སེམས་ཀྱི་བདེ་སྐྱིད་བཤད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སེམས་ཀྱི་བདེ་སྐྱིད་བཤད་པ།
སེམས་ཀྱི་བདེ་སྐྱིད་བཤད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-09-03ལྟ་ཀློག (13882)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

སེམས་ཀྱི་བདེ་སྐྱིད་བཤད་པ།  

སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེས་བརྩམས། 

གཅིག  ནང་སེམས་ཀྱི་ཚན་རིག 

     ང་ཚོས་ནམ་རྒྱུན་འཇིག་རྟེན་གྱི་འཚོ་བའི་ཁྲོད་འདིར་བཟློག་ཏུ་མེད་པའི་ཆུ་ཀླུང་དྲག་པོས་བདས་བ་བཞིན།མཐོ་བ་མིའི་རིགས་ནས་ཉམ་ཆུང་དུད་འགྲོ་དང་འབུ་སྲིན་གྲོག་མ་ཚུན་ཆད་བར་དུ་འབད་འབུངས་ལས་ལ་བརྩོན་པ་མཐོང་ལ། ད་དུང་ཡངས་བའི་རྒྱལ་ཁམས་དང་།  འཛམ་གླིང་ཞི་བདེ། བྱམས་སྙིང་རྗེ་ཞེས་པའི་སྐད་ཆ་རེའང་བཤད་མོད།དོན་དངོས་རང་ཉིད་ཙམ་གྱི་བདེ་སྐྱིད་དོན་དུ་གཉེར་ཆེད་མཆོང་ལྡིང་བྱེད་བཞིན་ཡོད། དེ་ཡིན་ཀྱང་སྲིད་དེ། རང་དོན་གཙོ་བོར་བྱེད་ཅིང་གཞན་དོན་གཙོ་བོར་མི་བྱེད་པའི་བྱང་སེམས་མེད་པས།ས་ཆེན་པོ་འདི་བྱང་སེམས་ཅན་གྱིས་གང་དགོས་པ་དེ་ཡང་སྨོན་ལམ་གྱི་ཡུལ་ཙམ་དུ་ཟད། གང་ལྟར་རང་གཞན་ཀུན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་འཛོམ་རྒྱུ་འདི་སྐྱེ་འཕགས་ཀུན་གྱི་བསམ་བློ་རྨ་མེད་པ་ཞིག་ཡིན་ན།ངེས་པར་དུ་ནད་པས་སྨན་བསྟེན་པ་བཞིན་སྡུག་བསྔལ་གྱི་ནད་ཞི་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་བསྟེན་དགོས་པ་དང་།བདེ་སྐྱིད་སྒྲུབ་པའི་རྒྱུ་ཚོགས་གསར་བ་འབྲས་བུ་ལ་བསླུ་མི་སྲིད་པ་ཞིག་ངེས་བར་དགོས། དེ་ཡང་འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས།སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ།། མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ།། ཞེས་རྣམ་པར་ཐར་བའི་སྒོ་གསུམ་གསུངས་པ་ནི།ཆོས་རྣམས་ཀྱི་རང་རང་གི་ངོ་བོ་བདེན་པས་སྟོང་བ་སྟོང་ཉིད་རྣམ་ཐར་དང་རྒྱུ་བདེན་པར་འཛིན་པ་ཞི་བ་སྟེ་མཚན་མེད་རྣམ་ཐར་དང་།འབྲས་བུ་བདེན་གྲུབ་ཀྱིས་སྟོང་བ་ནི་སྐྱེ་བ་བླ་ན་མེད་པའི་དོན་ཏེ་སྨོན་མེད་རྣམ་ཐར་ཡིན། འདི་གསུམ་གྱི་རྒྱུ་འབྲས་ངོ་བོ་བདེན་པར་སྟོང་བའི་ཚུལ་མ་ཤེས་ན།བདག་འཛིན་གཉིས་ཀྱི་འཛིན་སྟངས་སུན་དབྱུང་མི་ནུས་ལ། དེ་མ་ནུས་ན་བདག་འཛིན་དང་རང་གཅེས་འཛིན་གྱི་དབང་དུ་སོང་སྟེ།ཆགས་སྡང་རྨོངས་གསུམ་གྱིས་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བསགས་སྟོབས་ཀྱིས་འགྲོ་བ་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིར་ཟོ་ཆུན་གྱི་རྒྱུན་ལྟར་ཡང་དང་ཡང་དུ་འཁྱམས་པར་འགྱུར་རོ།།

    དེས་ན་རྨོངས་པའི་སེམས་འདི་རིག་པ་ཡེ་ཤེས་ཀྱི་ངོ་བོར་བསྒྱུར་ཏེ་བྱམས་པ་དང་སྙིང་རྗེ།གཞན་ཕན་གྱི་སེམས་སྦྱོངས་སྟོབས་ཀྱིས་གཞན་ལ་གནོད་པ་མི་བྱེད་པའི་དགེ་སེམས། གཞན་དོན་ཁུར་དུ་འཁྱེར་བའི་སྙིང་རྗེ། ཕན་འདོགས་པའི་ལྷག་བསམ་སོགས་ཚིག་ཙམ་མ་ཡིན་པར་དོན་ཐོག་ཏུ་འབབ་པ་བྱ་རྒྱུ་ནི་རང་ཉིད་ལ་བདེ་སྐྱིད་འབྱུང་བའི་གཞི་དམ་པ་དང་འཛམ་གླིང་གི་ཞི་བདེ་བརྟན་པའི་རྨང་གཞི།ལས་འབྲས་དང་སྐྱེ་བ་སྔ་ཕྱི་མཐོང་བའི་མིག མི་རིགས་དང་མི་རིགས་བར་གྱི་མཐུན་སྒྲིལ་དང་གོ་རྟོགས་མཐོར་འདེགས་བྱེད་པའི་ཚན་རིག་བསླུ་མེད་ཅིག་ཡིན། ཕྱིའི་ཚན་རིག་དང་ནང་གི་ཚན་རིག་གཉིས་ལས་འགྲོ་བ་སེམས་ཅན་ལ་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་དངོས་ནི་གང་ཡིན་ཞེ་ན།ཁོ་བོས་ཕྱིའི་ཚན་རིག་རྫས་གློག་འཕྲུལ་གསུམ་དང་ནང་གི་ཚན་རིག་ཤེས་རིག་ཡོན་ཏན་གཉིས་ལས་མཐའ་གཅིག་ཏུ་ཕྱི་མ་འདི་ཡིན་པར་ཁས་ལེན་པའོ།།         

