ཅི་ཞིག་ལ་དཔལ་འབྱོར་རིག་པ་ཟེར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 15 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» རྒྱལ་སྤྱིའི་དཔལ་འབྱོར། »ཅི་ཞིག་ལ་དཔལ་འབྱོར་རིག་པ་ཟེར།
ཅི་ཞིག་ལ་དཔལ་འབྱོར་རིག་པ་ཟེར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-09-02ལྟ་ཀློག (2633)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཅི་ཞིག་ལ་དཔལ་འབྱོར་རིག་པ་ཟེར།

རྩོམ་པ་པོ། མང་རའི་རྒྱལ་མཚན། 

   ག་འདྲ་ཞིག་ལ་དཔལ་འབྱོར་རིག་པ་ཟེར།དེ་ལ་རིགས་དང་དབྱེ་བ་ཇི་ལྟར་འབྱེད་ཅེ་ན།ཡུལ་དུས་མི་འདྲ་བར་འགྲེལ་སྟངས་སྣ་ཚོགས་བྱུང་ཡོད་མོད།མི་ཤུགས་དང་རྒྱུ་ཤུགས།དུས་ཚོད་དང་བར་སྟོང་སོགས་ཆེས་ཉུང་ཤོས་ཤིག་སྤྱད་དེ།འབྲས་བུ་དང་ཁེ་ཕོགས་ཆེས་མང་ཤོས་ཤིག་ཐོབ་ཐབས་བྱ་རྒྱུ་ནི་རིག་པ་འདིའི་དོན་སྙིང་རེད།ཡིན་ནའང་ང་ཚོས་དེ་ཉིད་སྒོར་མོ་འཚོལ་བྱེད་ཀྱི་ཐབས་ཤེས་ཉི་ཚེ་བར་གོ་མི་རུང་བར།ཐོན་ཁུངས་སྣ་ཚོགས་གང་ལ་གང་འཚམ་དུ་བཀོད་སྒྲིག་དང་བེད་སྤྱོད་བྱེད་པའི་རིག་པའི་གཞུང་ལུགས་ཤིག་ལ་ངོས་འཛིན་བྱེད་འོས།ཞིབ་འཇུག་ཁྱབ་ཁོངས་ལྟར་ན་རགས་མཐོང་དང་ཕྲ་མཐོང་དཔལ་འབྱོར་རིག་པ་གཉིས་སུ་དབྱེ།ལོ་རྒྱུས་ལྟར་ན་ཁྱིམ་ཚང་དང་ཆབ་སྲིད་དཔལ་འབྱོར་རིག་པ་གཉིས་སུ་དབྱེ།སྲིད་གཞུང་གིས་ཐེ་གཏོགས་བྱེད་སྟངས་ཀྱི་ཆ་ནས་འཆར་གཞི་དང་ཁྲོམ་རའི་དཔལ་འབྱོར་གཉིས་སུ་དབྱེ།དཔལ་འབྱོར་གཉེར་མཁན་གྱི་ངོས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་གཉིས་ཡོད།ཞིབ་འཇུག་བྱེད་ཡུལ་གྱི་དབང་གིས་དངུལ་ལོར་དང་ཐོན་ལས་དཔལ་འབྱོར་རིག་པ་གཉིས་སུ་དབྱེ་བ་སོགས་ཞིབ་ཏུ་ཤེས་བྱའི་རྣམ་གྲངས་ཧ་ཅང་མང་བའོ།།

