སློབ་གླུ་ལས་འཕྲོས་ཏེ་ཤེས་རིག་གླིང་གི་རིན་ཐང་ཕྲན་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་གླུ་ལས་འཕྲོས་ཏེ་ཤེས་རིག་གླིང་གི་རིན་ཐང་ཕྲན་ཙམ་གླེང་བ།
སློབ་གླུ་ལས་འཕྲོས་ཏེ་ཤེས་རིག་གླིང་གི་རིན་ཐང་ཕྲན་ཙམ་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-09-04ལྟ་ཀློག (3534)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླུ་ལས་འཕྲོས་ཏེ་ཤེས་རིག་གླིང་གི་རིན་ཐང་ཕྲན་ཙམ་གླེང་བ།


སྒྱིས་ཚང་འཇམ་དབྱངས།

         བོད་ཀྱི་སྤྱི་ཚོགས་གསར་བ་འདི་འཕེལ་རྒྱས་སུ་སོང་བ་ལ་བོད་མི་དམངས་ཁྲོད་དུ་ཕན་འབྲས་ལྡན་པ་དང་ཤུགས་རྐྱེན་ཆེ་ཤས་ཀྱི་སློབ་གླིང་དག་གླེང་དུས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཐོག་མར་བགྲང་རྒྱུའི་གནས་སུ་གྱུར་ཡོད།

       དེ་བས་ཁོ་བོས་འདིར་སློབ་གླིང་དེ་གའི་རིན་ཐང་ལས་བརྩམས་ཏེ་སློབ་གླུ་ལས་མཐོང་བའི་སློབ་གསོའི་ཁ་ཕྱོགས་དེ་སློབ་གླིང་དེ་ལ་འགྲོ་མཁན་གྱི་སློབ་བུ་གང་དེ་གང་འདྲ་ཞིག་ཡིན་དགོས་པ།སློབ་གླིང་དེ་སློབ་བུ་གང་འདྲ་ཞིག་གསོ་སྐྱོང་བྱ་ཡུལ་ཡིན་པ།སློབ་གླིང་དེ་ནས་སློབ་མཐར་ཕྱིན་པའི་སློབ་མ་གང་འདྲ་ཞིག་ཡིན་དགོས་པའི་དོན་སྙིང་བསྟན་ཡོད་པའི་གླེང་གཞི་བཏོན་ཏེ་འདིར་ཅུང་ཙམ་བརྗོད་ན།

       སྤྱིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་པའི་སློབ་གྲྭ་དེ་ནི་ལོ་ངོ་དྲུག་གི་རིང་ལ་སློབ་མ་དག་གིས་སློབ་སྦྱོང་བྱས་ཏེ་མཐོ་འབྲིང་མཐར་ཕྱིན་ཀྱི་ལག་རྟགས་ཡོད་པའི་བོད་ཀྱི་སློབ་འབྲིང་ཞིག་ཡིན་མོད།སློབ་གླིང་དེའི་དགེ་རྒན་དང་སྒྲིག་ལམ།བོད་ཡིག་གི་འཁྲིད་བྱ་བཅས་ནི་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་དང་བསྡུར་ན་གཞན་དག་ལས་ངོ་གནོང་མི་དགོས་པའི་གྲུབ་འབྲས་མངོན་གསལ་ཅན་ལེན་བཞིན་པ་ཞིག་ཡིན།དེ་ལ་ཁྱད་ཆོས་མང་དུ་ཡོད་ཀྱང་རྐྱེན་གཙོ་བོ་གསུམ་ཡོད་པར་འདོད་དེ།

