རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུའི་ཕྲན་བཤད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུའི་ཕྲན་བཤད།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུའི་ཕྲན་བཤད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-08-28ལྟ་ཀློག (7282)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་མིང་འཛིན་པ་པད་དཀར་འབངས་ཀྱིས།

     སློབ་མ་ཞིག་གིས་འབྲི་རྩལ་གང་ལེགས་སྤྱད་ཅིང་ཡིག་གཟུགས་གང་མཛེས་ལས་ཐོན་པའི་སློབ་གླུ་བྲིས་མ་ཞིག་ང་ལ་བྱིན་མྱོང་། དེ་ནི་ངས་ཀྱང་རིན་ཐང་བྲིན་པའི་ལེགས་སྐྱེས་ཤིག་ཏུ་བསམ་ནས་མལ་ཁྲིའི་གཡས་ངོས་ལ་སྦྱར་བ་ཡིན། ལོབས་ཕྱོགས་ལྟར་གན་རྐྱལ་དུ་བསྙེས་ཏེ་ངལ་གསོ་ཐེངས་རེར། འདུག་སྟངས་དེའི་དབང་གིས་སློབ་གླུ་དེ་ངའི་མིག་ལམ་དུ་འཆར་འོང་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཅིག་ཡིན། དེ་མཚུངས་སུ་སློབ་གླུ་དེའི་ཚན་པ་གང་རུང་རེ་ཀློག་རྒྱུ་དེ་ཡང་ངའི་གོམས་སྲོལ་ཞིག་ཏུ་ཆགས་སོང་བ་འདྲ། དེ་ལྟར་ཚིག་གི་མཁར་བ་ལ་བརྟེན་ནས་དོན་གྱི་རྒན་པོ་ཞིག་གོག་ནུར་ལས་ཡར་འགྲེང་ཐུབ་སོང་བའམ་ཡང་ན་ང་ལ་བསམ་གཞིགས་ཀྱི་སྒོ་མོ་གཞན་ཞིག་ཕྱེས་སོང་། ང་ཚོས་རང་ཉམས་ལ་དཔག་སྟེ་མནོ་བསམ་ཞིག་བཏང་ན། ང་ཚོས་ཀྱང་རྒན་འཇིགས་མེད་རྒྱལ་མཚན་ཁོང་བཞིན་སློབ་གླིང་ཞིག་བསྐྲུན་ཚར་ནས་གཟོད་དེ་འབྲེལ་གྱི་སློབ་གླུ་ཞིག་རྩོམ་པའི་དབང་དུ་བྱས་ན་བརྗོད་བྱ་དོན་གྱི་ཆ་ལ་དཔྱད་ཞིབ་ནན་མོ་གཏོང་རྒྱུ་ནི་མཚོན་མགར་གྱིས་གྲིའི་རྣོ་དབལ་གང་ཐོན་བྱེད་པ་དང་གཅིག་མཚུངས་མ་ཡིན་ནམ། དེས་ན་ངེས་དོན་གྱི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཀྱང་མི་རིགས་སློབ་གསོའི་གནས་བབས་དང་། ངོ་བོ། ཁ་ཕྱོགས། མ་འོངས་པ་བཅས་ལ་གཞིགས་ནས་མིང་སྲིང་ལྟ་བུའི་སློབ་གླིང་ཟུང་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ལེགས་པར་གྲུབ་ཅིང་དེ་འབྲེལ་གྱི་སློབ་གླུ་རྩོམ་པའི་སྐབས་ལ་ཚིག་གང་འགྲིག་དང་ངག་ལ་གང་བདེ་ཞིག་གིས་མི་