ལས་དབང་ཟེར་བ་ཞིག་ཡོད་ངེས་པ་ཡིན་ནམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ལས་དབང་ཟེར་བ་ཞིག་ཡོད་ངེས་པ་ཡིན་ནམ།
ལས་དབང་ཟེར་བ་ཞིག་ཡོད་ངེས་པ་ཡིན་ནམ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-09-08ལྟ་ཀློག (7335)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལས་དབང་ཟེར་བ་ཞིག་ཡོད་ངེས་པ་ཡིན་ནམ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

     དེ་ཡང་སློབ་དཔོན་ཆེན་མོ་ཀ་མ་ལ་ཤཱི་ལའི་ཞལ་ནས། བདག་འདྲའི་བློ་གྲོས་བླུན་པོ་རྣམས་ཀྱིས་སྔོན་མེད་དངོས་པོ་ནམ་ཡང་བརྗོད་མི་ནུས། །མཁས་པས་ཉིན་རེར་ལམ་འདི་མང་དུ་མ་དཔྱད་པ་ཡང་འགའ་ཙམ་གང་ན་ཡོད། །འོན་ཀྱང་བསོད་ནམས་འཕེལ་བར་འདོད་པ་རང་དོན་མཆོག་གིས་བདག་གི་བློ་གྲོས་འདི། །དགེ་བ་འཕེལ་བའི་འབྲས་བུ་ཅན་གྱི་དེ་ཉིད་གོམས་པས་འདི་བྱེད་པ་ལ་བརྩོན། །ཞེས་གསུངས་པ་ལྟར་སྐྱེས་སྦྱངས་ཀྱི་ཤེས་རབ་རབ་ཏུ་ཞན་པའི་བླུན་པོ་བདག་ལྟ་བུ་ལ་སྔོན་བྱོན་མཁས་དབང་རྣམས་ཀྱིས་མ་གསུངས་པའི་གནས་ལུགས་ཟབ་མོ་བརྗོད་རྒྱུ་ག་ལ་ཡོད་ཅིང་། ལས་འབྲས་ཀྱི་ཚུལ་ལས་བརྩམས་པའི་བླང་དོར་གསལ་བའི་གདམས་ངག་ཀྱང་མཁས་དབང་དེ་དག་གིས་འདི་མ་བསྟན་བྱ་བ་གང་ཡང་མེད་ན། ཁྱོད་ཀྱིས་འདི་བྲིས་པ་དོན་མེད་དོ་ཞེ་ན། ཅུང་མ་བརྟགས་པའི་གཏམ་དུ་ཟད་དེ། འོ་ན་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བྱེད་དུ་ཆོས་ཕུང་དེ་སྙེད་ཅིག་བདག་ཅག་གི་སྟོན་པས་གསུངས་ཟིན་པས་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་བསྟན་བཅོས་དེ་དག་དོན་མེད་དུ་ཐལ་བ་དང་། དེ་བཞིན་དུ་སྲོལ་འཛིན་རྣམས་ཀྱིས་གང་བརྩམས་དང་མཁས་དབང་ཕྱི་རབས་རྣམས་ཀྱི་གསུང་རྩོམ་གང་ཡོད་དོན་མེད་དུ་འགྱུར་རོ། །དེས་ན་སྔོན་བྱོན་དམ་པ་རྣམས་ཀྱིས་མ་གསུངས་པ་ཞིག་བཤད་དུ་མེད་ཀྱང་ནང་དོན་ཟབ་པའི་མི་གོ་བའམ་བཤད་ཡོད་པ་མི་ཤེས་པ་འགའ་ཞིག་ལ་དུས་རབས་འདིའི་མི་རྣམས་ཀྱི་བློ་ཁ་དང་འཚམ་པར་ངོ་སྤྲད་ན་ཕན་པར་འགྱུར་ལ། རང་ཡང་གནས་འདི་ལ་གོམས་པར་བྱ་བའི་ཕྱིར་དང་། གཡོ་ཅན་འགའ་ཞིག་གི་ལོག་བཤད་དུག་ཆུས་མྱོས་ཤིང་ཉམ་ང་བའི་གཡང་སར་ཆས་པའི་འགྲོ་བ་ཤེས་དམན་དེ་དག་ལ་སྙིང་རྗེ་ཞིང་ཡང་དག་པའི་ལམ་དུ་ཁ་དྲང་ཐུབ་ན་ཅི་མ་རུང་སྙམ་པའི་ལྷག་བསམ་དཀར་པོའི་གཞན་དབང་དུ་གྱུར་ཏེ་ལས་འབྲས་ལས་བརྩམས་པའི་སྙིང་གཏམ་འདི་སྨྲ་བའི་ལས་ལ་ཅི་ཡང་བརྩོན་པར་བྱས་སོ། །