       དང་བོ།   སློབ་གླིང་དེའི་སྒྲིག་ལམ་དོ་དམ་བྱེད་ཚུལ་ནི་སློབ་མའི་སློབ་སྦྱོང་གི་མཐུན་རྐྱེན་དུ་གྱུར་པའི་སྒྲིག་ཡིག་གཙོ་བོ་དོན་ཚན་བཅྭོ་བརྒྱད་དུ་བགོས་ནས་སློབ་གཙོ་དང་དགེ་རྒན།ལས་བཟོ་བ་དང་སྒྲིག་འཛིན་པ།འཛིན་དཔོན་དང་གྲལ་དཔོན་བཅས་ཞིབ་ཕྲར་བྱས་ནས་གོ་རིམ་བཞིན་སློབ་མ་རྣམས་གོང་འོག་བརྩི་བཀུར་གྱི་སྒོ་ནས་དོ་དམ་བྱེད་བཞིན་མཐོ་དམན་ཀུན་ལ་སྒྲིག་ཡིག་ལྟར་ལག་ལེན་དུ་བསྟར་བཞིན་ཡོད་པས་སློབ་མས་རང་རྟོག་གིས་སློབ་སྦྱོང་བྱེད་པའི་རྒྱུན་མཐུད་ནས་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་ནིི་སློབ་མའི་གྲུབ་འབྲས་མངོན་གསལ་ཅན་ལེན་ཐུབ་པའི་རྒྱུ་མཚན་གཅིག་ཡིན།

       གཉིས་ནས་དགེ་རྒན་གྱི་ཆ་ནས་ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་གྱི་དགེ་རྒན་དག་སློབ་གླུ་ལས་ང་ཡི་སྤྱི་གཙུག་ཏུ་གཟི་བྱིན་འབར་བའི་སློབ་དཔོན་དམ་པ་ཞེས་པའི་ཚིག་འདིས་སློབ་བུ་ཚོའི་སེམས་ཁུང་དུ་དགེ་རྒན་ལ་དགའ་བ་དང་ཡིད་ཆེས་ཀྱིས་ཕྱུག་བཞིན་སློབ་ཁྲིད་ལ་སྤྲོ་སྣང་གིས་ཁེངས་པའི་དགེ་རྒན་ནི་མི་རིགས་འདི་དར་རྒྱས་སུ་འགྲོ་མིན་གཞོན་སྐྱེས་རྣམས་ལ་རག་ལས་པས་མི་རིགས་འཕེལ་རྒྱས་སུ་གཏོང་མཁན་གྱི་གཞོན་སྐྱེས་ཚོ་དགེ་རྒན་གྱིས་གསོ་སྐྱོང་བཟང་བོ་བྱས་མིན་ལ་བལྟས་པས་སློབ་གླུ་ལས་ཁྱེད་ནི་མི་རིགས་ཀྱི་མགོན་སྐྱབས་ཡིན་ཞེས་སྨྲས་པ་མ་ཡིན་ནམ།  ད་དུང་དགེ་རྒན་ནི་རང་རང་གི་འཁྲིད་བྱའི་གནས་ལ་མཁས་པ་ཡིན་པ་མ་ཟད་སྤྱིར་མཁས་པ་ཡིན་པ་དང་ལོ་མང་རིང་སློབ་ཁྲིད་ཀྱི་ཉམས་མྱོང་བསགས་པའི་དགེ་རྒན་སྤྱོད་བཟང་དང་བྱམས་བརྩེ་ལྡན་པའི་སྒོ་ནས་སློབ་བུ་ཚོའི་མི་ཚེ་རིན་ཐང་ཅན་ཞིག་ཏུ་འགྱུར་བའི་ལམ་སྟོན་བྱེད་ཐུབ་པའི་དགེ་རྒན་ཞིག་བྱེད་དགོས་པར་ཡང་སློབ་གླུ་ལས།  མི་རིགས་མགོན་སྐྱབས་དང་ཡོན་ཏན་གྱི་བང་མཛོད་ཡིན། ཁྱེད་ཀྱིས་གཞན་དོན་གྱི་ནོར་བུ་འཁུར་ཅིང་།  བྱམས་བརྩེ་དང་ཞི་དུལ་གྱི་སློབ་བུ་བསྐྱངས།  ང་ཡི་སློབ་དཔོན་དམ་པ། ཁྱེད་ནི་ང་ཚོའི་མི་ཚེ་ལ་འོད་སྟོང་སྦྱིན་པའི་ཉིན་བྱེད་ཡིན། ཞེས་སློབ་གླིང་རང་གི་དགེ་རྒན་ཞིག་གི་ཁྱད་ཆོས་དང་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་དགེ་སློབ་གཉིས་ཀྱིས་མཉམ་ལས་ཀྱིས་བཞེངས་པའི་གྲུབ་འབྲས་ཐོབ་ཀྱིན་ཡོད་པར་བསྟན་པ་རེད།