གཉིས། བདེ་སྐྱིད་ནི་སྣང་བ་གསོན་པོ་ཞིག་ཡིན། 

    བདེ་ཞིང་སྐྱིད་པ་ཞེས་པའི་ཉམས་ཀྱི་ཚོར་བ་འདི་ནི་སེམས་ཁོ་ན་ལས་བྱུང་བའི་སྣང་བ་གསོན་པོ་ལུས་སེམས་ཚིམ་པར་བྱེད་པ་ཞིག་ཡིན་ཏེ། དཔེར་ན། མིག་གིས་ཡིད་དུ་འོང་བའི་གྲོགས་པོ་ཞིག་མཐོང་བའི་ཚེ།ཡུལ་དབང་རྣམ་ཤེས་གསུམ་འཕྲད་པ་ལས་བྱུང་པའི་དགའ་མགུ་སྤྲོ་བ་ལྟ་བུ་དེ་ཡིན་ལ། ད་དུང་མིའི་རང་བཞིན་དང་བསམ་བློ།ཁོར་ཡུག  གོམས་གཤིས། འགྱུར་ལྡོག་མི་འདྲ་བའི་གཞིའམ་མ་ཡུམ་ལྟ་བུ་ནི་སེམས་ཡིན་པ་དང་།སེམས་ནི་ལུས་ཕུང་ལ་བརྟེན་པ་ཡིན་པས་བདེ་བ་ལ་སེམས་ཀྱི་བདེ་བ་དང་ལུས་ཀྱི་བདེ་བ་གཉིས་མ་གཏོགས་མེད། དེས་ན་ཡན་ལག་ལྔ་ལྡན་གྱི་ལུས་ཕུང་ལ་ཆག་འཇིག་དང་དབང་བོར་གནོད་སྐྱོན་མེད་པ་དང་།ནད་སོགས་ཀྱིས་གདུང་བ་མེད་པར་བདེ་ཐང་ཡིན་རྒྱུ་འདི། སེམས་ལ་བདེ་དགའ་ལོངས་སྤྱོད་འཛོམ་པའི་གཞི་ཡིན་སྟབས་གཙོ་ཆེ་མོད།དེ་ལས་ཀྱང་གཙོ་ཆེ་བ་ནི། ནང་སེམས་ཀྱི་ངོ་བོ་ངོས་ཟིན་པར་བྱས་ནས་དགའ་སྡུག་གི་དབྱེ་བ་ཇི་ལྟར་བྱུང་བའི་ཚོར་སྣང་དེ་ཤེས་དགོས།དེ་མི་ཤེས་ན་དེང་རབས་སྤྱི་ཚོགས་སྟེང་མི་ཚང་མས་དོན་དུ་བདེ་སྐྱིད་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་དང་།  རང་ཉིད་ཇི་ལྟར་འཚོ་བའི་ཕྱོགས་ལ་མགོ་རྨོངས་ནས་འདུག  མི་ཞིག་ལ་བདེ་སྐྱིད་ལྡན་མི་ལྡན་ནི་གཙོ་བོ་ནང་སེམས་ཀྱི་ངོས་ན་དགའ་སྤྲོ་དཔག་མེད་ཀྱི་རྣམ་པ་ཡོད་མེད་ལ་ཟེར་བ་ལས།ཕྱིའི་དངོས་བོའི་ཆ་རྐྱེན་དང་། དཔལ་འབྱོར། ཡང་ན། སྒོར་མོ་ཡོད་མེད་ལ་བལྟོས་པ་མེད། དཔེར་ན། རང་གི་ལྟོ་གོས་འདང་ཙམ་ལས་མེད་ཀྱང་།ངོ་འཛུམ་མདངས་དང་སེམས་བདེ་དགས་ཁྱབ་པའི་རྩྭ་ཐང་གི་རྒན་པོ་ཡོད་ལ། གདུག་རྩུབ་དང་ཞེ་སྡང་མངོན་དུ་གྱུར་བའི་དབང་འཛིན་པ་དང་།ཡང་ན། དཔལ་འབྱོར་གྱི་ཕྱུག་པོ་ཡོད་པ་འདིས། ང་ཚོར་བདེན་དོན་གྱི་སྐད་ཆ་ཞིག་གསལ་བོར་བཤད་པ་ཡིན་ཏེ། ལུས་དང་སེམས་ཀྱི་བདེ་སྡུག་རིགས་མི་འདྲ་བ་གཉིས་ཡོད་པ་ལས་སེམས་ཀྱི་བདེ་སྡུག་ཤུགས་ཆེ་བར་བསྟན་པ་ཡིན།དེས་ན་ཕྱི་དངོས་འཛུགས་སྐྲུན་དང་དཔལ་འབྱོར་ཁོ་ན་གོང་འཕེལ་དུ་གཏོང་བ་ལ་མི་བརྩོན་པར། ནང་སེམས་ཀྱི་ཤེས་རིག་ཡོན་ཏན་དང་།བསམ་བློའི་གོ་རྟོགས་ཚད་མཐོན་པོར་བཏང་སྟེ། སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་།སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ།བདེ་སྐྱིད་དང་མ་བྲལ་ན་སྙམ་པའི་དགའ་བ། ཁྱོད་ཤི་ང་གསོན་གྱི་ཕྱོགས་རིས་དང་བྲལ་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་སོགས་ལ་སློབ་སྦྱོང་དང་གོམས་གཤིས་སུ་བསྒྱུར་ཏེ་རང་གཞན་ཀུན་གྱི་བདེ་བའི་མཆོག  སེམས་སྐྱིད་པ་ཞིག་སྒྲུབ་རྒྱུ་འདི་ང་ཚོ་ཚང་མའི་དམིགས་འདུན་དང་ཆེས་འོད་སྟོང་ལྡན་པའི་མདུན་ལམ་ཡིན།      