དབྱིན་ཇི་སྐད་ཀྱི་ Economy ཞེས་པའི་གོ་དོན།

    Economy ཞེས་པའི་ཐ་སྙེད་འདིའི་འབྱུང་ཁུངས་ནི་གནའ་བོའི་ཀེ་རི་སིའི་སྐད་ཡིན་ལ། ཐོག་མའི་བསྟན་དོན་ནི་ཁྱིམ་ཚང་སྐྱོང་ཐབས་སམ་སྐྱོང་སྲོལ་ལྟ་བུར་གོ ཇི་སྐད་དུ། མི་ཆོས་རིག་པ་མི་སྒེར་དང་འབྲེལ།དཔལ་འབྱོར་རིག་པ་ཁྱིམ་ཚང་དང་འབྲེལ། ཆབ་སྲིད་རིག་པ་རྒྱལ་ཁབ་དང་འབྲེལ་ཟེར་བའོ།། ལོ་རྒྱུས་སྟེང་རྒྱ་དཀར་ནག་བོད་དང་བཅས་སོ་སོར་དཔལ་འབྱོར་ལས་དོན་ལ་མཁས་པའི་མི་སྣ་གང་མང་བྱུང་ཡོད་ཅིང་། བོད་ལ་མཚོན་ན་གནའ་རབས་མཛངས་མི་བདུན་ལས་ཐོན་མི་ཕུད་མང་ཆེ་བས་དཔལ་འབྱོར་དང་འབྲེལ་བའི་མཛད་རྗེས་བསྐྲུན་པ་རེད།ཡིན་ནའང་དེང་གི་སྐད་དོད་ཀྱི་དཔལ་འབྱོར་རིག་པ་ཟེར་བ་འདི་འཛམ་གླིང་ཤར་ཕྱོགས་ཀྱི་མི་རིགས་སུས་ཀྱང་གསར་གཏོད་བྱེད་མ་ཐུབ་པར། ནུབ་ཕྱོགས་ཡོ་རོབ་གླིང་གི་མི་དཀར་སྐྲ་སེར་གྱི་རིགས་འདི་དག་གི་བྱས་རྗེས་འབའ་ཞིག་གོ། དཔལ་འབྱོར་རིག་པ་ཟེར་དུས་རང་རྐྱ་ཐུབ་པའི་རིག་པའི་གཞུང་ལུགས་ཡན་གར་བ་ཞིག་ཡིན།དེར་ཐུན་མོང་མ་ཡིན་པའི་རིག་པའི་གཞི་འཛུགས་ས་དང་མཚན་ཉིད་འཇོག་སྟངས།དབྱེ་ཞིབ་ཀྱི་སྤྱི་འགྲོས། བྱུང་འཕེལ་གྱི་ལོ་རྒྱུས་སོགས་འཐུས་ཚང་བའི་མ་ལག་ཅིག་ཡོད་པས། རང་རེའི་དཔལ་འབྱོར་དང་འབྲེལ་བའི་གནའ་མིའི་ཉམས་མྱོང་ཐར་ཐོར་ཙམ་ལ་དཔལ་འབྱོར་རིག་པ་ཞེས་འབོད་མི་རུང་བ་ཧ་གོ་དགོས།

