​ ​ཉིན་འདི་དག་གི་དྲན་ཚུལ་ཞིག
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »​ ​ཉིན་འདི་དག་གི་དྲན་ཚུལ་ཞིག
​ ​ཉིན་འདི་དག་གི་དྲན་ཚུལ་ཞིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-09-07ལྟ་ཀློག (2217)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 ཉིན་འདི་དག་གི་དྲན་ཚུལ་ཞིག 

     གྱི་ལིང་འཇིགས་མེད། 
   ད་ནི་ང་རང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་རྒན་ལ་ཡོང་ནས་ལོ་འཁོར་བདུན་སོང་འདུག ཉིས་སྟོང་དགུའི་ལོའི་དཔྱིད་ཁ་ནས་འདི་གར་ཡོང་ཞིང་ཐོག་དང་བོར་སྐབས་དེའི་དངོས་གཞི་འཛིན་གྲྭ་ལ་སྦྱོར་ཀློག་དང་དམའ་རིམ་འཛིན་གྲྭ་ལ་དག་ཡིག་མཁས་པ་དགའ་སྐྱེད་ཅིག་ཁྲིད་པ་ཡིན། ལོ་དེའི་སྟོན་ཁ་ནས་གསར་དུ་བསྡུས་པའི་དངོས་གཞི་འཛིན་གྲྭའི་འཛིན་བདག་དང་བོད་ཡིག་དགེ་རྒན་དུ་བསྐོས་པ་ནས་ཁོ་ཚོ་སློབ་མཐར་ཕྱིན་རག་བར་དུ་སྦྱོར་ཀློག་དང་དག་ཡིག སུམ་རྟགས་སྙན་ངག  བསྡུས་གྲྭ་དང་ས་ལམ། ལོ་རྒྱུས་སོགས་སློབ་གྲྭའི་བཀོད་སྒྲིག་ལྟར་ཤེས་ཚོད་ཅིག་བཤད་ཁུལ་བྱས་ཏེ་ད་ལོ་དངོས་སུ་སློབ་མཐར་ཕྱིན་སོང་། མི་ལོ་འདི་དག་གི་རིང་ལ་ངས་རང་གིས་ཤེས་ཚོད་དང་འཇོན་ཚོད་ཀྱིས་སློབ་མ་ཚོར་འགན་རེ་ཁུར་བ་ཡིན། སྐབས་ལན་རེར་ཁོ་ཚོར་བསྔགས་བརྗོད་དང་མཚམས་ལན་རེར་སྐྱོན་བརྗོད་བྱས་ཤིང་། ད་དུང་སྐབས་མང་བོར་ཁོ་ཚོ་ཕྱི་རོལ་གྱི་སྤང་ལྗོངས་སོགས་སུ་རྩེད་འཇོར་ཁྲིད་དེ་སྤྲོ་སྐྱིད་ལ་རོལ། ཡང་སྐབས་ལན་རེར་ཐབས་སྣ་ཚོགས་ཀྱི་ལམ་ནས་ཆད་པ་བཅད་པ་སོགས་ད་ལྟ་ཕྱིར་དྲན་རེ་བྱས་ན་གཅིག་བུར་དགོད་འཆོར་ལ་ཞེ་སྨྲེང་བ་ཞིག་ཀྱང་རེད། 
     ང་ལ་མཚོན་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གཞན་དག་ལྟ་བུའི་ལྷག་བསམ་དང་བརྩོན་པ་མེད་པར་མ་ཟད། ཉམས་མྱོང་དང་ཐབས་བཀོད་སོགས་ཧ་ཅང་ཞན་པས་ངས་བསྐྱངས་པའི་སློབ་མ་དག་གིས་ཕམ་ཁ་འདྲ་མིན་སྣ་ཚོགས་ཤིག་མྱངས་ཡོད་པ་ནི་གསང་ཐབས་མེད་པ་ཞིག་ཡིན། འོན་ཀྱང་ངས་སློབ་ཁྲིད་བྱེད་པའམ་སྒྲིག་ལམ་འཇོག་པ་སོགས་སྐབའ་གང་ལའང་སློབ་མ་ནི་སློབ་གསོའི་དམིགས་ས་དང་། རང་ཉིད་ཀྱི་ཕུགས་འདུན་མངོན་པའི་ཞིང་ས་རྩ་ཆེན་དེ་ཡིན་སྙམ་པའི་རྩ་དོན་ཞིག་རྒྱུན་འཁྱོངས་བྱས་པ་ཡིན།  