གསུམ། བདེ་བའི་མཆོག་ནི་སེམས་སྐྱིད་པ་ཡིན། 

    བདེ་སྐྱིད་ཟེར་བ་དེ་ནི་ཕྱིའི་དཔལ་འབྱོར་གནས་མལ་ཁང་ཁྱིམ་དང་ཟ་འཐུང་ལྟོ་གོས་སོགས་འཚོ་བའི་ཆ་རྐྱེན་ལ་བརྟེན་ནས་ལུས་ཀྱི་བདེ་བ་སྐྲུན་པ་དང་།སེམས་ཀྱི་དགེ་བ་དང་ཆོག་ཤེས་ལ་བརྟེན་ནས་ནང་གི་བདེ་བ་སྒྲུབ་པ་གཉིས་ཡོད། དེ་གཉིས་ཀ་ལྷུན་གྲུབ་ཏུ་བྱུང་ན། ད་གཟོད་སུ་ཡིན་ཀྱང་བདེ་སྐྱིད་ཡོངས་སུ་འཛོམས་པོ་ཞིག་སྤྱོད་ཐུབ་ཅེས་བཤད་མོད། བདེ་བའི་ངོ་བོ་དང་བདེ་བ་གང་ལས་འབྱུང་བའི་གཞི་རྩ་ནི་སེམས་ཡིན་པས་སེམས་ཀྱི་འཁྱེར་སོའམ་འཆར་སྣང་བདེ་བའི་ལས་སུ་རུང་བར་བསྒྱུར་བ་འདི་ལས་གཞན་པའི་སེམས་ཀྱི་བདེ་བ་སྒྲུབ་པའི་ཐབས་བཀོད་ཅི་ཡང་མེད།ཕྱིའི་དཔལ་འབྱོར་དང་འཛུགས་སྐྲུན། ཆ་རྐྱེན་སོགས་ལ་ཆོག་ཤེས་འཛིན་པའི་བསམ་པ་ཞིག་མེད་ན། དཔལ་འབྱོར་གྱིས་རང་ལ་ཞབས་ཞུ་མི་བསྒྲུབ་པར་མ་ཟད།རང་ཉིད་དཔལ་འབྱོར་དང་སྒོར་མོའི་བྲན་གཡོག་ཏུ་འགྱུར་སྲིད། དེ་ལྟར་གྱུར་ན། འབད་པས་བསགས་པའི་དཔལ་འབྱོར་དེ་རང་ལ་སྡུག་ལས་དང་མི་ཁོམ་པ་སྟེར་བའི་བྱེད་པོ་ཡིན་པས།བདེ་སྐྱིད་དང་ལུས་སེམས་འཛོམས་པའི་དགྲ་བོ་ཡིན།དཔལ་འབྱོར་དང་སྒོར་མོ་བསགས་པ་སོགས་འཇིག་རྟེན་བྱ་གཞག་ཀུན་ལ་ཆོག་ཤེས་མེད་པར་བརྒྱ་ཡོད་ན་སྟོང་དང་།ཁྲི་ཡོད་ན་དུང་ཕྱུར་དུ་སྙེག་པ་ལྟ་བུའི་ཧམ་སེམས་སྐྱེས་ཚེ།ཧམ་སེམས་ཀྱི་མེ་ལྕེ་དམར་པོ་དེ་འདོད་ཆགས་དང་སྲེད་པ་ཡིན་པས།དེའི་འབྲས་བུ་ལ་བདེ་སྐྱིད་ཅིག་ཇི་ལྟར་འབྱུང་།དེས་ན་འདོད་ཆུང་ཆོག་ཤེས་ཟེར་བའི་བསམ་པའི་འཛིན་སྟངས་འདི་ནི།ལུས་སེམས་གཉིས་ངལ་གསོ་བསྟེན་སའི་འཇུ་ཐག་ཁོ་ན་ཡིན་ལ།བདེ་སྐྱིད་ཀྱི་ཚེ་སྲོག་རྒྱུན་འཁྱོངས་བྱེད་པའི་གྲུབ་ཆ་གཙོ་བའང་ཡིན། དེས་ན་ང་ཚོ་ཚང་མས་བདེ་སྐྱིད་ཅིག་དོན་དུ་གཉེར་བ་ཡིན་ན་ཆོག་ཤེས་བསམ་པའི་ལྟ་ཚུལ་འདི་འགྲིག་པ་རེད་མ་གཏོགས།གཞན་དུ་རྒྱུ་ནོར་ལོངས་སྤྱོད་དང་གསེར་དངུལ་གྱི་མཛོད་ལ་དབང་བསྒྱུར་ཀྱང་འདོད་པའི་བསམ་བློ་ལ་གང་མཐའ་མེད། ད་དུང་རང་གིས་ཟ་མི་ཐུབ།གཞན་ལ་སྟེར་མི་ཐུབ། སེར་སྣ་དང་ཆགས་སྡང་གིས་རྒྱུན་དུ་བདག་བཟུང་དང་གཉོར་སྐྱོང་བྱེད་དགོས་ན། དེ་ལས་ལྷག་པའི་ལུས་སེམས་ངལ་བ་དང་སྡུག་བསྔལ་གྱི་ཁ་སྣོན་ཞིག་གང་ན་ཡོད།ཁོ་བོ་པེ་ཅིན་དུ་སྡོད་སྐབས་དམངས་སྒོར་དུང་ཕྱུར་གསུམ་ལྷག་ཡོད་པའི་རྒྱ་མི་ཚོང་དཔོན་ཞིག་གི་ཁྱིམ་ཚང་དང་། ལས་ཁུངས། བཟོ་གྲྭ གཞུང་སྒྲུབ་ཁང་སོགས་ཁོའི་དཔལ་འབྱོར་དང་ཆ་རྐྱེན་རིག་ནས་བདག་གི་སེམས་ལ་འཇིག་རྟེན་མི་ཡུལ་ན་ལྷ་ཡུལ་གྱི་གྲོང་ཁྱེར་དང་འབྱོར་བ། བདེ་སྐྱིད་མངོན་སུམ་དུ་གྲུབ་པ་ན།སངས་རྒྱས་ཆོས་ལུགས་ལས་ཞི་སྒོ་གཅིག་ཁོ་ནར་བཤད་པའི་ཐབས་ལམ་ལས་གཞན་དུའང་མིའི་བདེ་སྐྱིད་སྒྲུབ་ལུགས་དང་སྡུག་བསྔལ་སེལ་ཐབས་ཡོད་སྙམ་པ་བྱུང་།གློ་བུར་ཤེས་གསལ་བྱུང་བ་ཞིག་ལ་ཚོང་དཔོན་དེའི་ལུས་ཕུང་བདེ་ཐང་མིན་པས་ལུས་མདངས་ཉམས་ཤིང་ལུས་དྲོད་ཤོར་བའི་རྐྱེན་གྱིས་ཕོ་བས་ཟས་མི་འཇུ་བ།ལས་རིགས་ཀུན་ལ་སེམས་ཁུར་དང་དཔལ་འབྱོར་བདག་གཉེར་གྱིས་མཚན་མོར་གཉིད་ཀྱང་མི་འོང་བས་གཉིད་སྨན་འཐུང་བའམ་ཆང་གིས་མྱོས་པར་བྱེད་པའི་ཐབས་སྡུག་ཤོས་ཤིག་བསྟེན་པ་ཤེས་རྗེས།ད་གཟོད་དེའི་བདེ་སྐྱིད་ཀྱིས་བདག་གི་བདེ་སྐྱིད་ཀྱི་དོ་ཟླ་མི་ཕེར་བ་གཞི་ནས་ཤེས། ཁོས་བཤད་རྒྱུར། ཁོའི་ཚོང་གཉེར་ལས་རིགས་ཀྱི་མ་རྩ་ནི་དུང་ཕྱུར་ལྷག་ཡིན་མོད།ལོ་འདི་དག་ལ་ཚོང་གཉེར་མི་བཟང་བས། ད་དུང་དུང་ཕྱུར་གཉིས་ལྷག་གི་ཁ་སྣོན་རྒྱབ་དཔུང་དུ་མེད་ན་རྗེས་ཕྱོགས་འཕེལ་རྒྱས་འབྱུང་མི་ཐུབ།ཅེས་དབུགས་རིང་ཞིག་དང་མཉམ་དུ་ཆང་བླངས་ཏེ་ཕོར་གང་འཐུང་བ་འདིས།  ངས་ཁོའི་སེམས་ཁོང་ལས་བརྡོལ་བའིསྡུག་བསྔལ་གྱི་མེ་ལྕེ་དམར་བོ་དེའི་ཚག་སྒྲ་ཐོས་ལ།མཚན་མོར་གཉིད་མི་འོང་བའི་སེམས་ཁུར་གྱི་རྒྱུ་རྐྱེན་རྟོགས། འཕེལ་རྒྱས་ལས་ཀྱང་དོ་གལ་ཆེ་བ་ནི་ཁོའི་ལས་ཕུང་བདེ་ཐང་ཡོང་རྒྱུ་དེ་ཡིན་མོད།ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་ཐག་ཆད་ཙམ་གྱིས་ཡོད་ཚད་ཤུལ་དུ་བཞག་པ་ལས་ཕན་ཐོགས་སྤུ་ཙམ་ཡང་མེད་པ་དང་།འཆི་བ་ཞེས་བའི་དོན་དངོས་འཆི་བདག་གཤིན་རྗེ་འདྲ་བ་ཞིག་ཡོད་པ་འདི་ཁོའི་བློ་ཡུལ་དུ་འཁོར་གྱིན་མི་འདུག དེ་དུས་ངའི་སེམས་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པའི།སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།།བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་བཅོམ། །ཞེས་པ་ཡང་ཡང་བསྐྱར་ཟློས་བྱེད་དགོས་བྱུང་།  

    ཀྭ་ཡེ་གྲོགས་པ་རྣམ་པ། ཕྱིའི་དཔལ་འབྱོར་དང་འཛུགས་སྐྲུན་ཇི་ལྟར་རྒྱས་ཀྱང་ལུས་ཀྱི་ཉེར་མཁོ་བསྐྲུན་པ་ཙམ་ལས།ནང་གི་བདེ་བ་སེམས་ཀྱི་ཉེར་ལེན་དུ་སོང་བ་འགའ་ཡང་མེད་དོ། །རྒྱུ་ནོར་ལོངས་སྤྱོད་གསེར་དངུལ་མཛོད་ལ་དབང་། །ཚན་རིག་སྟོབས་འབྱོར་སྲིད་པའི་རྩེར་སོན་ཀྱང་།།ཆོག་ཤེས་བསམ་པའི་འཛིན་ཚུལ་མེད་གྱུར་ཚེ། །ལུས་སེམས་ངལ་གསོ་བསྟེན་སའི་འཇུ་ཐག་ཆད། །ཅེས་ཀྱང་སྨྲ་བར་འདོད་ལ། ལུས་དང་སེམས་ཀྱི་བདེ་སྐྱིད་གཉིས་ལས།སེམས་སྐྱིད་པའི་བདེ་བ་ནི་ང་ཚོ་འགྲོ་བ་ཚང་མས་གཅིག་མཐུན་དུ་འདོད་པའི་རེ་བ། ཐོག་མཐའ་བར་གསུམ་དུ་འབད་པའི་འབྲས་བུ།འཇིག་རྟེན་འདིའི་འཚོ་བ་ཡོད་དོ་ཅོག་གི་སྙིང་བོ་ཡིན་པས། འདིའི་རྒྱུ་ཚོགས་སྒྲུབ་པ་ལ་འབད་དགོས་སོ། །