   དེ་ཡང་འདོད་སྲེད་མེ་ལྕེ་དམར་པོ་དགུང་དུ་མཆེད་ཅིང་སྲིད་འབྱོར་དུག་ཆུའི་རྦ་རླབས་ཕྱོགས་སུ་འཕྱུར་བའི་དུས་རབས་འདིར། དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་དབུ་འཕང་དམའ་ཞིང་ནག་ཕྱོགས་བདུད་ཀྱི་རིགས་དག་གི་ནུས་མཐུ་དར་བས་དགེ་བའི་ཆུ་མིག་གི་ཉག་ཕྲ། སྡིག་པའི་དུག་མཚོ་ཡི་ཀློང་བརྡོལ་བ་དེའི་ཕྱིར་ལས་འབྲས་ཀྱི་གཏམ་ལ་ཡིད་དགའ་བ་ཤིན་ཏུ་ཉུང་སྟེ། ཇི་སྐད་དུ། འཇམ་མགོན་ས་སྐྱ་པཎྚི་ཏས། ཀྱེ་མ། གནའ་དུས་བཟང་བོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་མི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམ། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད། ཡ་རབས་ཀྱི་སྲོལ་མི་བསྲུང་། མ་རབས་ཀྱི་སྤྱོད་པ་བསྐྱངས། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་བཏང་། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། མཁས་པའི་གཞུང་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག  བཟང་བོའི་དོ་མི་བྱེད། ངན་པའི་ལབ་བྱེད་པ་མང་ཞེས་གསུངས་པ་ཇི་བཞིན་བྱུང་འདུག་པས་ཁ་ནས་གང་བྱུང་བཤད་པ་དང་། ལག་ནས་སྒྲུབ་པ་ལ་འཇིགས་སྣང་དང་འཛེམ་དོགས་གང་ཡང་མི་འདུག་སྟེ། རང་རྒྱལ་ཐབས་དང་གཞན་ཕམ་ཐབས་འབའ་ཞིག་ལ་འབད་ཅིང་མཆོག་ཏུ་འཛིན་ལ་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྩ་བ་སུན་འབྱིན་ཅི་ཐུབ་བྱེད་དོ། ། དེ་ལྟར་སྒྲུབ་ཏུ་མི་སྟེར་བའི་གནད་འགག་གཙོ་བོ་ནི་ལས་རྒྱ་འབྲས་ལ་རག་ལས་པས་དེང་རབས་ཅོལ་ཆུང་སྒོ་གསུམ་བག་མེད་དུ་སྤྱོད་པ་དག་གི་འགལ་ཟླའི་གཙོ་བོ། དགྲ་ཡི་དྭངས་མ། མིག་གི་ཚེར་མ་ནི་ལས་འབྲས་རེད། དེའི་ཕྱིར་ཁོ་ཚོས་ནུས་ཤུགས་གང་ཡོད་ཀྱིས་མདུང་རྩེ་གཏོད་ས་ནི་ལས་འབྲས་ལ་བྱས་སོ། །དེ་ཡང་དེང་རབས་པ་མང་བོ་ཞིག་གིས། ནང་བ་སངས་རྒྱས་པ་རྣམས་ལ་ལས་དབང་སྨྲ་བ་ཞེས་ཟུར་ཟ་བྱེད་ཅིང་རྒོལ་བར་བྱེད་དོ། །དེའི་དོན་ནི་ཐམས་ཅད་ལས་ཀྱིས་