ཆོག་པར་གཙོ་བོ་སློབ་གླིང་འཛུགས་པའི་དམིགས་ཡུལ། བཙུགས་པའི་སློབ་གླིང་གི་ཁ་ཕྱོགས། སློབ་གླིང་རང་གི་ཚིག་ཐུབ་ཀྱི་སྤོབས་པ་སོགས་ཚིག་གི་ཁོང་ནས་བཏོན་ཏེ་གསལ་བར་མཚོན་རྒྱུ་ནི་སློབ་གླུ་བརྩམས་པའི་དགོས་པའང་ཡིན་བསྙམས། དེའི་ཕྱིར་སློབ་གླུ་ནི་སློབ་གྲྭའི་ལམ་ཡིག་དང་། ང་ཚོའི་དྲན་སྐུལ་གྱི་ཅུང་བརྡ། ཡང་ན་དགེ་སློབ་སུ་ཡང་འདར་མི་རུང་བའི་མཐའི་ལྕགས་རི་དང་ལྟ་བའི་ཕྱག་རྒྱ་ཡིན། དེ་བས་སློབ་གྲྭའི་དབུ་འཛིན་པ་དང་། དཀྱུས་མའི་དགེ་རྒན། གནས་པའི་སློབ་མ་ཐམས་ཅད་ཀྱིས་སློབ་གླུ་ལ་གོ་བ་གཏིང་ཚུགས་པའི་སྒོས་རང་རང་གི་ལས་ཀའི་ཐད་ནས་ལག་ལེན་དུ་ཐེབས་པ་ཞིག་སེམས་ལ་འཛིན་རྒྱུ་ནི་ང་ཚོའི་འཕེལ་རྒྱས་ཀྱི་རྨང་གཞི་དང་རྩ་བར་འཁུམས་སོ་ཞེས་གླེང་སློང་བའི་གཏམ་དུ་སྨོས་སོ།།

       སློབ་གླུ་ཚན་པ་དང་བོ། ང་ཡི་སྤྱི་གཙུག་གི་གཟི་བྱིན་འབར་བའི་སློབ་དཔོན་དམ་པ། ཁྱེད་ནི་མི་རིགས་ཀྱི་མགོན་སྐྱབས་དང་། ཡོན་ཏན་གྱི་བང་མཛོད་ཡིན། ཁྱེད་ཀྱིས་གཞན་དོན་གྱི་ནོར་བུ་ཁུར་ཅིང་། བྱམས་བརྩེ་དང་ཞི་དུལ་གྱིས་སློབ་བུ་བསྐྱངས། ང་ཡི་སློབ་དཔོན་དམ་པ། ཁྱེད་ནི་ང་ཚོའི་མི་ཚེ་ལ་འོད་སྣང་སྦྱིན་པའི་ཉིན་བྱེད་ཡིན། 

    ༡ སློབ་གླུ་ཚན་པ་དང་བོ་འདིའི་ནང་དུ་སློབ་གླིང་བྱེད་པོ་གང་གིས་རང་བཞིན་བརྗོད་པའི་སྒོ་ནས་སློབ་དཔོན་དམ་པ་སྟེ་དགེ་རྒན་ཡང་དག་པར་བསྟོད་པ་བྱས་ཡོད་ལ། ལྷག་པར་སྤྱིར་དགེ་རྒན་གྱི་མཚན་ཉིད་དང་སྒོས་སུ་སློབ་གླིང་འདིའི་དགེ་རྒན་གྱི་ཚད་གཞིའམ་འོས་འགན། ཡང་ན་ཁོང་གིས་སློབ་གླིང་འདིའི་དགེ་རྒན་ཚོ་ལ་བཅོལ་བའི་རེ་བ་བསྟན་ཡོད། རེ་རེ་བཞིན་ཅུང་ཟད་འགྲེལ་ན་༼ མི་རིགས་ཀྱི་མགོན་སྐྱབས་དང་ ༽ ཞེས་པས་སློབ་གླིང་འདིའི་དགེ་རྒན་ཞིག་ཡིན་ཚེ་དེང་རབས་སྤྱི་འགྲོའི་འགན་འཁྲི་ཐེག་པས་མི་ཆོག་པར་མི་རིགས་དགེ་རྒན་ཞིག་གི་འགན་འཁྲི་ཐེག་དགོས་པའི་རེ་བ་དང་དེ་འདྲའི་འོས་འགན་ངོས་ཟིན་པའི་སྒོ་ནས་མི་རིགས་འདིའི་དར་རྒུད་སྙིང་ལ་བརྣགས་ཤིང་རིགས་ཞེན་གྱི་བརྩེ་བ་དངོས་མ་ཞིག་གིས་ཀུན་ནས་བསླངས་ཏེ་སློབ་གསོའི་ལས་དོན་ལ་འབད་དགོས་པར་གདམས་ཡོད། ༼ ཡོན་ཏན་གྱི་བང་མཛོད་ཡིན། ༽ ཞེས་པས་སྤྱིར་གཞུང་ལུགས་ཀུན་ལ་ནང་བྱན་ཆུད་པའི་ཡོན་ཏན་གྱི་བང་མཛོད་ཡིན་པ་དང་། གཞན་དུ་ན་ཆེད་དུ་གང་ལ་བསླབ་པ་འམ་གང་འཆད་རྒྱུའི་གཞུང་ལ་ལུང་རིགས་མན་ངག་གིས་ཕྱུག་པ་ཞིག་ངེས་པར་དགོས་གསུངས་པ་རེད། དེ་ཡང་ཡིན་ཏེ་མཁས་འཇུག་ལས། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །ཞེས་དང་། ཀུན་མཁྱེན་བུའི་ཆོས་འབྱུང་ལས། ཤེས་བྱའམ་སྡེ་སྣོད་ཀུན་ལ་མཁས་ནའང་ལེགས་མོད་ཀྱི་འདིར་གང་འཆད་པ་དེའི་ཚིག་དོན་ལ་ལུང་རིགས་མན་ངག་དང་ལྡན་པའི་མཁས་པ་ཞིག་དགོས་ཏེ། དེས་གདུལ་བྱའི་ཐེ་ཚོམ་གཅོད་ནུས་པས་སོ།། ཞེས་གསུངས། ༼ ཁྱེད་ཀྱིས་གཞན་དོན་གྱི་ནོར་བུ་ཁུར་ཅིང་། ༽ ཞེས་པས་དགེ་རྒན་ཚོས་སློབ་གསོའི་ལས་ཀ་གཉེར་བ་འདི་རང་གི་ལྟོ་རྒྱབ་ཁོ་ནའི་ཆེད་དང་། རང་ཉིད་གང་སྐྱིད་གང་བདེ་ཞེ་ཕུགས་སུ་བཅངས་ནས་སྡོད་མི་རུང་བར་རང་དོན་ལ་ངལ་བ་མེད་པར་ཤ་ཐང་ཐང་གིས་འབད་པ་ལྟ་བུར། གསར་སྐྱེས་ཀྱི་སློབ་བུ་ཚོའི་འཕྲལ་ཡུན་གྱི་ལེགས་ཚོགས་ཐམས་ཅད་རྨང་ནས་འགྲིག་པ་ཞིག་འོང་ཆེད་རང་གི་སྐྱོ་ངལ་ལ་མི་ལྟ་བར་གཅིག་ཏུ་གཞོལ་བའི་ཕན་སེམས་གཙང་མ་ཞིག་དགོས་གསུངས་པ་རེད། འདི་ལྟར་སྨྲ་རིགས་པའང་ཡིན་ཏེ། ལམ་རིམ་ཆེན་མོ་ལས། འཁོར་ལ་བྱམས་པ་བསྒོམ། གཞན་མཐོ་བར་དོགས་པའི་ཕྲག་དོག་དང་། ཕྱི་བཤོལ་བྱེད་པའི་ལེ་ལོ་དང་། ཡང་ཡང་འཆད་པས་ངལ་བའི་སྐྱོ་བ་དང་། བདག་ཉིད་སྒྲོགས་ཤིང་གཞན་གྱི་སྐྱོན་གླེང་བ་དང་། ཆོས་ལ་དཔེ་མཁྱུད་བྱེད་པ་དང་། ཟས་གོས་ལ་སོགས་པའི་ཟང་ཟིང་ལ་ལྟ་བ་སྤངས་ཏེ། ཞེས་དང་། བུ་སྟོན་ཐམས་ཅད་མཁྱེན་པའི་ཆོས་འབྱུང་ལས། རབ་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ལ་གཞག་འདོད་ཀྱི་སྙིང་རྗེ། དེ་མེད་ན་གང་འཆད་པའི་དོན་དེ་ལེགས་པར་ཤེས་ཤིང་ཕན་འདོད་ཀྱིས་ཟང་ཟིང་ལ་ལྟོས་མེད་དུ་འཆད་པའི་སྙིང་རྗེ་ངེས་པར་དགོས་ཏེ། དེས་རང་གི་བཤད་པ་ལམ་དུ་འགྱུར་རོ།། ཞེས་གསུངས། ༼བྱམས་བརྩེ་དང་ཞི་དུལ་གྱིས་སློབ་བུ་བསྐྱངས། ༽ ཞེས་པས་བྱམས་བརྩེས་ཀུན་ནས་བསླང་སྟེ་ཞི་དུལ་གྱིས་སློབ་བུ་སྐྱོང་བའི་ཡོན་ཏན་ལ་བསྔགས་ཤིང་། དགེ་རྒན་གྱིས་སློབ་མ་གདུལ་བ་ལ་སྒོ་གསུམ་ཞི་དུལ་གྱི་སྤྱོད་པ་ཡག་པོ་ཞིག་དགོས་པ་དེ་ཆ་རྐྱེན་ནམ་ཐབས་གཙོ་བོ་ཡིན་པར་གསུངས་ཡོད། དེ་ཡང་ཡིན་ཏེ། བྱང་ཆུབ་ལམ་རིམ་ལས། དེ་ཡང་རང་མ་དུལ་བས་གཞན་འདུལ་བ་གནས་མེད་པར་གསུངས་པས། གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ།། ཞེས་དང་། ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། ། ཞེས་དང་། མཁས་འཇུག་ལས། མི་བཙུན་ན་སློབ་མའི་སྤྱོད་པ་ཆུད་འཛའ། ཞེས་གསུངས་པ་ལྟར་རོ།། དོན་བསྡུས་ན། གཙོ་བོ་གཞན་དོན་ལ་འབུངས་ཤིང་བྱམས་བརྩེ་དང་ཞི་དུལ་ཅན། ཡོན་ཏན་གྱི་བང་མཛོད་དུ་གྱུར་པ་གང་ནི་ང་ཚོ་སྟེ་མི་རིགས་འདི་དང་ཡང་ན་ངེད་ཅག་སློབ་བུ་དག་གི་མི་ཚེ་ལ་འོད་སྣང་སྦྱིན་མཁན་ཏེ་རྒྱུད་ཀྱི་མུན་པ་སེལ་བར་བྱེད་པའི་ཉིན་བྱེད་ལྟ་བུར་མོས་ཤིང་འཛིན་རིགས་པར་གདམས་པའོ།།

     སློབ་གླུ་ཚན་པ་གཉིས་པ། ང་ཡི་སྙིང་ཁོང་གི་འོད་ཀྱིས་ཁེངས་པའི་མ་ཡུམ་སློབ་གྲྭ། ཁྱེད་ནི་མི་རིགས་ཀྱི་བླ་སྲོག་དང་། ཤེས་རིག་གི་ལྡེ་མིག་ཡིན། ཁྱེད་ཀྱིས་གསར་གཏོད་ཀྱི་ལམ་ཆེན་བཟོས་ཤིང་། སྒྱུ་རྩལ་དང་ཚན་རིག་གི་ཞིང་ཁམས་བཞེངས། ང་ཡི་མ་ཡུམ་སློབ་གྲྭ། ཁྱེད་ནི་ང་ཚོའི་མཛེས་སྡུག་དང་སྤྲོ་སྐྱིད་ལྡན་པའི་ཕ་ཁྱིམ་ཡིན།

      ༢ སློབ་གླིང་འདི་གཉིས་ནི་བྱེད་པོ་གང་གིས་ཉམ་ང་ཉག་ཕྲར་གྱུར་པའི་མི་རིགས་འདིའི་གསོས་སྨན་དང་བླ་སྲོག་གསར་བ་ཞིག་གི་ཚུལ་དུ་བསྐྲུན་པ་ཡིན་ལ། གནའ་དེང་རིས་སུ་མ་ཆད་པར་མི་རིགས་སློབ་གསོའི་རྨང་མ་འགྱུར་བའི་སྒོས་འཛམ་གླིང་ཤར་ནུབ་སྤྱིའི་འགྲོ་སྟངས་ལྟར་ཚན་རིག་གི་ལྟ་བ་དང་དེ་འབྲེལ་གྱི་ལག་རྩལ། དེ་བྱུང་གི་མཁོ་དངོས་མང་བོ་གསར་གཏོད་ཀྱི་ལམ་ཁར་བསྙེག་ན་ཤེས་རིག་སྣ་ཚོགས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་དང་། ངེས་པ་དོན་དུ་མི་རིགས་འདིའི་བླ་སྲོག་ཅེས་བསྙད་པ་དང་། ཡང་ན་འདས་པའི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། གཞན་བུད་མེད་ཀྱི་ཁམས་དང་བསམ་