   དེ་ཡང་ཕྱི་འཇིག་རྟེན་གྱི་སྙིང་བོ་ནི་འགྲོ་བ་སེམས་ཅན་ཡིན་ལ།སེམས་ཅན་གྱི་སྙིང་བོའམ་བྱེད་པོ་ནི་སེམས་ཡིན། སེམས་ཀྱིས་འཇིག་རྟེན་གྱི་སྣོད་བཅུད་ཐམས་ཅད་ཁྱབ་ཡོད་པས་སེམས་ལས་རྒྱ་ཆེ་བ་མེད་ལ།ཡིད་ལ་གང་ཤར་གྱིས་གནས་དེར་ཐོན་ཡོད་པས། འཇིན་རྟེན་གྱི་ཆེས་མགྱོགས་པའང་སེམས་ཡིན། སེམས་ནི་དགེ་མི་དགེ་བྱ་བ་བཟང་ངན་སྣ་ཚོགས་བཟོ་བསྐྲུན་དང་བཅོས་བསྒྱུར་བྱེད་མཁན་གཙོ་བོ་ཡིན་པ་དང་། ལས་ཀྱི་བག་ཆགས་མང་བོ་འཛིན་པའི་བྱེད་པོ་འམ། བགོ་གཞི་ཡིན་པས་སེམས་ལས་ལྷག་པའི་ནུས་པ་ཅན་གང་ཡང་མེད།དེ་ལྟར་ན། སེམས་ནི་ལས་བཟང་ངན་སྣ་ཚོགས་གསོག་པ་པོ་ཡིན་ལ། ལས་ཀྱི་དབང་གིས་སྐྱེ་དགོས་པ་དང་འཆི་དགོས་པ་སོགས་མི་ཚེ་གང་བོའི་དགའ་སྡུག་ལེགས་ཉེས་ཅི་བྱུང་ལས་དབང་གིས་གྲུབ་པར་མ་ཟད་།རང་གནས་སའི་སྣོད་ཀྱི་ཁོར་ཡུག་དང་སྡོད་སའི་ཁང་བ། ཅ་ལག་ཡོ་བྱད་སོགས་ཐམས་ཅད་ཀྱང་རྒྱུ་རྐྱེན་ལས་དབང་ལ་འབྲེལ་བ་ཡོད་དེ།ཁོའི་བདག་འབྲས་སུ་གྲུབ་པ་ཡིན།   དགེ་སེམས་ཀྱིས་བསགས་པའི་ལས་ཀྱི་འབྲས་བུ་ལ་བདེ་སྐྱིད་འབྱུང་བ་དང་། མི་དགེ་བའི་སེམས་ཀྱིས་བསགས་པའི་འབྲས་བུ་ལ་སྡུག་བསྔལ་འབྱུང་བ་ནི་རྒྱུ་འབྲས་བསླུ་བ་མེད་པའི་རྟགས་ཡང་དག་དང་།འཇིག་རྟེན་གྲུབ་པའི་ཆོས་ཉིད་ཡིན་ཕྱིར། བདེ་བའི་མཆོག་ཏུ་གྱུར་བ་སེམས་སྐྱིད་པར་འདོད་ན། ངེས་པར་རང་སེམས་འཁོན་འཛིང་དང་འགྲན་སེམས། ཕྲག་དོག ཞེ་སྡང་། གཡོ་སྒྱུ་ཁྲམ་གསུམ། རྐུ་གསོད་འཕྲོག་གསུམ། ངོ་ཚ་ཁྲེལ་མེད། ཁྲིམས་མེད་ལུགས་མེད་དུ་སྤྱོད་པའི་བསམ་ངན་གདུག་རྩུབ་ཀྱི་སྤྱོད་པ་དེ་དག་བསྒྱུར་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་པ།གཡོ་སྒྱུ་རྫུན་གསུམ་མི་བྱེད་པ། བྱམས་སྙིང་རྗེ་བསྒོམ་པ། ལྷག་པར་གཞན་ལ་འདྲ་མཉམ་དང་ཕན་སེམས་བཅོས་མིན་གྱིས་རས་ཁ་གང་དང་ཟས་ཁམ་གཅིག་གཞན་ལ་སྦྱིན་པའི་རོགས་རམ་དང་རྒྱབ་སྐྱོར་ཙམ་གྱིས་མཚོན་འཛམ་གླིང་ཧྲིལ་བོའམ་རང་ནུས་ཅི་ཡོད་ཀྱིས་གཞན་དོན་དུ་ཕན་བདེ་སྒྲུབ་པ་བྱས་ན།དེ་འགྲུབ་པ་ལས་བྱུང་བའི་དགེ་རྩའི་སྟོབས་ཀྱིས་རང་སེམས་ལ་ཟད་མི་ཤེས་པའི་ཚོར་བ་ཟག་མེད་ཅིག་སྐྱེ་ལ།དེ་ནི་བདེ་བའི་མཆོག་སེམས་སྐྱིད་པ་ཡིན། གཞན་ཡང་། རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སོགས་ཉོན་མོངས་མངོན་གྱུར་མགོ་མནན་པ་ནས་རྩ་བ་འཛིན་སྟངས་སུན་ཕྱུང་བའི་བར་གྱི་གཉེན་པོ་རེ་རེ་སྐྱེས་སྟོབས་ཀྱིས་ལུས་སེམས་སྐྱིད་པ་ཡིན་ཏེ།མདོ་ལས། སེམས་འདུལ་བ་ནི་ལེགས་པ་སྟེ། སེམས་འདུལ་བས་ནི་བདེ་བ་འདྲེན། ཞེས་སོ། རང་ལ་མེད་ཀྱང་གཞན་གྱི་ཕུན་སུམ་ཚོགས་པའི་ཤེས་རིག་ཡོན་ཏན་དང་།མཚན་སྙན་གྲགས།དཔལ་འབྱོར། དབང་ཆ།གཤིས་རྒྱུད་བཟང་བོ་སོགས་ལ་ཕྲག་དོག་དང་འགྲན་སེམས། ཞེ་སྡང་སོགས་བསམ་ངན་མི་སྐྱེ་བར། ཡི་རངས་དང་བསྟོད་བསྔགས་བརྗོད་ན་རང་སེམས་བདེ་འབོལ་ལེ་དགའ་སྤྲོའི་རྣམ་པ་ཞིག་འོང་ལ།དེ་ཡང་སེམས་སྐྱིད་པའི་བདེ་བ་ཡིན། དེས་ན་རང་ལ་དཔལ་འབྱོར་དང་ཕྱིའི་ཆ་རྐྱེན་དངོས་པོ་ཡོད་མེད་ལ་གཏན་ནས་མི་ལྟོས་པར།བསམ་པའི་ངོ་བོ་བཅོས་སྟོབས་ཀྱིས་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་ཡང་དག་འདི་བཞིན་ཡོད་ན། རང་གཞན་ཀུན་ལ་ཕན་སེམས་ཡོད་པའི་མི་ཞིག་ཡིན་ན།ཅིའི་ཕྱིར་སྒྲུབ་པར་མི་བྱེད། བདེ་བའི་མཆོག་སེམས་སྐྱིད་པ་འདི་ནི་མིའི་རིན་ཐང་དང་ཚེ་སྲོག་གི་དོ་ཟླ་ཡིན། སུ་ལ་དེ་ཡོད་ན་མི་དེའི་ལུས་རྟེན་ལ་རིན་ཐང་ལྡན་ཞིང་འཚོ་བའི་ཚེ་སྲོག་ཀྱང་དོན་ལྡན་དུ་གནས་པས་འདམ་ལས་སྐྱེས་ཀྱང་དྲི་མས་མ་གོས་པའི་པད་མ་དཀར་བོ་བཞིན་སྐྱེ་བོ་ཀུན་གྱིས་བསྔགས་པར་འོས་པ་ཡིན་ནོ།། །།   