ནུབ་ཕྱོགས་དཔལ་འབྱོར་རིག་པའི་ཁུངས།

    སྤྱིར་ནུབ་གླིང་བས་དཔལ་འབྱོར་རིག་པའི་ཁུངས་ཡང་གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པའི་སློབ་དཔོན་དག་ལ་གཏུགས་མོད།དོན་ལ་ཕྱི་ལོ་༡༧༧༦ལོར་དབྱིན་ཇིའི་ཨ་དམ་སི་མུས་༼རྒྱལ་ཁབ་ཀྱི་འབྱོར་ཕྱུག་གླེང་བ་༽(国富论)ཞེས་པའི་བརྩམས་ཆོས་དེས་དཔལ་འབྱོར་རིག་པའི་སྒྲོམ་གཞི་དངོས་སུ་བཟོས།ཁོང་གིས་རང་དབང་དང་འདྲ་མཉམ་ཀྱི་ཁྲོམ་རའི་ཉོ་ཚོང་ལ་རྒྱབ་སྐྱོར་དང་།སྲིད་གཞུང་དང་ཚོང་དཔོན་ཆེན་པོས་རིན་གོང་སྒེར་སྡོམ་བྱེད་པ་སོགས་ལ་དགག་པ་བརྒྱབ།དེའི་རྗེས་འཇུག་པ་ཏ་ལྦེ་ལི་ཅ་ཐོའི་ཡིས་རིག་པ་དེ་ལེགས་བཅོས་ཁ་སྣོན་དང་བཅས་རྒྱ་ཆེར་སྤེལ་ཞིང་།ཚན་རིག་དབྱེ་ཞིབ་ཀྱི་ལམ་སྲོལ་ལེགས་པར་བཏོད།སློབ་མ་ཏ་ལྦེ་ཡིས་རང་ལོ་ཉེེེར་ལྔའི་སྟེང་སློབ་དཔོན་ཨ་དམ་ལས་བསླབས་པའི་ཤེས་བྱར་བརྟེན་ནས་ཨ་སྒོར་ས་ཡ་དུ་མ་ལེན་ཐུབ་ཡོད་པས།ལག་ལེན་དང་གཞུང་ལུགས་ཟུང་འབྲེལ་གྱི་དཔལ་འབྱོར་རིག་པའི་མཁས་པ་ཞེས་སྐད་གྲགས་ཁྱབ་པ་བྱུང་།མདོར་ན་ཁོང་དགེ་སློབ་ཡབ་སྲས་ཀྱིས་མཚོན་པའི་རིང་ལུགས་ལ་སྲོལ་རྒྱུན་དཔལ་འབྱོར་རིག་པ་ཞེས་འབོད།དེའི་རྨང་གཞིའི་སྟེང་ལྟ་གྲུབ་གསར་བ་མང་དུ་དར་ཞིང་།ཁ་སང་དེ་རིང་གི་བར་དུ་དཔལ་འབྱོར་རིག་པའི་དུས་རིམ་མི་འདྲ་བ་དུ་མ་ཞིག་བརྒྱུད་ཡོད་པ་རེད།

སྲོལ་རྒྱུན་གསར་མའི་དཔལ་འབྱོར་རིག་པ།

    གོང་སྨྲས་སྲོལ་རྒྱུན་དཔལ་འབྱོར་རིག་པ་བ་ཚོས་ཚོང་རྫས་ཀྱི་རིན་ཐང་ནི་དེ་ལ་བསྟིམས་པའི་མིའི་ངལ་རྩོད་ཀྱིས་ཐག་བཅད་ཡོད་པར་འདོད།ཡིན་ནའང་༡༨༧༠ལོ་ཡས་མས་སུ་དཔལ་འབྱོར་རིག་པའི་སྡེ་རུ་ལྟ་གྲུབ་གསར་བརྗེ་ཐེངས་ཤིག་བྱུང་སྟེ། ཚོང་རྫས་ཀྱི་རིན་ཐང་ནི་ངལ་རྩོལ་གྱིས་ཐག་བཅད་པ་མ་ཡིན་པར།གང་དེའི་མཐའ་སྣེའི་ཕན་ནུས་(边际效益)ལ་རག་ལས་ཡོད་ཚད་བསྒྲགས།མངོན་སུམ་གྱི་ངལ་རྩོལ་དང་ལྐོག་གྱུར་གྱི་ཕན་ནུས་གཉིས་ལས་རིན་ཐང་ཐག་གཅོད་མཁན་གང་ཡིན་ཐད་དཔལ་འབྱོར་མཁས་པ་ཚོར་རྩོད་གླེང་བྱུང་།༡༨༩༠ལོར་དབྱིན་ཇིའི་མ་ཞེ་ཨར་གྱིས་དཔལ་འབྱོར་རིག་པའི་རྩ་བའི་གནས་ལུགས་ཞེས་པའི་དེབ་བརྩམས་ཏེ་རྩོད་གླེང་དེའི་མཇུག་བསྒྲིལ་ཞིང་།ཚོང་རྫས་ཀྱི་རིན་ཐང་དང་རིན་གོང་ནི་དགོས་མཁོ་དང་འདོན་སྤྲོད་གཉིས་ལ་རག་ལས་པ་འཁྱོག་ཐིག་དཔེ་རིས་ཀྱི་ལམ་ནས་མངོན་སུམ་གསལ་འགྲེལ་གནང་།ཁོང་གིས་བཀོད་པའི་འཁྱོག་ཐིག་དཔེ་རིས་དེ་ད་ལྟའི་བར་དུ་སྤྱོད་བཞིན་ཡོད།མ་ཞེ་ཨར་གྱིས་མཚོན་པའི་རང་ལུགས་དང་གྲུབ་མཐའ་ནི་དཔལ་འབྱོར་རིག་པའི་དུས་རིམ་གཉིས་པ་ཡིན་ལ།ཡོངས་གྲགས་སུ་སྲོལ་རྒྱུན་གསར་མའི་དཔལ་འབྱོར་རིག་པ་ཞེས་ཀྱང་འབོད་པའོ།།