       གསུམ་ནས་བོད་ཡིག་གི་འཁྲིད་བྱའི་བསླབ་དེབ་ཀྱི་ཆ་ནས་སུམ་རྟགས་དག་གསུམ་དང་ལོ་རྒྱུས་རིག་པ། ཚད་མ་རིག་པ།ནང་དོན་རིག་པ། གནའ་དེང་རྩོམ་རིག གནའ་དེང་སྒྲ་རིག་པ། རྩིས་དཀར་ནག་བཅས་ཁྲིད་ཀྱིན་ཡོད་པ་མ་ཟད།  འཁྲིད་བྱའི་བསླབ་དེབ་གཙོ་བོ་དག་སྲོལ་རྒྱུན་གྱི་གཙོ་བོ་བྱས་ནས་དེའི་སྟེང་དེང་རབས་ཀྱི་བསླབ་དེབ་སྒྲིག་སྟངས་ལྟར་སྒྲིག་ཡོད་པས་གནའ་དེང་ཟུང་འབྲེལ་གྱིས་གྲུབ་པའི་སློབ་དེབ་ཤ་སྟག་ཡིན་པས་བོད་ཡིག་གི་འཁྲིད་བྱའི་ཆ་ནས་སློབ་གྲྭ་ཆེན་མོ་ལས་བརྒལ་ཡོད་པ་ལྟ་བུ་ཡིན།  འདི་ལྟར་དགེ་རྒན་དང་སྒྲིག་ལམ་འཁྲིད་བྱ་བཅས་ཀྱིས་བསྐྱངས་པའི་སློབ་མའི་གྲུབ་འབྲས་ནི་ཤེས་ཡོན་དང་ཀུན་སྤྱོད་གཉིས་ལྡན་གྱི་སློབ་བུ་ཡ་རབས་ཤིག་འཁྱོང་བཞིན་ཡོད། ཀུན་སྤྱོད་ཀྱི་ཐད་ནས་སློབ་དཔོན་རྣམ་པས་ནམ་རྒྱུན་ཆོས་ལུགས་ཀྱི་བསླབ་བྱ་དང་བསྒྲགས་ཏེ་སློབ་གསོ་གཏོང་བཞིན་ཡོད་པས་གཞན་དང་མི་འདྲ་བ་ཞིག་ཏུ་འགྱུར་ཡོད།  སློབ་མའི་ཤེས་ཡོན་ཀྱི་ཆ་ནས་མཐར་ཕྱིན་འབྲས་རྟགས་སུ་སུམ་རྟགས་དག་གསུམ་གྱི་འགྲེལ་བ། ལོ་རྒྱུས་ཀྱི་སྤྱི་དོན་དང་ལོ་རྒྱུས་རིག་པའི་དཔྱད་རྩོམ། ཚིག་བཅད་སྙན་དེབ། རང་མོས་སྙན་དེབ། སྒྲུང་རྩོམ་ཆེད་དེབ། རྩོམ་རིག་གསར་རྙིང་གི་དཔྱད་རྩོམ། ནང་དོོན་རིག་པའི་དཔྱད་རྩོམ། ཚད་མ་རིག་པའི་དཔྱད་རྩོམ་དང་ད་ལྟའི་ང་ཚོའི་མི་རིགས་འདིའི་གནས་བབས་ལ་ལྟོས་ཏེ་འཕེལ་རྒྱས་སུ་འགྲོ་དགོས་པའི་ཆ་དང་ཉམས་རྒུད་ཆ་ལ་བསམ་གཞིག་བྱས་ཏེ་གླེང་བརྗོད་གང་མང་སྤེལ་མཁན་བཅས་སྒེར་གྱི་བརྩམས་ཆོས་དང་དུས་དེབ།   མཐར་ཕྱིན་ཆེད་རྩོམ་སོགས་སུ་བཀོད་ཡོད་པ་ལ་གཞིག་ན་སློབ་གླིང་འདིའི་སློབ་བུ་དག་གི་གྲུབ་འབྲས་འབུར་དུ་ཐོན་པ་ཞིག་བླངས་ཡོད་པ་དང་ལེན་ཐུབ་པའི་རྒྱུ་མཚན་མངོན་ཐུབ་པ་མ་ཟད་སློབ་གླིང་གི་རིན་ཐང་གསལ་བོར་མཚོན་ཡོད།

