་བའི་སྨོན་ལམ་ལན་བརྒྱར་འདེབས།

 མུན་སེལ་སྒྲོན་མེ།
     རུ་སྔུན་བློ་བཟང་འཕགས་པ། 
  རྭ་བ་གངས་ཀྱིས་བསྐོར་བའི་བསིལ་ལྗོངས་ན།།
བློ་ལྡན་གངས་ཕྲུག་མང་བོས་མཐའ་ནས་བསྐོར།།
བཅུ་ཕྲག་རིག་པའི་གནས་ཀྱི་བང་མཛོད་གཏེར།།
རིས་མེད་གང་ལ་སྩོལ་མཁན་མགོན་ཁྱོད་ལགས།།

བཀའ་དྲིན་སྙིང་ནས་དྲན་པའི་གདུང་བ་ཡིས།།
ལོ་ཡི་ཁོར་མོ་གཅིག་གི་དུས་བཟང་འདིར།།
གོ་ལ་ཟླུམ་པོའི་བཤེས་གཉེན་མཐའ་དག་ལ།།
གུས་སྦྱོར་བཟང་བོས་རྟེན་འབྲེལ་ལན་བརྒྱར་ཞུ།།

སྐུ་ཚེ་བསྐལ་བརྒྱར་མི་ནུབ་བརྟན་པ་དང་།།
གསུང་གི་ལང་ཚོ་ཆོལ་གསུམ་ཕྱོགས་ཀུན་ཁྱབ།།
ཐུགས་རྒྱུད་བུམ་བཟང་བདུད་རྩིས་ཤེས་བྱ་ཀུན།།
མ་ལུས་འགྲོ་ལ་དུས་ཀུན་སྩོལ་གྱུར་ཅིག།

             
  འོད་ཀྱི་བདག་པོ་ཞིག
   དགེ་རྒན་དུས་ཆེན་ལ་ཕུལ།
 གཡུ་རྔོག་པ་ཤ་བོ་རྟ་མགྲིན། ཤེས་རིག་གླིང་།

མ་གཞི་ནས་འཇིག་རྟེན་འདི་མུན་པ་ཡིན་སྐད།
མུན་པའི་ཁ་གཏད་ཏུ་འགྲེང་མཁན་ཁྱེད་རང་ཡིན་ སྐད།
ཁྱེད་ཀྱིས་འོད་ཀྱི་མངའ་ཐང་འདི་བསྲུངས་ནས།
མུན་པ་ལ་འཐབ་རྩོད་བྱས་སྐད།

ཁྱེད་ཀྱིས་ཤེས་རབ་གྱི་རལ་གྲི་འདི་གནམ་ལ་ཕྱར་ཉིན་ནས་བཟུང་།
དཀར་ངོགས་ཀྱི་འཇིག་རྟེན་འདི་ཁྱེད་ལ་དབང་སྐད།
དུས་དེ་ནས་བཟུང་།
ཁྱེད་ཀྱིས་མུན་པར་ཕྱོགས་མཁན་ལ་འོད་སྣང་བརྩལ་ཞིང་།
འོད་ལ་དུངས་མཁན་ལ་མིག་ཟུང་གནང་བས།
ཁོ་ཚོས་ཀྱང་རང་དབང་གི་ལམ་བུ་ཞིག་རྙེད་སྐད།
ཉིན་དེ་ནས་བཟུང་།
ཁོ་ཚོས་མུན་པ་མུན་པར་ཤེས་ཤིང་།
འོད་སྣང་འོད་སྣང་ལ་རྟོགས་པས།
ཁྱེད་རང་འོད་ཀྱི་བདག་པོ་ཡིན་པའི་དན་རྟགས་རྙེད་སྐད།

ཡིན་ནའང་།ཁྱེད་ཀྱིས་འོད་ཀྱི་རལ་གྲི་འདི་བཟུང་ཉིན་ནས།
སུ་ལའང་གཉའ་གནོན་དང་བཙན་འཛུལ་བྱས་མ་མྱོང་ལ།
ང་རྒྱལ་དང་དབང་གྲགས་ཡང་ངོམ་མ་མྱོང་།
ཕལ་བའི་མི་ཚེ་ཞིག་གི་མཛད་པ་ཁོ་ནས།
ཉམ་ཆུང་བའི་ལུག་ཁྱུ་ཞིག་གི་རྫི་བོར་གྱུར་བ།
ཁྱེད་ཀྱི་ཚེ་རབས་ལས་ཀྱི་བསྐོས་ཐང་མིན་ཡང་།
ཁྱེད་རང་འོད་ལ་དུངས་དྲག་པས།
མཐའ་མའི་མི་ཚེ་ཡང་འོད་ཀྱི་རྨུ་ཐག་ལ་འཇུས་ནས་ཕེབས་སྐད།