བཀོད་སྒྲིག་བྱས་ཟིན་པས་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་ཡོད་ཚད་གནམ་མཁྱེན་ཞེས་ཅ་རིལ་བཞིན་དུ་འཁུམས་ནས་སྡོད་པ་ལས་བཅོས་བསྒྱུར་བྱེད་པའི་ནུས་པ་ནི་རང་ཉིད་ལ་ཅི་ཡང་མ་མཆིས་ཏེ། ཕྱུག་ན་ཕྱུག་པོ་ལས་ཀྱིས་བཀོད་པས་བག་མེད་དུ་སྤྱད་ཆོག་ཆོག་དང་། དབུལ་ཡང་དབུལ་བོར་ལས་ཀྱིས་བསྐོས་ཟིན་པས་མགོ་བོ་སྒུར་ནས་འདུག་དགོས། མཁས་ན་མཁས་པར་ལྷ་ཡིས་གནང་བས་ང་རྒྱལ་བྱ་ཆོག བླུན་ན་བླུན་པོ་སྔོན་གྱིས་བྱས་ཟིན་པས་ཅི་ཡང་འབད་ཀྱང་དོན་མེད་དོ་ཞེས་ཟེར་རོ། །ཁོ་ཚོས་བྱུང་རྒྱལ་དུ་སྨྲ་བའི་འཆལ་གཏམ་ཞིག་སངས་རྒྱས་པ་རྣམས་ཀྱིས་བཤད་པ་སྐད་དུ་བྱས་ནས་སྨྲ་ཞིང་འགོག་པར་བྱེད་དོ། །བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་གསུངས་པ་ནི་ཇི་འདྲའི་བླ་ན་མེད་པའི་ལེགས་བཤད་ཅིག་རེད་ཨང་། མི་ཤེས་ཀྱང་བཤད་མཁན་དུ་བརྫུས་ནས་རྒྱུས་མེད་ཀྱི་རྒྱུས་གཏམ་དེ་འདྲ་ཐལ་བས་འདོད་རྒུ་མཁས་པའི་སྙན་གྲགས་འདོད་ཀྱང་ཐོབ་རྒྱུ་བླུན་པོའི་མིང་བྱང་ཐོབ་འདུག་པ་དེ་འདྲ་རེད།  འོ་ན་སངས་རྒྱས་པས་ལས་རྒྱུ་འབྲས་ཀྱི་གོ་དོན་དེ་ལྟར་བཤད་རྒྱུ་མིན་ནམ་ཞེ་ན། མིན་ཏེ། ཅི་འདྲ་བ་ཡི་ལས་བྱས་པ། ། འབྲས་བུ་དེ་འདྲ་ཐོབ་པར་འགྱུར། ། ཞེས་གསུངས་པ་ལྟར་སྔོན་གྱི་ལས་ཇི་འདྲ་བྱས་ཡོད་ན་འབྲས་བུ་དེ་འདྲ་ཞིག་ད་ལྟ་ཐོབ་ཟིན་པ་ལྟར་ལ།   ད་ལྟ་རྒྱུ་ཅི་བསྒྲུབ་ན་ཕྱིས་སུའང་འབྲས་བུ་དེ་འདྲ་ཐོབ་པར་འགྱུར་བས་རྒྱུ་འབྲས་མི་སླུ་བའི་ཆོས་ཉིད་ཁས་ལེན་པ་དེའི་ཕྱིར་འབད་པ་དོན་མེད་དུ་འགྱུར་བ་གནས་མེད་ཅིང་། གལ་ཏེ་འབད་པ་ཆུད་ཟོས་སུ་འགྲོ་ན་སངས་རྒྱས་ཀྱི་གོ་འཕང་ཁས་ལེན་ཐབས་མེད་དེ། ལས་ལ་བསྒྱུར་རྒྱུ་མེད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ལུགས་ལ། མི་སུ་ཡིན་ཡང་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་ཇི་ལྟར་འགྱུར་བའི་འདམ་ག་རང་ལག་ན་ཡོད་ཀྱི། གཞན་སུས་ཀྱང་བཀོད་སྒྲིག་བྱེད་དུ་མེད་དེ། བདག་ནི་བདག་གི་མགོན་ཡིན་ཏེ། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་གསུངས་པ་འདིས་ཤེས་ནུས་པའི་ཕྱིར། དེའི་ཕྱིར་ཁྱེད་ཅག་གིས་བཤད་པའི་ལས་དབང་སྨྲ་བ་དེའི་གྲས་སུ་ནང་བ་སངས་རྒྱས་པ་འཇོག་ཐབས་མེད་དོ། །