      སྤྱིར་སློབ་གླིང་འདི་གའི་སློབ་གསོའི་ཁ་ཕྱོགས་ནི་སློབ་གླུ་ལས་ང་ཡི་སེམས་གཏིང་གི་མཛའ་བརྩེ་བཅིང་བའི་སློབ་གྲོགས་བཟང་བོ།  ཁྱེད་ནི་མི་རིགས་རེ་བ་དང་མ་འོངས་པའི་དེད་དཔོན་ཡིན།  ཁྱེད་ཀྱིས་ཤེས་རིག་གི་འབྲི་འོ་འཐུང་ཞིང་།  དད་བརྩོན་དང་མཐུན་སྒྲིལ་གྱི་ཁོར་ཡུག་བསྐྲུན།  ང་ཡི་སློབ་གྲོགས་བཟང་བོ། ང་ཚོའི་བླ་མེད་ཀྱི་སྙིང་སྟོབས་དང་རིག་འབྱོར་སྲིད་ཀྱི་རྒྱལ་མཚན་བསྒྲེངས།  ཅེས་པའི་ཚན་པ་འདིས་སློབ་གླིང་འདིར་ཞུགས་མཁན་གྱི་སློབ་བུ་དེར་ཆོད་སེམས་གང་འདྲ་ཞིག་དགོས་པར་བསྟན་པ་དང་སློབ་གླིང་དེ་ནས་སློབ་སྦྱོང་བྱེད་བཞིན་པ་དང་བྱས་ཟིན་པའི་སློབ་བུཚོའི་བསམ་བློ་གང་འདྲ་ཞིག་དགོས་པར་བསྟན་པའི་རེ་བ་དང་འགན་འཁྲི་བསྟན་པར་མ་ཟད།  སློབ་གླིང་དེས་བརྩེ་བའི་སྐྱོང་བཞིན་པའི་སློབ་བུ་ཁྱེད་རང་མི་རིགས་དང་རང་གི་ཡུལ་ལུང་།  ཚོགས་སྡེ་གང་ཞིག་གི་མིག་གིས་ལྟ་ས་དང་སེམས་ཀྱིས་ཉན་སའི་སྣེ་ཁྲིད་པ་སྟེ།དེད་དཔོན་ཡིན་པའི་རེ་བ་དང་ཡིད་ཆས་ཀྱིས་ཁེངས་པ་སྟོན་བཞིན་ཤེས་རིག་གི་འབྲི་འོ་བོད་ཀྱི་རིག་གནས་མཚོན་བྱེད་དུ་བཞག་ནས་བོད་ཀྱི་རིག་གནས་ལ་ཡིད་ཆེས་ཀྱི་དགའ་བ་དང་དེ་ལ་བརྩོན་འགྲུས་བྱ་དགོས་པ་དང་སློབ་བུ་ཚོ་ནམ་ཡིན་ཡང་མི་རིགས་འདིའི་ཆེད་མཐུན་སྒྲིལ་གྱི་སྒོ་ནས་མི་རིགས་འདིའི་སྲིད་འབྱོར་རིག་གསུམ་དར་སྤེལ་བྱས་ནས་ཆོས་སྲིད་རིག་གནས་གང་གི་ཆ་ནས་མངོན་པར་མཐོ་བའི་རྒྱལ་ཁའི་དར་ཆ་བསྒྲེང་དགོས་པར་བསྟན་པ་ཞིག་རེད།  སློབ་གླུ་ལས་མཐོང་བའི་སློབ་གླིང་ནི་ང་ཡི་སྙིང་ཁུང་དུ་འོད་ཀྱིས་ཁེངས་པའི་མ་ཡུམ་སློབ་གྲྭ་ཁྱེད་ནི་མི་རིགས་ཀྱི་བླ་སྲོག་དང་ཤེས་རིག་གི་ལྡེ་མིག་ཡིན།ཁྱེད་ཀྱིས་གསར་གཏོད་ཀྱི་ལམ་ཆེན་བཟོས་ཤིང་།  སྒྱུ་རྩལ་དང་ཚན་རིག་གི་ཞིང་ཁམས་བཞེངས།ང་ཡི་མ་ཡུམ་སློབ་གྲྭ།  ཁྱེད་ནི་ང་ཚོའི་སྤྲོ་སྐྱིད་ལྡན་པའི་ཕ་ཁྱིམ་ཡིན།  ཞེས་པའི་ཚིག་འདིའི་སློབ་བུ་གང་མང་ཞིག་གི་སེམས་ཁུང་དུ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་སློབ་གླིང་དེ་ནི་བོད་མི་རིགས་བླ་སྲོག་ལྟ་བུའི་སྐད་ཡིག་དང་རིག་གནས་གཙོ་བོར་བྱས་ནས་སྦྱང་ཡུལ་དེ་སློབ་བུ་གྲངས་མང་ཤིག་གི་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པར་སྟོན་བཞིན་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་སྦྱོང་བཞིན་གསར་རྙིང་གི་ལྟ་བ་གང་གི་ཕྱོགས་སུ་མ་ལྷུང་བར་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་ཕན་འབྲས་ལྡན་ལ་གསར་གཏོད་ཀྱིས་ཕྱུག་པའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ལྡན་གྱི་མི་རིགས་ཤིག་འབྱུང་བའི་མི་སྣ་བསྐྱེད་བསྲིང་བྱ་ཡུལ་གྱི་ཕ་ཁྱིམ་ལྟ་བུ་ཞིག་ཡིན་པར་བསྟན་པ་རེད།