བཞི།  བྱམས་སྙིང་རྗེ་ནི་བདེ་སྐྱིད་ཀྱི་ཟས་མཆོག་ཡིན། 

    བོད་གངས་ཅན་གྱི་ཡུལ་གྲུ་འདི་སོག་ལེ་ཡི་སོ་ཁ་བཞིན་མཐོ་ཞིང་གཟེངས་ལ།རི་ཀླུང་དང་ནགས་ཚལ། གངས་རི་དང་འཁྱག་རླུང་གིས་བསྐོར་ཞིང་མཐོ་ཚད་མཚོ་ངོས་ལས་མུས་བཞི་སྟོང་ནས་བརྒྱད་སྟོང་བརྒྱད་བརྒྱ་ལྷག་གི་བར་དུ་གནས་པས།དབྱར་ཚིགས་ཐུང་ལ་དགུན་ཐག་རིང་བ་བཅས་ཀྱིས་འཛམ་གླིང་གི་མི་རིགས་གཞན་དག་ཚང་མས་ཁོར་ཡུག་མི་སྐྱིད་པ་དང་ཡང་ན་འཇིགས་སྐྲག་ཆེ་བའི་ཡུལ་དུ་ངོས་བཟུང་བྱས་པ་དང་བགྲོད་པར་དཀའ་ལ་རྔམས་གནག་པ།ཚན་རིག་འཕྲུལ་འཁོར་གྱི་རིགས་གང་ཡང་མེད་པ། ཆ་རྐྱེན་དཔལ་འབྱོར་མི་འཛོམས་པ་བཅས་ཀྱིས་འཚོ་སྡོད་ཆེས་དཀའ་བའི་ཡུལ་དུ་བརྩིས་ཡོད།       དེ་བཞིན་བོད་མི་རིགས་ཡང་ནགས་ཚལ་དང་རྫ་ལུང་དག་ཏུ་གནས་ཤིང་གནག་ཕྱུགས་འཚོ་སྐྱོང་བྱེད་པ་དང་རི་དྭགས་གཤོར་ཏེ་ཤ་ཁྲག་ཁོ་ན་ལ་བརྟེན་ནས་འཚོ་བ་དང་།པགས་རིགས་གྱོན་པ། རང་བྱུང་གི་ཕུག་པ་དང་བྱ་སྐྱིབས་ལ་གནས་མལ་འཆའ་བའི་ཆེས་གླེན་པ་མཐར་ཐུག་ལ་བརྩིས་ཡོད། ཡིན་ནའང་རང་ཅག་ཚང་མས་གཞན་གྱིས་ཅི་ཟེར་གྱི་ཁ་ལ་མི་ཉན་པ་དང་།བསྟོད་ན་དགའ་བ་དང་སྨད་ན་མི་དགའ་བའི་རྣམ་འགྱུར་མེད་པར་བདེན་དོན་དང་གནས་ལུགས་ལ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན།      འཛམ་གླིང་ཐོག་མི་རིགས་གང་ཡིན་ཀྱང་རང་བྱུང་གི་ཁོར་ཡུག་དང་ཐོན་ཁུངས་ལ་བརྟེན་པའི་སྒོ་ནས་དཔལ་འབྱོར་དང་འཚོ་བ་སྒྲུབ་དགོས་ལ།རང་གི་འདོད་བློ་དང་མཐུན་པའི་བྱེད་ཐབས་དེ་རང་དབང་དུ་སྤྱོད་ཆོག་པ་ནི་འཇིག་རྟེན་འདིར་ཆེས་མངར་ཞིང་སྐྱིད་པའི་འཚོ་བ་ཡིན། ཕྱུགས་ཟོག་སྐྱོང་བའི་མི་རིགས་ཤ་ལ་བརྟེན་པ་དང་རྨོ་འདེབས་བྱེད་པའི་མི་རིགས་འབྲུ་ལ་བརྟེན་པ།མཚོ་ཁར་ཆགས་པའི་གྲོང་ཁྱེར་ཉ་ལ་བརྟེན་ཏེ་འཚོ་བ་བཅས་ནི་གནས་ལུགས་ཀྱིས་ཐག་གཅོད་བྱས་པ་ཞིག་ཡིན་པས་བཟང་ངན་དང་བདེ་སྡུག་གི་དབྱེ་བ་ཞེས་པ་མེད། དེ་བཞིན་དུ་སྡོད་གནས་ཀྱང་རང་གི་སེམས་ཁམས་དང་མཐུན་པའི་ཁོར་ཡུག་ནི་ཆེས་སྐྱིད་པའི་འཇིག་རྟེན་ཡིན་ལ།མར་ཆུར་དང་རྩམ་པ་སོགས་གང་ཁ་ལ་ཞིམ་ཞིང་ཕོ་བར་འཕྲོད་པ། ལུས་ལ་ཕན་པའི་ཟ་མ་ཡང་རོ་མཆོག་བརྒྱ་ལྡན་གྱི་ཞལ་ཟས་ཡིན།དེ་ཡང་ལས་དབང་གིས་བྱིན་པའི་ཟ་མ་ཆུང་དུས་ནས་ཟོས་ཏེ་ལོབས་པ་ནི་འཛམ་གླིང་སྟེང་ཆེས་ཞིམ་པའི་ཟ་མ་ཡིན་པ་ལས་ཟ་མ་ཁོ་རང་གི་ངོས་ནས་ཞིམ་པོར་གྲུབ་པ་ཞིག་མེད།

    དཔེར་ན།  ༡༩༥༥ལོར་མཚོ་སྔོན་ཞིང་ཆེན་གྱི་དཔོན་པོ་གཞོན་པ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་གཅན་ཚྭ་རྫོང་ཐོག་ཏུ་ཕེབས་དུས།རྫོང་གི་ལས་བྱེད་རྣམས་ཀྱིས་ཟ་མ་གང་བཟང་བསྒྲིགས་མོད། ཁོང་གིས་ཁྱོད་ཚོས་ཚོད་མ་བཟང་བོ་ཅི་ཡང་རྔོད་མི་དགོས། ངས་སྐྱུར་རོ་བླུགས་པའི་ཐུག་པ་འཐུང་ན་འདོད།ཅེས་གསུངས་པ་དང་། ནུབ་ཇ་བཞེས་རྗེས།ཁོང་གིས་ཞལ་ནས་དོ་ནུབ་ཀྱི་སྐྱུར་རོ་བླུགས་པའི་ཐུག་པ་ཧ་ཅང་ཞིམ་པོ་རེད། ངའི་ཡི་ག་ཕྱེས་སོང་། ཞེས་གསུང་པ་འདི་ལྟ་བུས་མཚོན་ཐུབ་ལ།ཁོ་བོ་པེ་ཅིན་དུ་བསྡད་པའི་སུན་སྣང་གི་འཚོ་བ་དེས་ཀྱང་མི་དང་མིའི་བར་གྱི་བསམ་བློ་དང་གོམས་གཤིས་མི་འདྲ་བ་ལྷག་མ་མེད་པར་མཚོན་ཐུབ།དེས་ན་ཕྱིའི་ཁོར་ཡུག་དང་འཛུགས་སྐྲུན། འཚོ་བ་བཅས་ལ་རང་རང་གི་འདོད་པའི་ཁམས་དང་མཐུན་པ་ཙམ་གྱིས་ཆོག་མོད། ང་ཚོ་ཚང་མའི་སྤྱི་མཐུན་གྱི་བདེ་སྐྱིད་སྒྲུབ་པ་ལ།དེ་ཙམ་གྱིས་མི་ཆོག་པ་ནད་བརྒྱ་སྨན་གཅིག་གི་དཔེ་བཞིན། ནང་ཤེས་རིག་གི་ངོ་བོ་གོང་འཕེལ་དུ་བཏང་ནས་རང་ཁོ་ནའི་བདེ་སྐྱིད་གྲུབ་པ་ཙམ་མ་ཡིན་པར།འཛམ་གླིང་ཡོད་དོ་ཅོག་བདེ་ཞིང་སྐྱིད་པ་དང་། འཛམ་གླིང་ཡོངས་ཁྱབ་ལ་འགན་ཁུར་གྱི་བསམ་བློ། ཡོངས་ཁྱབ་གཅེན་གཅུང་ཕུ་ནུའི་བསམ་བློ་དང་ལྡན་པའམ་རང་ཅག་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་དུ་ཡོད་པའི་གོ་རྟོགས་སྐྱེས་ནས་འཛམ་གླིང་གི་འགྲོ་བ་སེམས་ཅན་ཡོད་དོ་ཅོག་ལ་ཕན་ཁེ་སྒྲུབ་པ་ལས་བྱུང་བའི་ཁ་ངོའི་འཛུམ་མདངས་དང་སེམས་ཀྱི་དྲོད་ཁོལ་ལས་སྐྱེས་པའི་དགའ་སྤྲོ་དཔག་མེད་ཀྱི་རྣམ་པ་དེ་བདེ་སྐྱིད་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་།དེ་འདྲའི་བདེ་སྐྱིད་ནི་བྱམས་པ་དང་སྙིང་རྗེ་ལ་བརྟེན་ནས་བྱུང་བའི་རྒྱུ་མཚན་གྱིས་དེ་གཉིས་ནི་བདེ་སྐྱིད་ཀྱི་ཟ་མ་ཁོ་ན་ཡིན།