དཔལ་འབྱོར་རིག་པ་དང་གྲངས་རིག།

    གྲངས་རིག་ནི་དཔལ་འབྱོར་རིག་པར་འཇུག་པའི་སྒོ་མོ་ལྟ་བུ་ཞིག་ཡིན།དཔེར་ལ་གྲངས་རིག་མ་ཤེས་ན་དཔལ་འབྱོར་རིག་པའི་མཐའ་སྣེའི་མ་རྩ་དང་ཕན་ནུས་ཟེར་བ་སོགས་ཆེད་ལས་བརྡ་ཆད་དེ་དག་ལ་གོ་བ་གསལ་བོ་ཞིག་ཀྱང་ལོན་ཐུབ་བྲལ། སྒོས་སུ་དཔལ་འབྱོར་སྐོར་གྱི་རིག་གཞུང་ཞིབ་འཇུག་གི་ལས་ཀ་བྱེད་དུས། གྲངས་རིག་གི་ཐབས་ཤེས་དང་ལག་ཆ་ཕེལ་ཆེར་སྤྱོད་དགོས་ལ། དཔལ་འབྱོར་རིག་པའི་དཔྱད་རྩོམ་ནང་གྲངས་རིག་གི་རྩིས་ཕྲེང་དང་དཔེ་རིས་མང་བོ་བཀོད་ཡོད་པས་མི་རང་ག་བ་ཚོས་ལྟ་ཡང་མི་ཤེས།ཡིན་ནའང་མཐོ་རིམ་གྲངས་རིག་ཆེད་དུ་མ་བསླབས་རུང་ང་ཚོས་དཔལ་འབྱོར་རིག་པའི་རྩ་བའི་རྒྱུན་ཤེས་ཅི་རིགས་རྒྱུས་ལོན་དང་བེད་སྤྱོད་བྱེད་པར་གནོད་པ་དེ་ཙམ་མེད།དཔེར་ན་འཛམ་གླིང་ཉེ་རབས་ཀྱི་དཔལ་འབྱོར་རིག་པ་བ་གྲགས་ཅན་ཁི་སི་ལྟ་བུར་མཚོན་ན།གྲངས་རིག་ལ་དེ་ཙམ་མི་མཁས་ཀྱང་དཔལ་འབྱོར་རིག་པར་ནང་བྱན་ཆུད་ཡོད།འོན་ཀྱང་མཐར་གཏུགས་ན་ཁོང་འདྲའི་རྣམ་དཔྱོད་ཅན་ཉུང་ཉུང་ཡིིན་པས།རང་ཅག་བོད་ཀྱི་གཞོན་རབས་ཁྲོད་མ་འོངས་པར་དཔལ་འབྱོར་རིག་པ་བ་བྱེད་འདོད་མཁན་རེ་ཡོད་ན།ད་ལྟ་ནས་བཟུང་གྲངས་རིག་ཡག་པོ་སྦྱངས་ཏེ་ཆེད་ལས་ཀྱི་རྨང་གཞི་འདིང་རྒྱུ་ནི་ཆེས་ལེགས་པའི་ཐབས་ལམ་ཞིག་རེད་སྙམ།