 

འོད་དཀར་ཚོམ་བུ།

བན་ཤུལ་འཇམ་དབྱངས།

རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྣང་བའི་གཏེར།།
དབང་མཛད་ཐབས་མཁས་ཐུགས་རྗེ་འོད་དཀར་ཅན།།
འཛམ་གླིང་མཛེས་པའི་རྒྱན་གཅིག་གངས་རིའི་མགོན།།
 བདག་གི་བཤེས་རྣམས་འོད་དཀར་ཚོམ་བུ་ཉིད།།

ལྷག་བསམ་ཉི་མ་སྟོང་གི་གཟི་བྱིན་གྱིས།།

བློ་རིག་པདྨའི་འདབ་མ་འབུམ་བཞད་ཅིང་།།
ཕན་བདེའི་དགའ་སྟོན་སྩོལ་བའི་དཔལ་ཡོན་ཅན།།
 བདག་གི་བཤེས་རྣམས་འོད་དཀར་ཚོམ་བུ་ཉིད།།

རྣམ་ཀུན་སློབ་བུའི་ཁམས་དང་མོས་པ་བཞིན།།
བསླབ་སྟོན་ལེགས་བཤད་ཡན་ལག་བརྒྱད་ལྡན་ཆབ།།
ཅི་དགར་བསྩོལ་མཛད་ཡིད་བཞིན་དབང་གི་རྒྱལ།།
 བདག་གི་་བཤེས་རྣམས་འོད་དཀར་ཚོམ་བུ་ཉིད།།

དུས་གསུམ་སངས་རྒྱས་ཀུན་གྱི་གསང་གསུམ་གྱི།།
འཕྲིན་ལས་གཅིག་ཏུ་གྲུབ་པའི་མཐུ་སྟོབས་ཅན།།

མི་ཡི་གར་མཛད་དུས་ཀྱི་སྟོན་པ་ཉིད ། །

བདག་གི་བཤེས་རྣམས་འོད་དཀར་ཚོམ་བུ་ཉིད།།

 

མར་མེ།
 རུ་མང་འཕྲིན་ལས་རྒྱ་མཚོ།

  -----སྐབས་༣༡པའི་དགེ་རྒན་དུས་ཆེན་ལ་ཕུལ།

སྒྲོན་མེ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ནི།
བདག་གི་མཆོད་སྟེགས་ཀྱི་མར་མེ་ཡིན།
བདག་གི་མར་མེ་འདི།
ཡུལ་ཕུམ་སུམ་ཚོགས་པ་མཆོད་སྟེགས་ཀྱི་སྒྲོན་མེ་ཡིན།
བདག་གི་མཆོད་མེ་འདི།
རྒྱུ་ཕུན་སུམ་ཚོགས་པ་བོད་འབྲི་མོའི་འོ་མའི་མར་མེ་ཡིན།
བདག་གི་མར་མེ་འདི།
རིགས་ཕུན་སུམ་ཚོགས་པ་ཤེས་རབ་འོད་ཀྱི་སྒྲོན་མེ་ཡིན།

མར་མེ་ཚེ་འབར་ལགས།
ཁྱོད་ཀྱི་འོད་ངོགས་ནས་བདག་གི་གཉིད་སངས།
གཉིད་སད་པས་ཅི་ཡང་དྲན།
མིག་ཕྱེ།
མིག་ཕྱེ་བས་ཅི་ཡང་མཐོང་།
བདག་གི་མདུན་ལམ་འདི།
ཁྱོད་ཀྱི་འོད་ངོགས་ནས་རྙེད་པ་ཡིན།

མར་མེ་ཚེ་འབར་ལགས།
ཁྱེད་ནི་གཟིམས་པ་མེད་པའི་ཤེས་རབ་ཀྱི་འོད་རླབས་དེ་ཡིན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།   མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504936
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།