   གཞན་དུ་ན་གྲོང་ཁྱེར་བརྒྱུད་དེ་བལྟས་ན། ཚན་རིག་དང་འཕྲུལ་བཟོ་རིག་གནས་ཀྱིས་ཕྱོགས་གང་སར་ངོ་མཚར་ཆེ་བའི་འཛུགས་བསྐྲུན་དང་གསར་བྱུང་གི་བྱ་བ་མང་བོ་སྒྲུབ་ཡོད་ཀྱང་།འགྲོ་བ་མིའི་གཞི་རྩའི་དཀའ་སྡུག་དང་རྙོག་འཛིང་མང་བའི་སེམས་ཁུར་ནི་སྔར་མུས་སུ་གནས་ཡོད། ད་དུང་ཕྱིའི་དངོས་པོ་འཕེལ་ཐབས་ཁོ་ན་ལ་ཚང་མས་གཅིག་མཐུན་གྱིས་འབད་ན།འགྲོ་བ་མིའི་དྲང་བདེན་དང་། གཞན་ཕན་སྙིང་རྗེ། བདེན་རྫུན་བླང་དོར་གྱི་བློ་གྲོས། རང་བཞིན་བཟང་བོའི་གོ་རྟོགས་རྣམས་ཉམས་བརླག་ཏུ་འགྲོ་བ་དེ་ཡིས་སྡུག་བསྔལ་དང་འཇིགས་སྣང་།ལྟོགས་སྐོམ་སོགས་ཀྱི་དཀའ་སྡུག་འབྱུང་ཉེ་བར་གྱུར་བ་མ་ཡིན་ནམ། དེས་ན་ང་ཚོས་ངེས་པར་འཛམ་གླིང་ཞི་བདེ་བརྟན་པའི་རྨང་གཞི།འཛམ་གླིང་ཞི་བདེར་བགྲོད་པའི་སྟེགས་བུ། འཛམ་གླིང་ལས་དོན་སྒྲུབ་པའི་ཚན་རིག  འཛམ་གླིང་གཡུལ་ལས་སྐྱོབ་པའི་དཔའ་བོ། འཛམ་གླིང་མཐུན་སྒྲིལ་འཛུགས་པའི་གསེར་ཟམ།འཛམ་གླིང་བདེ་སྐྱིད་འབྱུང་བའི་ཟ་མ།ཉམ་ཆུང་དབུལ་ཕོངས་སྐྱོང་པའི་ཕ་མ། འཛམ་གླིང་སྡུག་བསྔལ་སེལ་བའི་སྨན་མཆོག བདེ་དགེ་ལེགས་ཚོགས་འབྱུང་བའི་གཞི་མ། སྐྱེ་འཕགས་གང་ཟག་ཀུན་གྱི་སྙིང་ནོར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དུས་དང་རྣམ་པ་ཀུན་ཏུ་སྤེལ་བ་ལ་གཅིག་ཏུ་འབད་དགོས་སོ།།    

    ཁ་བཤད་ཆུ་ཡི་ཝུ་བ།ལག་ལེན་གསེར་གྱི་ཐིགས་པ།ཞེས་ཟེར་བཞིན་དུས་རབས་སྔོན་མ་ནས་བྱམས་སྙིང་རྗེའི་ཕན་ནུས་དང་ངོ་བོ།ཤེས་ལྡན་རྣམས་ཀྱིས་རང་ནུས་རྩལ་སྤྲུགས་ཀྱིས་རྒྱལ་ཁབ་དང་མང་ཚོགས་ལ་བསྒྲགས་ཀྱང་དོན་དངོས་སུ་རང་རྒྱལ་དུ་སྤྱི་ཚོགས་སྟེང་བཙུགས་པའི་ཚོགས་པའམ་ཕན་ཁེ་ཞིག་མ་མཐོང་།འཛམ་གླིང་རྒྱལ་ཁབ་སོ་སོ་ན་བྱམས་སྙིང་རྗེའི་ལྟེ་གནས་མང་དུ་བཙུགས་ཡོད་པར་མ་ཟད། ཐེ་ཝན་ན་ཁྲིན་ཡན་ཟེར་བའི་དགེ་སློང་མ་ཞིག་གིས་སྙིང་རྗེའི་ཚོགས་པ་ཞིག་བཙུགས་པར་ཚོགས་མི་ས་ཡ་བཞི་ལྷག་འདུག  གཞན་ལ་མཚམས་སྦྱོར་དྲ་རྒྱ་སྟོང་དྲུག་ལྷག་འདུག  ༡༩༩༦ལོར་རྒྱ་མཚོའི་འཐོར་རླུང་གིས་ཐེ་པེའི་བྱང་ཕྱོགས་ས་ཁུལ་དུ་གནོད་ཚེ་ཐེབས་དུས་རོགས་བྱེད་དང་བླངས་མི་སྣ་དུང་ཕྱུར་གཅིག་ལྷག་གི་ནང་དུ།ཚོགས་པ་འདིའི་ཁོངས་མིས་ཧ་ལམ་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད་ཟེར། དེ་ཡང་བྱམས་སྙིང་རྗེའི་དབང་གིས་འདུས་པ་ཡིན་ཕྱིར། བྱམས་སྙིང་རྗེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་སྟེང་མཁོ་བའི་ཡིད་བཞིན་གྱི་ནོར་བུ་ཞིག་ཡིན་ལ།ལྷག་པར་གནོད་སྐྱོན་ཐེབས་པ་དང་རྒྱུ་ནོར་ཟད་པ།ཉམས་ཆུང་ནུས་མེད་ལ་རོགས་རམ་རྒྱབ་སྐྱོར་བྱེད་པའི་བྱང་སེམས་ཅན་སྦྱིན་བདག་ཕ་མ་ལྟ་བུ་ཞིག་རེད། ཉེ་སྔོན། ཉིས་སྟོང་གཅིག་གི་ཟླ་བཅུ་གཉིས་པར།བློ་མཐུན་རྡོ་ཚེ་བརྟན་ལགས་ཀྱིས་མཚོ་སྔོན་མི་རིགས་སྙིང་རྗེའི་ཚོགས་པ་ཞིག་བཙུགས་ལ། མིག་སྔར་ཚོགས་མི་སྟོང་དང་ཉིས་བརྒྱ་ལྷག་འདུས་ཡོད།དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་སྟེང་བཞག་པའི་ཆེས་འོད་སྟོང་འབར་བའི་བྱས་རྗེས་དང་རང་རེའི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་བྱམས་སྙིང་རྗེ།ཡུལ་འདིའི་སྤྱི་ཚོགས་དང་གྲོང་ཁྱེར་དུ་སླེབས་པའི་ཐོག་མ་ཡིན།  

    ཚོགས་མི་རྣམས་སེམས་གཅིག་མཐུན་གྱིས་འདི་ལྟ་བུའི་ནང་དུ་ཞུགས་ཏེ་དཔུང་སྡེབས་ཀྱིས་མི་རིགས་དང་རྒྱལ་ཁབ།དེ་ནས་འཛམ་གླིང་ཡངས་པའི་འགྲོ་བ་ཡོངས་ལ་ཕན་ཆོས་ཤིག་སྒྲུབ་ཐུབ་པ་བྱུང་ན། བོད་བརྒྱུད་ཆོས་ལུགས་ལས་གསུངས་པའི་དགོངས་དོན།ཐབས་ཀྱི་སྤྱོད་ཕྱོགས་ཆ་ཚང་བར་ཉམས་ལེན་དུ་ཐེབས་པ་ཡོད་ན། དེ་ལས་ལྷག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཚུལ་ལོགས་སུ་མེད། བྱང་ཆུབ་སེམས་དཔའ་ཞེས་པ་བྱང་ཆུབ་ཀྱི་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་རྗེའི་ལམ་རིམ་ཆེན་མོ་དང་སྤྱོད་འཇུག་ཆེན་མོ།རྒྱུད།བླ་མ།མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོ།ཕར་ཕྱིན་གྱི་གཞུང་ཆེན་མོ་དག་ཏུ་ཡོད་པས་འདིར་འབྲི་བའི་ངལ་བ་མི་དགོས་ལ། བྱང་ཆུབ་སེམས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་པར་མདོ་སྡེ་རྒྱན་ལས། སྤྲོ་བ་ཆེ་དང་བརྩོན་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །ཞེས་པ་ནས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་པ་འདི་ཡིན་པས། རྩ་བ་སྙིང་རྗེ་ཆེན་པོ་རབ་ཏུ་རྒྱས་ཤིང་རྒྱ་ཆེ་བ་ཞིག་ཡོང་ན། སྡོང་བོ་དང་ཡལ་ག་དང་། ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ཕུན་སུམ་ཚོགས་པ་ཞིག་ཡོད་པར་ཐེ་ཚོམ་མེད་པས། ཆོས་ཡང་དག་པར་སྡུད་པའི་མདོ་ལས་སྙིང་རྗེ་ཆེན་པོ་ཡོད་པ་ལ་སངས་རྒྱས་ལག་མཐིལ་དུ་ཡོད་པར་གསུངས་པའི་དོན་ཡང་དེའོ།། 

      གཞན་ཡང་། བསོད་ནམས་བསགས་པའི་ཞིང་ལ་རྒྱལ་བའི་ཞིང་དང་སེམས་ཅན་གྱི་ཞིིང་གཉིས་སུ་སངས་རྒྱས་ཀྱིས་སྨོན་ལམ་རྣམ་པར་དག་པའི་མདོ་ལས་གསུངས་ཏེ། ངས་སྔོན་སེམས་ཅན་ཞིང་རྣམས་དང་། །ཐུབ་པའི་ཞིང་ལ་བརྟེན་ནས་ནི།།སངས་རྒྱས་ཆོས་རྣམས་མཐའ་ཡས་པའི།།ལོ་ཏོག་ཕུན་སུམ་ཚོགས་པ་ཐོབ།།ཅེས་གསུངས་པ་ལྟར་ལགས་པས། སེམས་ཅན་འཁོར་བའི་སྡུག་བསྔལ་ནི་ངེས་འབྱུང་སྐྱེ་བའི་རྒྱུ་དང་། སེམས་ཅན་དབུལ་ཕོངས་ཉམ་ཐག་པ་སྙིང་རྗེའི་ཡུལ་དང་། སེམས་ཅན་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཉིས་ཀྱི་གཞི་མ། གནོད་བྱེད་དགྲ་སོགས་བཟོད་པ་སྒོམ་པའི་ཡུལ། ཁྱད་པར་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པའི་ཡུལ་གཙོ་བོ་སེམས་ཅན་དུ་གསུངས་པས་སེམས་ཅན་གྱི་ཞིང་ནི་སངས་རྒྱས་ཀྱི་ཞིང་དང་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསོད་ནམས་བསགས་པའི་རྟེན་དུ་བྱེད་དེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། ཞེས་གསུངས་ལ། བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་སོགས་ལ་ཕན་ཡོན་དཔག་མེད་འབྱུང་བ། སྡོང་བོ་བཀོད་པའི་མདོ། བློ་གྲོས་མི་ཟད་པའི་མདོ། དཔལ་སྦྱིན་གྱིས་ཞུས་པའི་མདོ་སོགས་ཀྱི་དགོངས་པ་བཞིན་བྱང་ཆུབ་ལམ་སྒྲོན་དང་སྤྱོད་འཇུག་ཆེན་མོ་དག་ཏུ་བཀོད་པ་ཡང་། ཡུལ་སེམས་ཅན་གྱི་ཆེ་བ་ཡིན་པར་ཤེས་པར་གྱིས་ལ་སྦྱིན་པའི་ཕྱག་ཡངས་པོ་རྐྱོངས་པར་གྱིས་ཤིག 

   གཞན་ཡང་།ནད་པ་ཉམ་ཐག་སྨན་གྱིས་གསོས་པ་བཞིན་དབུལ་ཕོངས་དང་ཉམ་ཐག་ནུས་མེད་ལ་ཟས་ཁམ་གཅིག་དང་གོས་ཁ་གང་བསྩལ་བ་ཚུན་ཆད་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱས་ནའང་ཟང་ཟིང་གི་སྦྱིན་པའི་ཕར་ཕྱིན་ལ། གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་གསུམ་ཡོད་པའི་དང་བོ་ཡིན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་། རང་ཅག་གི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཐུགས་མཉེས་པར་བྱེད་པའི་བྱ་བ་རྨད་དུ་བྱུང་བ་ཡང་། སེམས་ཅན་གང་ལ་གང་འདོད་ཀྱི་ཕན་བཏགས་ཏེ་རང་ནུས་ཡོད་ཚད་ཀྱིས་སེམས་ཅན་མགུ་བའམ་དགའ་བར་བྱེད་པ་འདི་ཁོ་ན་ཡིན་ཏེ། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཞེས་དང་། མདོ་ལས། དེ་ལྟ་བས་ན་སེམས་ཅན་མགུ་བར་བྱ་བ་ཉིད་བྱང་ཆུབ་སེམས་དཔའི་ལས་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ན། དེའི་རྗེས་སུ་ཞུགས་དགོས་ཏེ། རང་ཅག་ཚང་མས་རྒྱལ་བ་དགྱེས་པའི་ལམ་བཟང་སྒྲུབ་པ་མ་ཡིན་ནམ། ད་དུང་བཤད་པར་བྱ་བ་མང་དུ་ཡོད་ཀྱང་བྲིར་མ་ཁོམ་པས་རེ་ཞིག་བཞག འཛམ་གླིང་འགྲོ་བ་མིར་གཅིག་མཐུན་གྱི་བདེ་སྐྱིད་བསླུ་མེད་ཅིག་འབྱུང་རྒྱུ་ནི། ང་ཚོ་ཚང་མའི་རེ་སྨོན་ཉག་ཅིག་ཡིན་ལ།སུ་ཡིན་ཀྱང་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་འདྲ་མཉམ་ཡིན།