    འོ་ན་ཅི་སངས་རྒྱས་པ་རྣམས་ཀྱིས་ལས་དབང་ཟེར་བ་དེ་ཁས་མི་ལེན་ནམ་ཞེ་ན། ཤིན་ཏུ་ཁས་ལེན་ཏེ། ལས་དབང་ཟེར་བ་སྟེ་ངེས་བར་ཡོད་པའི་ཕྱིར་རོ། ། ཡོད་པར་ཡིད་ཆེས་རུང་ངམ་ཞེ་ན། ཤིན་ཏུ་ནས་ཀྱང་རུང་སྟེ། ཇི་ལྟར་ཟས་ཟོས་པས་ལྟོ་བ་འགྲངས་པར་འགྱུར་བ་ལ་སོམ་ཉི་མི་བྱེད་པ་དེ་ལྟར་རོ། ། དེ་ཡང་ཡིན་ཏེ། གྲོ་ནས་སོགས་འབྲུ་རིགས་ཐམས་ཅད་དེ་དང་དེའི་ས་བོན་དག་ལས་སྐྱེས་པ་དང་། འབྲས་བུ་གྲོ་ནས་སོགས་འདོད་ན་རྒྱུ་ས་བོན་འདེབས་པ་སོགས་ལ་འབད་དགོས་པའི་རྒྱུ་འབྲས་ཀྱི་ཆོས་ཉིད་ནི་ཞིང་བ་རྣམས་ཀྱིས་ཀྱང་ངེས་ཟིན་པ་དེའི་ཕྱིར། བསམ་བློ་གཏོང་ཤེས་པ་ཞིག་ཡིན་ན་ཕྱིའི་རྒྱུ་འབྲས་ཀྱི་ཆོས་ཉིད་དེས་ནང་གི་རྒྱུ་འབྲས་ཀྱང་བསླུ་མེད་དུ་ཡོད་པ་ལ་ཡིད་མི་ཆེས་པའི་རང་དབང་མེད་དོ། ། འོ་ན་ཆོས་དགེ་བ་ལ་འབད་པ་བྱེད་མཁན་འགའ་ཞིག་སྡུག་བསྔལ་མྱོང་གིན་ཡོད་པ་དང་། མི་དགེ་བ་འབའ་ཞིག་སྟེ། གསོད་འཕྲོག་བཅོམ་གསུམ། གཡོ་རྒྱུ་ཁྲམ་གསུམ། བསྟན་འགྲོའི་གཤེད་མ། ལས་འབྲས་ཁྱད་གསོད་མཁན་འགའ་ཞིག་གང་བསམ་ཡིད་བཞིན་དུ་འགྲུབ་པར་མ་ཟད། ཐ་ན་ལུས་ལ་ན་ཚ་ཙམ་ཡང་མེད་པ་སོགས་ཇི་ལྟར་འགྲེལ་ཟེར་ན། ལས་རྒྱུ་འབྲས་ཀྱི་ངང་ཚུལ་ནི་ཚེ་འདི་ཁོ་ནའི་ཡོངས་སུ་ཤེས་མི་ནུས་ཏེ། འདས་མ་འོངས་ད་ལྟའི་ཚེ་རབས་ཀྱི་འཕྲེང་བ་བརྒྱུད་མའི་སྟེང་ནས་བཞག་པའི་ཕྱིར། སྐྱེ་བ་སྔ་ཕྱི་དུ་མ་ཡོད་པ་སུས་ཤེས་ཟེར་ན། སྐྱེ་བ་སྔ་ཕྱི་ཡོད་པ་ལ་སྒྲུབ་བྱེད་ཀྱི་དཔེ་དང་རིགས་པ་མཐའ་ཡས་པ་ཡོད་ལ་ལས་རྒྱུ་འབྲས་འཇོག་པའི་གཞིར་གྱུར་བའི་ཤིན་ཏུ་གལ་ཆེ་མོད། འོན་ཀྱང་དེ་དག་གི་རྣམ་གཞག་གཞན་ལས་ཤེས་ནུས་པས་འདིར་ཡི་གེ་མང་བར་འཇིགས་པས་མི་འབྲིའོ། །

    འོ་ན་ལས་རྒྱུ་འབྲས་དེ་སྐྱེ་བ་སྔ་ཕྱི་དུ་མ་ལ་ཇི་ལྟར་འཇོག་ཅེ་ན། ལས་ལ་མཐོང་ཆོས་མྱོང་འགྱུར་དང་།སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་གསུམ་ཡོད་པའི་ཕྱིར། དེ་ལ་དང་བོ་ནི། རང་གིས་ལས་དགེ་མི་དགེ་གང་བྱས་དེའི་རྣམ་སྨིན་ཚེ་དེ་ཉིད་ལ་མྱོང་བའི་འགོ་རྩོམ་པ་སྟེ། དེ་ལའང་སའི་དངོས་གཞིར་བརྒྱད་གསུངས་སོ།། གཉིས་པ། སྐྱེས་ནས་མྱོང་འགྱུར་ནི། དགེ་སྡུག་གི་ལས་གང་བྱས་དེ་དག་ཚེ་དེ་ཉིད་ལ་མྱོང་བའི