      བསྡུས་དོན་སློབ་གཙོ་ཁོང་གིས་སློབ་གླིང་དེ་གསར་སུ་བཙུགས་པ་དང་མཉམ་དུ་སློབ་གསོའི་ཁ་ཕྱོགས་མཚོན་པའི་འོད་ཀྱི་ཁེངས་པའི་མ་ཡུམ་སློབ་གྲྭ་ཞེས་པའི་སྙན་ཚིག་འདི་བརྩམས་པ་ནི་སློབ་གླིང་དེ་འཛུགས་པའི་དམིགས་ཡུལ་ཡིན་པར་འདོད་ལ།   སློབ་གླིང་དེ་བཙུགས་པ་ནས་བཟུང་ལོ་རེ་རེས་ལ་འཕེལ་རྒྱས་སུ་སོང་སྟེ་སློབ་གླུས་བསྟན་པའི་སློབ་གསོའི་ཁ་ཕྱོགས་ཀྱི་ལམ་དུ་བསྐྱོད་པ་ནི་སློབ་གཙོ་ཁོང་གིས་ལག་ལེན་གྱི་སྒོ་ནས་གནའ་དེང་ཟུང་འབྲེལ་གྱི་ལམ་བུ་ཞིག་བདེན་དཔང་བྱས་པ་མ་ཟད།   སློབ་གསོའི་ནང་དོན་ནི་སློབ་གཙོ་ཁོང་གི་ཕུགས་བསམ་དང་དགེ་སློབ་ཡོངས་ལ་བསྩལ་པའི་འགན་འཁྲི་རེད།  མཇུག་མཐར་ཞུ་འདོད་པ་ཞིག་ནི་སློབ་གསོ་བ་ཞིག་གི་བསམ་བློའི་གཏེར་ཁ་བརྡོལ་བའི་སྙན་ཚིག་འདི་ལ་གོང་དུ་གླེང་བརྗོད་ཕྲན་ཙམ་བྱས་པ་འདིར་ཆད་ལྷག་གི་གསལ་བར་བཀྲལ་མ་ཐུབ་པའི་སྐྱོན་གང་མཆིས་པ་ལ་སློབ་གླིང་དེ་ཉིད་དང་འབྲེལ་བའི་ཀློག་པ་པོ་ཡོངས་ལ་དགོངས་འགལ་མེད་པར་ཞུ་བ་ལགས།

༢༠༡༤/༦/༡༥ཉིན་བྲིས།


རྩོམ་སྒྲིག་འགན་འཁུར་བ།   མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500405
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།