ཕྲ་མཐོང་དཔལ་འབྱོར་རིག་པ་དང་རགས་མཐོང་དཔལ་འབྱོར་རིག་པ།

    ཡར་སྔོན་བཤད་ཟིན་པ་ལྟར།སྤྱིར་དཔལ་འབྱོར་རིག་པ་ལ་ནང་གསེས་ཀྱི་དབྱེ་བ་མང་ན་ཡང་།གཞུང་ལུགས་ཀྱི་རྨང་གཞིའི་ཆ་ནས་ཕྲ་མཐོང་དཔལ་འབྱོར་རིག་པ་དང་རགས་མཐོང་དཔལ་འབྱོར་རིག་པ་གཉིས་སུ་དབྱེ།ཕྲ་མཐོང་དཔལ་འབྱོར་རིག་པ་ནི། ཆུང་ས་ནས་བརྟགས་ཅིང་དཔྱོད་པའི་གཞུང་ལུགས་ཤིག་ཡིན།དེས་གཙོ་བོ་མི་སྒེར་དང་འཛད་སྤྱོད། ཁྱིམ་ཚང་།ཁེ་ལས་སྒེར་བ་སོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་པ་སྟེ།བརྗོད་སྙིང་གཙོ་བོ་མདོར་དྲིལ་ན་རིན་གོང་གི་གནད་དོན་རེད། དེ་བས་མིང་དུ་གྲགས་པའི་ཨ་རིའི་ཀྲི་ཅ་ཀོའུ་སློབ་ཆེན་དུ། ཕྲ་མཐོང་དཔལ་འབྱོར་རིག་པར་ཐད་ཀར་རིན་གོང་སྐོར་གྱི་གཞུང་ལུགས་ཞེས་ཀྱང་འབོད།

དེ་ནི་ཉེ་རབས་དཔལ་འབྱོར་རིག་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་གྲས་སུ་གཏོགས་པ་སློབ་དཔོན་ཧྥི་རེ་ཏའེ་མན་མཆོོག་གི་ཤུགས་རྐྱེན་ལ་རག་ལས་ཡོད། དེ་ལས་ལྡོག་སྟེ། རགས་མཐོང་དཔལ་འབྱོར་རིག་པ་ནི་ཆེ་ས་ནས་བརྟགས་ཅིང་དཔྱོད་པའི་གཞུང་ལུགས་ཤིག་སྟེ།དེས་གཙོ་བོ་སྤྱི་ཚོགས་དཔལ་འབྱོར་གྱི་སྤྱིའི་གནས་སྟངས་དང་།ཁྲོམ་རའི་རིན་གོང་གི་ཆུ་ཚད།ངལ་རྩོལ་པའི་ལས་ཞུགས་གནས་ཚུལ།རྒྱལ་སྤྱིའི་འགྲོ་སོང་དང་ཡོང་འབབ་དོ་མཉམ་སོགས་ཀྱི་གནད་དོན་ཐད་ཞིབ་འཇུག་བྱེད་པའོ།།མདོར་ན།དུས་རབས་ཉེར་གཅིག་པའི་ནང་འདིར།དཔལ་འབྱོར་རིག་པའི་རྒྱུན་ཤེས་ཙམ་ཡང་ཁོང་དུ་མ་ཆུད་ན། རྒྱལ་སྤྱི་རྒྱལ་ནང་གི་སྲིད་འབྱོར་རིག་གསུམ་གྱི་སྤྱིའི་གནས་སྟངས་ཙམ་མ་ཟད།ཐ་ན་མི་སྒེར་རང་གི་འཚོ་བ་དང་དམ་དུ་འབྲེལ་བའི་བྱེ་བྲག་སྣང་ཚུལ་ཅི་རིགས་ལ་ཡང་།རྒྱུལ་ལོན་དང་འགྲེལ་བཤད་ཁ་གསལ་ཞིག་བྱེད་ཐབས་མེད་པ་རེད།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5924085
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号