་འགོ་མི་རྩོམ་པར་ཚེ་གཉིས་པ་ནས་མྱོང་འགོ་རྩོམ་པ་རྣམས་སོ།། གསུམ་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི། ཚེ་གསུམ་པ་ཕན་ཆད་ནས་སྨིན་པར་འགྱུར་བ་རྣམས་སོ།། དེས་ན་དགེ་སྡིག་གི་འབྲས་བུ་རྣམས་ཆུད་ཟོས་སུ་འགྲོ་བའི་གནས་མེད་མོད། འོན་ཀྱང་ཚེ་དེ་ཉིད་ལ་སྨིན་མི་སྨིན་ཅི་རིགས་ཡོད། ཕལ་མོ་ཆེས་ཚེ་དེ་ཉིད་ལ་མ་སྨིན་པའམ་སྨིན་པར་མ་མཐོང་བ་ལ་མེད་དོ་ཞེས་ལོག་པར་བཟུང་བས་ཕོངས་སོ། །

   མཐོང་ཆོས་མྱོང་འགྱུར་ནི། མངོན་སུམ་དུ་མཐོང་བས་རྩོད་པ་མེད་ལ། ཕྱི་མ་གཉིས་ཡོད་པར་གང་གིས་ཤེས་ཤེ་ན། ཁྱོད་རང་གིས་ཀྱང་དོན་གྱིས་ཁས་བླངས་འདུག་སྟེ། ཚེ་འདི་ལ་དགེ་བ་འབའ་ཞིག་སྒྲུབ་པ་རྣམས་སྡུག་བསྔལ་གྱིས་གཟིར་བ་དངོས་སུ་མཐོང་ཞིང་དེ་འདྲ་ཡོད་པ་ཁས་ཀྱང་བླངས་པའི་ཕྱིར། དེས་ཅི་ཤེས་ཟེར་ན། དགེ་བའི་འབྲས་བུ་ལ་སྡུག་བསྔལ་འབྱུང་བ་གནས་མིན་ལ། སྡུག་བསྔལ་གྱི་རྒྱུ་ཞིག་ཡོད་དགོས་ལ། ཚེ་འདི་ལ་དེའི་རྒྱུ་མ་བསགས་པར་ཁས་བླངས་པ་གང་ཞིག དེས་ན་དེའི་རྒྱུ་ཚེ་སྔ་མ་རྣམས་སུ་བསགས་པ་ལས་འོས་མེད་པའི་ཕྱིར། དེས་སྡིག་པ་འབའ་ཞིག་སྒྲུབ་མཁན་བདེ་བར་གནས་པའི་རྒྱུ་རྐྱེན་ཡང་གང་ལ་ཐུག་པ་ཤེས་ནུས་སོ། ། འོ་ན་ཅིའི་ཕྱིར་ལ་ལ་ཚེ་འདིར་སྨིན་ལ། ལ་ལ་འདིར་མི་སྨིན་པར་ཕྱི་མར་སྨིན་པར་འགྱུར་ཞེ་ན། དེ་ནི་སྡུག་པའི་ལྕི་ཡང་དང་བཤགས་པ་དུས་སུ་བྱས་མ་བྱས་སོགས་ལ་འབྲེལ་ཏེ། དཔེར་ན་མི་ཞིག་གིས་དུག་འཐུང་བ་ལ་སྨན་བཅོས་བྱས་ཀྱང་དེའི་མཇུག་འབྲས་ནི་གཉིས་ཏེ། ཉེན་ཁ་ལས་ཐར་ཏེ་ནད་ལས་གྲོལ་བའམ། ཡང་ན་དུག་གིས་གཟིར་ཞིང་འཆི་བར་འགྱུར་བའོ། ། ཅིའི་ཕྱིར་གཅིག་གྲོལ་ལ་གཅིག་ཤོས་འཆི་བར་འགྱུར་ཞེ་ན། རྒྱུ་གསུམ་ཡོད་དེ། ༡དུག་ཕོག་པའི་ལྕི་ཡང་ལ་འབྲེལ། ༼དཔེར་ན་ལས་བྱས་པའི་མང་ཉུང་དང་ལྕི་ཡང་སོགས།༽༢སྨན་བཅོས་བྱེད་པའི་སྔ་འགོར། ༼འགྱོད་བཤགས་ཀྱི་སྔ་ཕྱི།༽༣སྨན་བཅོས་བྱེད་ཐབས་དང་ལག་རྩལ་ལ་འབྲེལ། ༼དེ་ཡང་སྡིག་པ་བཤགས་པའི་ཐབས་འགྲིག་མ་འགྲིག་དང་འགྱོད་པ་ཤུགས་དྲག་ཞན་སོགས་ལ་ཐུག༽