ངས་རྒྱུན་དུ་ཁོ་ཚོར། ཆད་པ་ནི་ནོར་འཁྲུལ་ཐག་གིས་གཅོད་བྱེད་ཡིན་པ་ལས་གནད་དོན་ཇེ་ཆེར་གཏོང་བྱེད་མིན། ཆད་པ་བཅད་པ་དེས་ཁྱོད་ཀྱི་བྱ་སྤྱོད་དེ་ནོར་འཁྲུལ་ཡིན་པར་གོ་བརྡ་སྤྲད་པ་ལས་ཁྱོད་རང་མ་རབ་ཐ་ཤལ་ཞིག་ཏུ་ཐག་གཅོད་བྱས་པ་མིན། ད་དུང་ཆད་པ་བཅད་པ་ནི་ཁྱོད་ལ་ཤ་ཚ་བའི་དབང་གིས་ཡིན་པ་ལས་ཁྱོད་ལ་སྡང་སེམས་སྐྱེས་པ་མིན། དེ་རིང་ཆད་པ་བཅད་ན་ཡང་སང་ཉིན་ཁྱོད་རང་སློབ་མ་གཞན་དང་ཁྱད་པར་ཅི་ཡང་མེད་ཅེས་བཤད་མྱོང་ལ། རང་གིས་དུས་ནམ་ཡང་དེ་ལྟ་བུའི་བསམ་བློ་དེ་རྒྱུན་འཁྱོངས་བྱས་པ་ཡིན། ངས་སློབ་མ་ལ་སློབ་གསོ་གཏོང་སྐབས་སློབ་མའི་གཤིས་ཀ་དང་བསྟུན་པ་ལས་རང་གི་དམིགས་ཡུལ་བསྟུན་པ་དེ་གཙོ་བོར་བཟུང་བ་ཡིན། སློབ་མ་ཅི་འདྲ་ཞིག་ཡིན་ནའང་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཐར་གཤིས་བཟང་ཡ་རབས་ཤིག་བྱེད་པར་རེ་བ་དང་འབོད་བསྐུལ་ཞུས་པ་ཡིན། 
    དེ་ལྟར་མི་ལོ་དུ་མའི་རིང་ལ་ང་ཚོ་དགེ་སློབ་ཚང་མའ་མཉམ་དུ་འབད་པ་ལྷོད་མེད་བྱས་པས་ད་ལྟ་ཁོ་ཚོ་མང་བོ་ཞིག་འདབ་ལག་རྒྱས་ཏེ་སློབ་མཐར་ཕྱིན། དེ་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་ཞུགས་སློབ་མ་མང་བོའི་རྣམ་པ་འདི་མཐོང་བས་བདག་གི་སེམས་སུ་རང་དབང་མེད་པར་མི་ལོ་དུ་མའི་ཡར་སྔོན་གྱི་རྣམ་པ་མང་བོ་ཞིག་དྲན་བྱུང་། ལོ་དེ་དག་ཏུ་ང་ཚོ་ཕན་ཚུན་ཆ་རྒྱུས་ཅི་ཡང་མེད་པ་མང་བོ་ཞིག་གནས་འདི་ནས་མཉམ་དུ་འདུས་ཤིང་དགེ་སློབ་ཏུ་གྱུར། ཁོ་ཚོ་གསར་དུ་ཡོང་དུས་ཀྱང་ད་ལྟའི་གསར་ཞུགས་འདི་དག་དང་འདྲ་བར་རེ་བའི་མིག་ཟུང་འོད་ཀྲིག་གེར་ང་ཚོའི་གདོང་ལ་བལྟས་ནས་ཡོང་། ཉེ་བའི་དུས་འདི་དག་ཏུ་དྲ་ལམ་སོགས་ནས་ངོ་མི་ཤེས་པ་མང་བོས་ང་ལ། ཁྱོད་ལྟ་བུ་ཞིག་དགེ་རྒན་བྱས་པ་ནི་མི་རིགས་ཀྱི་གྱོང་གུན་རེད་ཟེར་མཁན་དང་། ཁྱོད་ཚོས་མི་རབས་གསར་བའི་དཔུང་སྡེ་འདི་ཡང་རློག་བཞིན་འདུག་ཟེར་བ། ད་དུང་ཁྱོད་ཀྱིས་སློབ་མ་བསྐྱངས་ན་སློབ་གསོའི་གད་སྙིགས་རེད་ཟེར་མཁན་ཡང་མང་ལ། ཡང་འགའ་རེས། ཁྱོད་ཚོས་མི་རིགས་ཀྱི་ཆེད་དུ་གྲུབ་འབྲས་ཆེན་པོ་བཞག་དང་འཇོག་བཞིན་པ་པ་སྙིང་ནས་དགའ་གུས་ཡོད་ཟེར་བ་དང་། ཁྱེད་ཅག་ལ་ནམ་ཡང་ཡི་རང་དང་དགའ་དད་ཡོད་ཟེར་མཁན་ཡང་མང་། 
    བཟང་བཤད་ངན་བཤད་གང་བྱས་ཀྱང་རུང་སྟེ། ངས་འདི་ནས་བཤད་ཕོད་པ་ཞིག་ནི་བཤེས་གཉེན་དམ་པ་དག་གི་སྐུ་དྲིན་ལས་ང་རང་ཁྲེལ་དང་ངོ་ཚ་ཡོད་པའི་མི་ཞིག་ཡིན་པས། ངས་རང་གི་སློབ་དཔོན་དང་སློབ་མ་སུ་ལའང་འོས་མེད་བྱས་མེད་ལ་བྱ་ཡང་མི་སྲིད་དོ།།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ac4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865450
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号