ངེད་དྲ་བའི་གསར་འགོད་པ་བན་ཤུལ་འཇམ་དབྱངས་ཀྱིས་ཤེས་རིག་སློབ་གླིང་གི་གསར་ཞུགས་སློབ་མའི་ཁྱིམ་བདག་རྟ་ནག་སྐལ་བཟང་ལུང་རིགས་ལ་བཅར་འདྲི་བྱས་པ།
གསར་འགོད་པ། རྟ་ནག་པ་ཁྱེད་བདེ་མོ།
རྟ་ནག་པ། ང་བདེ་མོ་ཡིན། ཁྱེད་བདེ་མོ།
གསར་འགོད་པ། ཁྱེད་རང་འདིར་ཡོང་དོན་ཅི་ཡིན།
རྟ་ནག་པ། ངས་འདིར་སློབ་མ་གཉིས་བསྐྱལ་འོང་བ་ཡིན།
གསར་འགོད་པ། སློབ་མ་འདི་གཉིས་ཐེངས་དང་བོར་འདིར་བསྐྱལ་ཡོང་ཡིན་ནམ་ཅི།
རྟ་ནག་པ། མིན།
ལོ་སྔོན་མར་ཡང་འདིར་བསྐྱལ་ཡོང་མོད་མིང་ཐོ་དང་རྒྱུགས་འབྲས་སོགས་ཀྱི་དབང་གིས་ཚུད་མ་ཐུབ་པས་ད་ལོ་བསྐྱར་དུ་ཡོང་བ་ཡིན།
གསར་འགོད་པ། ཕྱོགས་སོ་སོར་རྒྱལ་གཉེར་སློབ་གྲྭ་དང་སྒེར་གཉེར་སློབ་གྲྭ་མང་བོ་ཡོད་ཀྱང་ལོ་སྒུག་ཟླ་སྒུག་བྱས་ནས་འདིར་ཆེད་དུ་བསྐྱལ་དགོས་པའི་རྒྱུ་མཚན་ཅི་ཡིན།
རྟ་ནག་པ། རྒྱལ་གཉེར་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་དེས་ང་ཚོ་གང་ཞིག་ཏུ་ཁྲིད་ཀྱིན་འདུག་གམ་ཞེས་རང་གིས་རང་ལ་དྲི་བ་བཏོན་པ་ཡིན། རྒྱལ་གཉེར་སློབ་གྲྭ་ནི་ལྷམ་གྱི་བཟོ་གྲྭ་ཞིག་ཡིན་པའི་དབང་དུ་བཏང་ན། དེས་ཐོན་སྐྱེད་བྱས་པའི་བོད་ཀྱི་སློབ་མ་དག་ནི་མིས་བཟོས་ཀོ་བས་ལས་པའི་གོ་ལྷམ་རྫུན་མ་དེའི་རིགས་ཡིན། བལྟས་ཚོད་ལ་ཡག་སྣང་སྐྱེས་ཀྱང་ཉིན་འགའི་རྗེས་ནས་ལྷམ་ཐེད་རལ་བོ་ཞིག་ཏུ་གྱུར་འགྲོ། གྱོན་ན་རྐང་ལ་མི་བདེ། བལྟས་ན་མིག་ལ་མི་མཛེས། འདི་དཔེ་འཇོག་ཙམ་ཡིན་པས་དཔེ་འདི་ལ་སུས་ཀྱང་གོ་བ་ལོན་རྒྱུ་རེད། དེ་བས། ཁོ་བོས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ནི་བཟོ་གྲྭ་ཡག་ཤོས་ཤིག་ཏུ་ངོས་བཟུང་ཡོད་ལ་དོན་ལའང་དེ་ལྟར་ཡིན་པ་རེད། ཁོ་བོས་བསྟུད་མར་ལོ་གཉིས་ལ་སློབ་གླིང་འདིར་སློབ་མ་འཇོག་དོན་ཡང་རྒྱུ་སྤུས་ཅན་གྱི་གོ་ལྷམ་ལེགས་པོ་ཞིག་ཡོང་བའི་ཆེད་དུ་ཡིན།
གསར་འགོད་པ། སློབ་གྲྭ་འདིའི་སློབ་གསོའི་ཁ་ཕྱོགས་གཙོ་བོ་སློབ་མའི་སྤུས་ཚད་མཐོར་འདེགས་དང་ཤེས་ཡོན་མཐོར་འདེགས་སུ་འཛིན་གྱིན་ཡོད་པ་ལས་ཕུགས་འདུན་རྒྱལ་ཁབ་བྱ་བ་བསམ་མཁན་ཞིག་ཡིན་ན་འདིར་སྔ་མོ་ཐོ་འགོད་མ་བྱས་ན་ལེགས་ཞེས་སློབ་མ་དང་ཁྱིམ་བདག་རེ་རེར་གོ་བརྡ་སྤྲོད་ཀྱིན་ཡོད་པས་ཁྱེད་ཀྱི་སློབ་མ་འདི་གཉིས་ལ་དམིགས་གསལ་དེའི་ཕྱོགས་ཀྱི་རེ་བ་མེད་དམ།
རྟ་ནག་པ། སྤྱིར་ན་བོད་ཀྱི་སློབ་མ་དང་། ཁྱིམ་བདག་སུ་ཡིན་ཡང་ཕལ་ཆེ་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཆགས་རྒྱུ་དེ་རེད། དེ་གསལ་བོ་རེད། གཞུང་ཞབས་པ་ཞིག་ཆགས་པའི་སླད་དུ་ཟེར་ན་སློབ་གྲྭ་འདིར་འགྲོ་དོན་མེད་ཅེས་ངས་ཁྲིད་འོང་བའི་སློབ་མ་དག་ལ་ངས་སྔོན་མ་ནས་གོ་བརྡ་སྤྲད་ཚར་ཡིན། སློབ་གྲྭ་འདིས་བསྐྱེད་སྲིང་བྱས་པའི་སློབ་མ་ཞིག་ཡིན་ཕྱིན་མ་མཐའ་ཡང་ནག་ཚོགས་ལ་ཞུགས་ནས་ཇག་ལས་མི་བྱེད། རྒྱན་མི་འཇོག རྐུ་མི་བྱེད། རྫུན་དང་གཡོ་སྒྱུས་ཕ་མ་ཚུན་ཆོད་ལ་མགོ་གཡོག་མགོ་སྐོར་བྱེད་པའི་ལས་དེ་འདྲ་མི་བྱེད། ང་ལ་མཁོ་བའི་སློབ་གསོ་ཟེར་བ་འདི་ཡིན། སློབ་གསོ་འདིའི་རིགས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གཙོས་བོད་ཁམས་ཀྱི་སྒེར་གཉེར་སློབ་གྲྭ་རེ་ཟུང་ན་མ་གཏོགས་མེད་ཅེས་ཚིག་ཐག་གཅོད་ཐུབ།
གསར་འགོད་པ། ཡ་ཡ་། དེ་རིང་ཁྱེད་ཀྱིས་བདག་གི་བཅར་འདྲི་དང་ལེན་བྱས་པ་བཀའ་དྲིན་ཆེ།
རྟ་ནག་པ། ཡ་ཡ། སྐྱོན་མེད་ཀི་བཀའ་དྲིན་ཆེ།
|