པ་ལ་གཞིགས་ཏེ་ཆེད་དམིགས་ཀྱི་སློབ་གྲྭ་བཙུགས་པ་ཇོ་དགོན་མ་གཏོགས་པ་མཁའ་ཡི་པད་མོ་ལྟ་བུར་གུད་ནའང་མ་མཆིས་པས། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་ནི་སྔོན་མེད་གསར་གཏོད་ཀྱི་ལམ་ཆེན་ཡིན་ལ། དེའི་ཕྱིར་སློབ་གླིང་འདི་གཉིས་ནི་འདིར་འདུས་སློབ་བུ་ཚོའི་མཛེས་སྡུག་དང་གཟི་བརྗིད། གཞན་དུ་ན་ང་ཚོ་བོད་ཀྱི་རྗེས་རབས་པའམ་གསར་སྐྱེས་སློབ་མ་དག་གི་སྤྲོ་སྐྱིད་ལྡན་པའི་ཕ་ཁྱིམ་ཞིག་ཏུ་འཛིན་དགོས་པའམ་འཛིན་འོས་པར་གདམས་པའོ།། 

      སློབ་གླུ་ཚན་པ་གསུམ་པ། ང་ཡི་སེམས་སྟེང་གི་མཛའ་བརྩེ་བཅངས་པའི་སློབ་གྲོགས་བཟང་བོ། ཁྱེད་ནི་མི་རིགས་ཀྱི་རེ་བ་དང་། མ་འོངས་པའི་དེད་དཔོན་ཡིན། ཁྱེད་ཀྱིས་ཤེས་རིག་གི་འབྲི་འོ་འཐུང་ཞིང་། མཐུན་སྒྲིལ་དང་དད་བརྩོན་གྱི་ཁོར་ཡུག་བསྐྲུན། ང་ཡི་སློབ་གྲོགས་བཟང་བོ། ང་ཚོས་བླ་མེད་ཀྱི་སྙིང་སྟོབས་དང་རིག་འབྱོར་སྲིད་ཀྱི་རྒྱལ་མཚན་སྒྲེངས། 

   ༣ ༼ང་ཡི་སེམས་སྟེང་གི་༽ཞེས་སོགས་ཀྱིས་ཕན་ཚུན་ལ་མཛའ་བརྩེ་སྟེ་ཕན་སེམས་དང་ལྷག་བསམ་བཅངས་པའི་སློབ་གྲོགས་བཟང་བོ་དག་ནི་མི་རིགས་འདིའི་རེ་ལྟོས་འཆའ་ས་དང་མ་འོངས་པའི་ཁ་ཕྱོགས་འཚོལ་མཁན་གྱི་དེད་དཔོན་ཡིན་ལ། དེའི་ཕྱིར་རང་གི་བཤེས་གཉེན་ལ་དད་གུས་དང་གཞུང་ལུགས་དོན་གཉེར་གྱི་བརྩོན་འགྲུས། གྲོགས་ཕན་ཚུན་ལ་ཆེ་བཀུར་ཆུང་བྱམས་ཀྱིས་མཐུན་སྒྲིལ་གྱི་སྟོབས་ཤིག་བསྐྱེད་དེ་ཚང་མ་མཉམ་རུབ་ཀྱིས་གཞན་གྱིས་སྨོན་ཞིང་རང་ལ་དགོས་ངེས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་པ་དང་། ཡང་ན། བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་བོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །ཞེས་དང་། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་བསྡུས་དང་། །སྐྱོ་བ་ཉན་པའི་དྲི་མ་ཡིན། ། ཞེས་དང་། བུ་སྟོན་ཆོས་འབྱུང་ལས། རྟོགས་པར་ནུས་པའི་བློ་གྲོས་དང་། དོན་དུ་གཉེར་བའི་འདུན་པ་དང་། ང་རྒྱལ་མེད་པའི་གུས་པའོ།། ཞེས་དང་། མཁས་འཇུག་ལས། བློ་གསལ་ཤེས་འདོད་བླ་མར་གུས