     དེས་ན་བྱ་བ་ཐམས་ཅད་མདོར་བསྡུས་ན་སྡུག་བསྔལ་སེལ་བ་དང་བདེ་སྐྱིད་གྲུབ་པ་གཉིས་ལས་མ་འདས་ཤིང་།སྡུག་བསྔལ་སེལ་བར་འདོད་པའི་སེམས་ལ་སྙིང་རྗེ་དང་།བདེ་བ་སྒྲུབ་པར་འདོད་པ་ལ་བྱམས་པ་གཉིས་མེད་དུ་མི་རུང་བས།ནད་བརྒྱ་སྨན་གཅིག་གི་དཔེ་བཞིན་བྱམས་སྙིང་རྗེ་སྒྲུབ་པར་བྱ། དེང་དུས་མི་རིགས་དང་མི་རིགས་བར།རྒྱལ་ཁབ་དང་རྒྱལ་ཁབ་བར་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཇེ་ཆེ་དང་།བསམ་བློ་དང་ལྟ་བ།རིག་གནས།གོམས་གཤིས།མ་འོངས་བའི་མདུན་ལམ་དམིགས་ཏེ་འཛམ་གླིང་ཞི་བདེའི་ལམ་ཆེན་དུ་བསྐྱོད་དགོས་ན།སྙིང་རྗེ་ནི་འཛམ་གླིང་གི་དཀའ་སྡུག་རྙོག་འཛིང་།འཐབ་རྩོད།དམག་འཁྲུག དབུལ་ཕོངས།ནད་ཡམས་སོགས་ཞི་བར་བྱེད་པའི་སྨན་མཆོག་སེམས་ཀྱི་བདུད་རྩི་རིལ་བུ་ཞིག་ཡིན་ཏེ།དཔེར་ན།སྙིང་རྗེ་ཡོད་ན་གཞན་གྱི་སྲོག་གཅོད་པ་དང་ཉམ་ཐག་པའི་སྡུག་བསྔལ་རང་ཉིད་ལ་དཔེ་སྦྱར་ནས་སེམས་ཅན་གང་ཡང་མི་གསོད་པར་མ་ཟད།དེ་དག་གི་སྲོག་གི་བསླུ་བ་དང་སྐྱོབ་པ།ཚེ་ཐར་དུ་གཏོང་བ་སོགས་འཛམ་གླིང་ཡངས་པའི་ཞི་བདེ་ལ་མཛད་རྗེས་རླབས་ཆེན་བསྐྲུན་ཐུབ་པ་དང་།ཆོས་ལུགས་དང་མི་རིགས།ཡང་ན་ལྟ་བ་འདྲ་མིན་ལ་མི་བལྟ་བར་ཐབས་ལམ་སྣ་ཚོགས་ཀྱིས་འགྲོ་བ་ཚང་མ་འདྲ་མཉམ་གྱི་བདེ་སྐྱིད་ཅིག་ཐོབ་པའི་ཆེད་དུ་འབད་པ་དེ་ཡིན།

   བྱམས་སེམས་ཀྱིས་དེ་ལྟར་མི་སྒེར་དང་ཁྱིམ་མཚེའི་བར།མི་རིགས་དང་མི་རིགས།རྒྱབ་ཁབ་དག་གི་བར་གྱི་བྱམས་བརྩེ་དང་མཐུན་སྒྲིལ་ངེས་ཅན་དུ་གོང་འཕེལ་དུ་གཏོང་བར་མ་ཟད།ཞི་བདེའི་ལམ་ཆེན་དུ་གོམ་སྟབས་ཀྱིས་བསྐྱོད་ཐུབ།ས་ཕྱོགས་གང་ན་དེ་ལྟ་བུའི་ཕན་སེམས་སྙིང་རྗེ་དང་བྱམས་བརྩེའི་འདྲ་མཉམ་གྱི་འཚོ་བ་ཡོད་ན།ང་དང་ཁྱོད་གཉིས་ཀྱི་སེམས་ཀྱི་དྲོད་ཁོལ་དང་ཁ་ངོའི་འཛུམ་མདངས་ཡིན་པས།ད་བཟོད་བདེ་བའི་མཆོག་ལུས་སེམས་སྐྱིད་པའི་འཚོ་བ་རོལ་ཐུབ།

     གཞན་ཡང་།ཚེ་སྲོག་ནི་མི་ལ་ཤིན་ཏུ་རྩ་ཆེན་དུ་གྱུར་བ་བཞིན།སྨྲ་བརྗོད་མི་ཤེས་པའི་དུད་འགྲོ་དང་ཉ་རིགས།འབུ་སྲིན་སོགས་ལའང་རང་གི་སྲོག་ལས་གཅེས་ཤིང་འཕངས་པ་མེད།རང་རེ་སྟོབས་འབྱོར་ལྡན་ཞིང་ཤེས་རིག་མཐོ་བའི་མི་ཞིག་ཡིན་པའི་ཆ་ནས་དེ་དག་གི་ཚེ་སྲོག་བཅད་པའི་ཚོར་བ་འཇིགས་སྐྲག་དང་སྡུག་བསྔལ་ཡིན་པ་དང་རང་གི་སྡུག་བསྔལ་མི་འདོད་པ་དང་འདྲ་མཉམ་དུ་ཤེས་ཏེ།དམན་པའི་འགྲོ་བ་དེ་དག་ལའང་ཚེ་སྲོག་གི་རང་དབང་དང་བདེ་སྐྱིད་ཀྱི་ཁོར་ཡུག་ཅིག་སྟེར་དགོས།

   དེ་ལྟར་མ་བྱས་ན་རང་རེ་འགྲོ་བ་མི་དུད་འགྲོ་སོགས་ལས་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་གང་ལས་ཤེས།མི་ཞིག་ཡིན་ན་མ་མཐའ་ཡང་གཞན་ལ་སེམས་པའི་སྙིང་རྗེ་ཞིག་དགོས།དེ་མེད་ན་གདུག་རྩུབ་ཆེ་ཞིང་ཡ་ང་བ་མེད་པའི་མི་དེ་ཡིན་ཞིང་།དེའི་ཁོར་ཡུག་ཡང་འཇིགས་སྐྲག་དང་སྡུག་བསྔལ་གྱི་བཙོན་རྭ་ཡིན།ང་ཚོ་བོད་ཀྱི་རིག་གནས་དང་ལོ་རྒྱུས།མིའི་གཤིས་རྒྱུད་དང་ལྟ་ལྟངས་ལྟར་ཕན་སེམས་ཆེ་ཞིང་སྙིང་རྗེ་ལྡན་པའི་མི་ནི་ལྷ་དང་དེ་མེད་པའི་མི་ནི་འདྲེ་ཟེར་བས་ལྷ་འདྲེ་གདོན་བགེགས་ཀྱི་དབྱེ་ཞིབ་ཡང་དེ་ལྟར་བཀར།དེས་ན་ང་ཚོ་སུ་ཡིན་ཀྱང་དངོས་ཡོད་བདེན་དོན་དང་ཉམས་མྱོང་འཚོལ་ཞིབ་ཀྱིས་རང་ཉིད་ལྷ་གྲལ་དུ་འོངས་རྒྱུ་ནི་འཛམ་གླིང་ལ་ཕན་སེམས་ཡོད་པའི་འབྲས་རྟགས་ཡིན།            

      བླ་མེད་ཐེག་ཆེན་སེམས་ཀྱི་རྩ་བ་དང་།།       

      བདེ་སྒྲུབ་སྡུག་སེལ་སྨན་གྱི་ལྗོན་ཤིང་དང་།།       

      སྐྱེ་འཕགས་སངས་རྒྱས་ཀུན་གྱི་གཅེས་ནོར་ཏེ།།       

      བྱམས་དང་སྙིང་རྗེ་ཀུན་ལ་ལྡན་པར་ཤོག།། 

     མཚོ་སྔོན་མི་རིགས་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་རྡོ་ཚེ་བརྟན་ལགས་ཀྱིས་སྐུལ་མ་བཞིན། ༧སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་གི་མིང་ཙམ་འཛིན་པ་གསེར་ལག་བློ་བཟང་འཇམ་དཔལ་རྒྱ་མཚོས་ཟི་ལང་དུ་བྲིས་པ་དགེའོ། །



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སེམས་ཀྱི་བདེ་སྐྱིད་བཤད་པ།   སྤེལ་མཁན།: ས་དཀར་རྒྱལ་མཚན། སྤེལ་དུས:2015/9/4
འདི་འདྲ་བྲིས་དང་མ་བྲིས་མི་འདུག ད་རང་རེད། ཆོས་བཤད་ཤེས་མི་འདུག
android free spy best free text spy app spy phone android
i just cheated on my girlfriend my girlfriend thinks i cheated on her my girlfriend cheated on me but i still love her
printable coupons free customvbapps.com walgreens deals this week
prescription discount card codesamples.in pharmacy card discount
buscopan read buscopan spc
sumial 40 sumial 10 precio sumial dosis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23503716
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།