    དེ་ཡང་ལས་གང་ལྕི་བ་དེ་ཐོག་མར་སྨིན་ལ་ལྕི་ཡང་མཉམ་ན་འཆི་བའི་དུས་གང་མངོན་དུ་གྱུར་བ་དེ་ཐོག་མར་སྨིན། དེ་ཡང་འདྲ་ན་གང་གོམས་པ་ཤས་ཆེ་བ་དེ་སྨིན། དེ་ཡང་འདྲ་ན་ཐོག་མར་བྱས་པ་དེ་སྔོན་ལ་སྨིན་ནོ། ། མཛོད་འགྲེལ་དུ་དྲངས་པ་ལས། ལས་ཀྱིས་འཁོར་བར་ལྕི་གང་དང་། ། ཉེ་བ་གང་དང་གོམས་པ་གང་། ། སྔོན་བྱས་གང་ཡིན་དེ་ལས་ནི། ། སྔ་མ་སྔ་མ་རྣམ་སྨིན་འགྱུར། ། ཞེས་གསུངས་པ་ལྟར་རོ། ། སྤྱིར་ན་ལས་ལ་དབྱེ་བ་མང་སྟེ། བྱས་ལ་མ་བསགས་པའི་ལས། བསགས་ལ་མ་བྱས་པའི་ལས། བྱས་བསགས་ཚང་བའི་ལས། སྦྱོར་བ་ནག་ལ་ངོ་བོ་དཀར་བའི་ལས། སྦྱོར་བ་དཀར་ཡང་ངོ་བོ་ནག་པའི་ལས་སོགས་ཤིན་ཏུ་མང་བས་ཐམས་ཅད་ཤེས་པ་ནི་སངས་རྒྱས་ཁོ་ན་ཡིན་གྱི། བདག་ལྟ་བུས་བཤད་ག་ལ་ཐུབ། འོན་ཀྱང་ཕྱོགས་འགྲོ་ཙམ་ནི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས་གཞུང་ཁྱད་པར་ཅན་ལ་བག་ཆགས་རེ་འཇོག་པའི་སྐལ་བཟང་ཐོབ་པས་གཞུང་བཞིན་ཏུ་བཤད་པ་ཡིན། དེས་ན་རང་ཅག་སོ་སོ་སྐྱེས་བོ་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་བསམ་ཀྱིས་མི་ཁྱབ་པ་དང་། ལས་རྣམས་སྐལ་བ་བརྒྱར་ཡང་ནི་ཆུད་མི་ཟ་བ་ཞེས་སོགས་ཀྱི་དོན་ལ་དད་པ་བསྒོམས་ཏེ་འབྲས་བུ་བདེ་བ་འདོད་ན་རྒྱུ་དགེ་བ་ལ་འབད་དགོས་ཤིང་། དེ་ལྟར་འབད་ན་འཕྲལ་ཕུགས་ཐམས་ཅད་ལེགས་པར་འོང་མིན་སུས་ཤེས་ཞེས་དགེ་སྡུག་སྤང་བླང་ལ་དོ་སྣང་མ་བྱས་ན། མི་རུང་མི་རུང་རེ་བྱས་ན། །རུང་བའི་དོན་དོན་སྟེང་ལས་མི་འཛུར། །ཅི་སྐྱོན་ཅི་སྐྱོན་རང་བྱས་ན། །འདིར་སྐྱོན་དམྱལ་བ་ནས་བསྟན་འོང་། །ཞེས་པ་དེས་འོང་ངོ་། །

     དཔེར་ན། བརྙན་འཕྲིན་འཕྲུལ་ཆས་ཤིག་གི་ལྷུ་ལག་རྣམས་སོ་སོར་བསལ་བ་ན། སྐུད་པ་ཁྲི་ཕྲག་གི་དྲ་བའི་འབྲེལ་བ་དང་གོ་རིམ་ནི་ཆེད་མཁས་ལག་ཤེས་པ་ཁོ་ནས་ངེས་ཀྱི། གཞན་སུ་ཞིག་གིས་ཅུང་ཟད་ཀྱང་མ་ནོར་བར་སོ་སོར་ངེས་ཟིན་པར་ནུས། དེས་ན་གོང་དུ་བཤད་པའི་དུག་བཅོས་པའི་དཔེར་བརྗོད་ཀྱང་མཚན་གཞི་ཙམ་ཡིན་གྱི་དེ་ཙམ་གྱིས་ལས་འབྲས་ཀྱི་འབྲེལ་བ་ཕྲ་ཞིང་ཞིབ་པ་རྣམས་མ་ལུས་མཚོན་ག་ལ་ནུས། དེས་ན་རང་གིས་མ་ཤེས་པ་ཡོད་ཚད་རྒྱུ་མཚན་མེད་པར་སྨྲ་བའི་འོལ་སྤྱི་དང་ཨུ་ཚུགས་མཐའ་འཁྱོལ་མི་བྱེད་པར་རིག་པ་ཡང་དག་གི་སྒོ་ནས་དཔྱད་དེ་གཏམ་སྨྲ་བ་ལ་ཞུགས་ན་རང་གཞན་ཀུན་ལ་ཕན་ནོ། ། ལས་དགེ་སྡུག་གི་སྤང་བླང་ནི་སྟོང་བཤད་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དུ་བེད་སྤྱོད་བྱས་ན་ཕན་པ་ཆེ་ཞིང་རྩ་ཁྲིམས་དང་མི་ཆོས་རིང་ལུགས་གང་དང་ཡང་མི་འགལ་བར་མ་ཟད། དེ་དག་གི་འབྲས་བུ་རང་ཅག་ལ་མངོན་དུ་གྱུར་བ་ཡང་ཤིན་ཏུ་མང་བས། ད་དུང་ཁས་མི་ལེན་ན་ཤིན་ཏུ་ནས་ཀྱང་བླུན་པོ་ཉིད་དེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། བོང་བུ་ཕྱུགས་ལ་མེ་ཏོག་འཕྲེང་བས་ཅི། ། དུད་འགྲོ་ཕག་ལ་ཁ་ཟས་ཞིམ་པོས་ཅི། ། ལོང་ལ་སྣང་དང་འོན་པ་དག་ལ་གླུ། ། བླུན་པོ་རྣམས་ལ་ཆོས་ཀྱིས་ཅི་ཞིག་བྱ། ། ཞེས་གསུངས་པ་ཉིད་ལེགས་སྐྱེས་ཀྱི་མཆོག་ཏུ་འཛིན་པ་ལས་བྱ་ཐབས་ཟད་དོ། ། འོ་ན་རྩ་ཁྲིམས་སོགས་དང་ཇི་ལྟར་མཐུན་ཞེ་ན་མི་དགེ་བཅུ་ལྟ་བུ་ལ་སྦྱར་ནས་བཤད་པར་བྱ་སྟེ། རྒྱལ་བོའི་བཀའ་བློན་དང་ཕོ་ཉ་སོགས་ཀྱིས་འབངས་མི་སེར་གྱི་དོན་བཟང་སྒྲུབ་པ་ལྟ་བུ་རྒྱུ་ཡིན་ལ། དེ་ལ་གོང་འོག་ཀུན་གྱིས་བསྔགས་བརྗོད་དང་བྱ་དགའ་ཐོབ་པ་ནི་འབྲས་བུ་རེད། རང་དོན་དུ་མི་གསོད་པ་དང་། གཞན་རྒྱུ་རྐུ་འཕྲོག་བྱས་པ། རྫིག་ཉམས་བསྟན་ནས་གཞན་གྱི་ནོམ་རྫས་མང་བོ་ཧམ་ཟོས་བྱས་པ་ཐལ་ཆེ་བ་དང་། གཡོ་ཐབས་ཀྱིས་རྐུ་བ་སོགས་ནི་ལས་ངན་པ་དང་ལས་མི་ལེགས་པ་ཡིན་པས་དེ་དག་ལ་ལས་མི་དགེ་བ་ཟེར། རྒྱུ་མི་དགེ་བའི་ལས་དེ་དག་གི་འབྲས་བུ་ནི། རང་ཉིད་གཞན་གྱིས་གསོད་པའམ། བཙོན་དུ་འཇུག་པའམ། རྐུན་མ་སོགས་མི་ངན་པའི་མིང་ཅན་དུ་འགྱུར་ཞིང་མི་འདོད་པ་ཅི་རིགས་རང་སྟེང་ལ་དབང་མེད་དུ་འོངས། དེ་དག་ནི་ལས་མི་དགེ་བ་དེ་དང་དེའི་འབྲས་བུ་རེད། དེས་ན་རང་འདོད་ཀྱིས་གཞན་སྲོག་གཅོད་པ། གཞན་གྱི་ནོམ་རྫས་བཙན་ཤེད་ཀྱིས་འཕྲོག་པ། འཇབ་བུས་བརྐུ་བ། གཡོ་སྒྱུའི་སྒོ་ནས་གཞན་གྱིས་མ་བྱིན་པ་ལེན་པ། གཞན་གྱིས་བདག་དུ་བཟུང་བའི་བུད་མེད་དང་བུ་མོ་གཞོན་ནུ་མ་སོགས་ལ་ཞི་དྲག་ཅི་རིགས་ཀྱིས་ལོག་གཡེམ་བྱེད་པ་གསུམ་ལ་ངེད་ཅག་གིས་ལུས་ཀྱི་ལས་མི་དགེ་བ་གསུམ་ཞེས་འདོགས་པ་ཡིན། དེ་རྩ་ཁྲིམས་དང་ཨེ་མཐུན། སྤྱི་ཚོགས་ལ་ཨེ་ཕན། མི་ཆོས་དང་ཨེ་འཕྲོད། རྫུན་ཚིག་སྣ་ཚོགས་སྨྲས་ཏེ་གཞན་ལ་མགོ་སྐོར་གཏོང་བ་སོགས་དང་། དབྱེན་བྱེད་འདོད་ཀྱི་བསམ་པས་གྲོགས་མཛའ་བཤེས་མཐུན་པར་ཡོད་པ་ལ་ཁྱོད་ཀྱིས་གྲོགས་སུ་རློམ་ཡང་། མི་འདིས་ཁྱོད་ཀྱི་སྐྱོན་འདི་དང་འདི་སྐད་ཟེར། ཡང་གཅིག་ཤོས་ཀྱི་སར་སོང་སྟེ་མི་འདིས་ཁྱོད་ལ་འདི་དང་འདི་སྨྲས་སོ་ཞེས་ཕྲ་མའི་ཚིག་གིས་མཐུན་པ་གཏོར་བ་དང་། ཡང་གཞན་གྱིས་ཐོས་མི་རུང་བའི་སྙིང་ལ་གཟེར་བའི་ཚིག་རྩུབ་པོ་བྱུང་རྒྱལ་དུ་སྨྲ་བ་དང་། ཉོན་མོངས་ཀྱི་དབང་གིས་དོན་མེད་ཀྱི་འཆལ་གཏམ་མང་བོ་སྨྲས་ཏེ་གཞན་གྱི་བྱ་བ་ལེགས་པའི་བར་དུ་གཅོད་པ་དང་གཞན་ཡིད་སུན་འབྱིན་པ་སྟེ། རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ་ཟེར་ཞིང་དེ་དག་ལ་ངེད་ཅག་གིས་ངག་གི་ལས་མི་དགེ་བ་ཞེས་པའི་ཐ་སྙད་འདོག་ཅིང་སྤང་བྱར་འདོད་པ་ལགས་མོད། ཁྱོད་ཀྱི་བླང་བྱ་དང་དར་སྤེལ་གཏང་བྱར་མི་འདོད་ལས་ཆེ། གཞན་ཡང་ནོར་བཟང་བོ་ཞིག་མཐོང་བ་ན་ཧམ་སེམས་ཀྱིས་རང་ལ་ཐོབ་འདོད་ཀྱི་བརྣབ་སེམས། རང་གིས་གཞན་ལ་གནོད་འཚེ་བྱེད་པར་ཅི་མི་སྙམ་ཡང་། གལ་ཏེ་གཞན་གྱིས་རང་ལ་གནོད་པ་ཕྲན་བུ་རེ་བྱས་ན་མྱུར་དུ་གནོད་ལན་སློག་པའི་བསམ་པའི་མི་འདི་དག་གློ་བུར་དུ་ཤི་ན་དང་། གཞན་གྱིས་གསད་ན་ཅི་མ་རུང་སྙམ་པ་ལྟ་བུའི་གནོད་སེམས། ཡང་རང་གི་ཕ་མ་དང་འདྲ་བ། དགེ་རྒན་སོགས་རང་ལ་བཀའ་དྲིན་ཆེ་བ་དག་ལ་བརྡུང་རྡེག་དང་མཚོན་གྱིས་འདེབས་པ་སོགས་མི་དགེ་བའི་ལས་ཚབས་ཆེན་བསགས་ཏེ། ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཟེར་བ་གང་ན་ཡོད། གལ་ཏེ་ཡོད་ན་སུས་མཐོང་ཞེས་སོགས་ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་པ་ལ་མེད་པར་ལྟ་བའི་ལོག་ལྟ་རྣམས་ལ་ང་ཚོས་ཡིད་ཀྱི་མི་དགེ་བའི་ལས་ལམ་གསུམ་ཞེས་ཟེར་ལ། བྱ་བ་ངན་པ་དེ་དག་འདི་ཕྱི་ཀུན་ལ་གནོད་བྱེད་ཁོ་ནར་ཁས་ལེན་ནོ། ། ཁྱོད་ཀྱང་དེ་དག་ཁྱབ་སྤེལ་བྱས་ན་སྤྱི་ཚོགས་ལ་ཕན་པར་མི་སྨྲ་ལས་ཆེ། དེས་ན་མཐུན་སྒྲིལ་དང་ཞི་བདེ། ཡར་རྒྱས་དང་གཏན་བདེ་ཀུན་གྱི་གཞི་མ་ལས་རྒྱུ་འབྲས་ཁས་ལེན་པའི་ལྟ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་ཁས་བླངས་ཤིང་ཁྱབ་བརྡལ་དུ་བཏང་ན་ཚེ་ཕྱི་མ་ཕན་ཆད་ཁོ་ན་ལས་ཚེ་འདི་ལ་ཕན་འབྲས་གང་ཡང་མེད་དོ་ཞེས་མི་སྨྲ་བར་ཞུ་ལགས།


                                      རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23534078
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།