། ། ཞེས་གསུངས་པ་ལྟར་གཞུང་ཚད་ལྡན་དེ་དག་གི་སྐབས་ནས་བསྟན་པའི་མཚན་ཉིད་ཚང་བ་དང་ཚང་བར་བརྩོན་པའི་སློབ་གྲོགས་བཟང་བོ་དག་གིས་རྣམ་པ་ཀུན་ཏུ་རང་ཁོ་ནའི་སོ་ཚིས་ལ་འབད་པ་ནི་གནས་མ་ཡིན་པར་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རང་ཅག་ཁ་བ་རི་བའི་རིག་འབྱོར་སྲིད་ཀྱི་རྒྱལ་མཚན་དེ་ཉིད་ས་ཆེན་འདིའི་ཏོག་ཏུ་བསྒྲེང་རྒྱུ་དེའང་སེམས་ལ་འཆང་འོས་པ་ཡིན་ནོ་ཞེས་འདོམས་པའོ།།

      བཞི་བ་མཇུག་གི་གཏམ། ༤དེས་ན་སློབ་གླིང་རང་གི་དགེ་རྒན་གྱི་ཚད་གཞི་དང་འོས་འགན། སློབ་མའི་མཚན་ཉིད་དང་ཁ་ཕྱོགས། སློབ་གླིང་རང་གི་དམིགས་ཡུལ་དང་སློབ་གསོ་སོགས་སློབ་གླུ་འདི་ལས་ཇི་ལྟར་གསུངས་པ་ནང་བཞིན་ང་ཚོ་དགེ་སློབ་ཚང་མས་ལག་ལེན་དུ་ཕེར་བ་ཞིག་འོང་ན། སློབ་དཔོན་གང་གི་རིགས་ཞེན་གྱི་ལ་རྒྱ་དང་། སྤྱི་ཕན་གྱི་བསམ་བློ། གཟུར་གནས་ཀྱི་བློ་གྲོས་ལས་བྱུང་བའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདིའང་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་བསྟི་གནས་ཤིག་ཏུ་འགྱུར་ངེས་པ་དང་། འཇམ་མགོན་ཐོན་མིའི་འཕྲིན་ལས་དེང་གི་དུས་སུའང་འཕེལ་བར་བྱས་ཏེ་མེས་པོ་གོང་མ་རྣམས་ལ་དྲིན་བཟོ་ཅུང་ཟད་རེ་འགྲུབ་ནུས་པ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཆ་བཞག་པས་ཀྱང་འགྲུབ་པོ།། དེའི་ཕྱིར་སློབ་གླུ་ནི་ང་ཚོར་ལོང་ཁྲིད་བྱེད་མཁན་གྱི་དམིགས་བུ་དང་ང་ཚོའི་ཁ་ཕྱོགས་མཚོན་བྱེད་ཀྱི་གསང་བརྡ་དེ་ཡིན་པའི་ངེས་ཤེས་སྙིང་ལ་གནས་རྒྱུ་ནི་འགངས་ཆེ་བར་མཐོང་ནས་ཚིག་ཉུང་དོན་བསྡུས་ཀྱི་ཕྲན་བཤད་འདི་ཉིད་ཚུལ་མིན་ཡིད་བྱེད་ཀྱི་འཕྲོ་འདུ་ཉེ་བར་འགོག་པའི་བྱེད་རྩོལ་དང་ལྷན་དུ་སྦྱར་བའོ།། མངྒ་ལཾ།

༢༠༡༥-༨-༢༨ ཉིན།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། བན་ཤུལ་འཇམ་དབྱངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b81e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504209
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།