བོད་ཀྱི་སྙན་རྩོམ་རིག་པ་ལ་དཔྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་སྙན་རྩོམ་རིག་པ་ལ་དཔྱད་པ།
བོད་ཀྱི་སྙན་རྩོམ་རིག་པ་ལ་དཔྱད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-08-18ལྟ་ཀློག (5477)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །བོད་ཀྱི་སྙན་རྩོམ་རིག་པ་ལ་དཔྱད་པ།

སྐུ་ཕྱོགས་ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོས་བརྩམས། 

 དང་པོ། སྙན་རྩོམ་རིག་པའི་ཆེ་བ།

    སྤྱིར་གང་བསླབ་པར་བྱ་བའི་ཤེས་བྱའི་གནས་ནི་མཐའ་ཡས་མོད། ཚད་མའི་སྐྱེས་བུ་དངོས་སམ་མཐར་ཐུག་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིས་སུ་མ་ཆད་པའི་འགྲོ་བ་མཐའ་དག་ལ། གནས་སྐབས་དང་མཐར་ཐུག་གི་དགོས་པ་སྒྲུབ་པ་དང་། རང་གཞན་གྱི་དོན་སྒྲུབ་པའི་སླད་དུ། དོན་གཉིས་འབྱུང་བའི་གཞི། ལེགས་པ་ཐམས་ཅད་ཐོབ་པའི་རྒྱུ་གཙོ་བོ་ནི། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྟེ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཡེ་ཤེས་འདི་ཡིན་པ་གཟིགས་ཤིང་། དེ་ཉིད་ཐོབ་པའི་ཐབས་སུ་དྲིན་ལན་བསབ་པའི་མདོ་སོགས་ལས་རིག་པའི་དངོས་པོ་ལྔ་བསླབ་དགོས་པར་གསུངས་ལ། རྒྱལ་ཚབ་མི་ཕམ་མགོན་པོས་ཀྱང་། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།།འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ།།དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་།།རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།། ཞེས་རང་ཉིད་ཀུན་ཤེས་པར་བྱ་བ་དང་གཞན་དག་རྗེས་སུ་བཟུང་བའི་ཕྱིར་དུ་རིག་པའི་གནས་ལྔ་དག་ལ་བརྩོན་དགོས་པར་གསུངས་ཡོད། དེ་ལྟ་ན། རང་གཞན་གྱི་དོན་གཉིས་འགྲུབ་པ་ལ་རང་ཉིད་ཀྱིས་ནང་རིག་གི་ཤེས་བྱ་ཀུན་ཤེས་ཏེ་གཞན་གྱི་ལོག་རྟོག་དང་མ་རྟོགས་པ། ཐེ་ཚོམ་བཅས་ཚར་གཅོད་པའི་སྒྲ་ཚད་མ་རིག་པ།གདུལ་བྱ་རྗེས་སུ་འཛིན་པའི་བཟོ་གསོ་རིག་པ་སྟེ་རིག་པའི་གནས་ལྔའམ་ཆེ་ཆུང་བཅུར་གྲངས་ངེས་པ་ཡིན་ནོ།། དེ་ལས་སྤྱི་ཚོགས་ཀྱི་འཚོ་བའི་བརྒྱུད་རིམ་དང་། བདེ་སྡུག་གི་ལས་སྐལ། རང་བྱུང་གི་ཁོར་ཡུག ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རང་བཞིན་གསལ་བོར་སྟོན་པའི་སྣང་བརྙན་འབྲི་བཞེངས་བྱས་ཏེ་རི་མོ་མཆོག་ཏུ་དོད་པའི་སྒོ་ནས་བཟོ་རིག་པའི་ཁོངས་གཏོགས་སྙན་རྩོམ་གྱི་རིག་པ་འདི་ནི།གཞུང་ཆེན་མོ་རྣམས་གང་ལ་སྦྱངས་ཀྱང་ཚིག་གི་གནད་འབྱིན་པ། གོ་བའི་གཏིང་ཕུག་པ། རྗོད་བྱེད་ཚིག་གིས་ཟིན་ཚོད། བརྗོད་བྱ་དོན་གྱིས་ཐོབ་ཚད། རྩོམ་པ ་པོའི་དགོངས་པ་གཏད་སོ་སོགས་རྗོད་བྱེད་ཚིག་གི་ཆ་ལས་བརྗོད་བྱ་དོན་གྱི་གནད་འབུགས་པར་བྱེད་པ་ལ་ཆེས་ཡ་མཚན་པའི་རིགས་པ། བློ་གྲོས་ཀྱི་འཕེལ་ཁ་ཤིན་ཏུ་མྱུར་བ་ཞིག་ཡིན་པས། རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས་ཀྱང་། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས། །རྩོམ་སྒྱུར་པདྨའི་དགའ་ཚལ་འཕེལ་གྱུར་ཅིག ། ཅེས་རྩོམ་རིག་གི་ཚིག་སྦྱོར་སྒྱུ་རྩལ་ལ་བསྔགས་བརྗོད་གནང་ཡོད། སྙན་ངག་ནི་ཡིད་ཀྱི་གསོས་སྨན་དང་རྣ་བའི་བཅུད་ལེན་དུ་གྲུབ་ཅིང་མཁས་རྒུའི་ཡིད་འཕྲོག་པར་བྱེད་པའི་སྒྱུ་རྩལ་གྱི་མཛེས་སྡུག་དང་སྙན་ཞིང་འཇེབས་པའི་ཁྱད་ཆོས་བླ་མེད་དུ་རྫོགས་ཡོད་པས། འཇིག་རྟེན་འདིར་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་ཡིན་ཏེ།སློབ་དཔོན་དཔའ་བོས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། ། ཞེས་དང་། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་གཙོ་བོ་རྩོམ་པ་ལ་མཁས་མི་མཁས་ཀྱི་བཟང་ངན་ཡང་སྙན་ངག་ཤེས་མི་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ། །དེར་མ་ཟད། ཡུལ་དུས་གནས་སྐབས་དང་མཐུན་པར་སྣོད་བཅུད་ཀྱི་མཛེས་སྡུག ཡིད་ཀྱི་འཆར་སྣང་སོགས་བརྗོད་བྱ་མཆོག་དམན་དུ་མ་ལ་ཚིག་རྒྱན་མཛེས་ཤིང་སྦྱོར་བ་ཡིད་དུ་འོང་བས་སྤྲས་ནས་སྙན་ཚིག་གི་ལམ་དུ་དྲངས་པའི་སྙན་ངག་ནི། ཕྱི་ནང་ཐུན་མོང་གི་རིག་གནས་དང་། ནང་བསྟན་གྱི་གཞུང་ལུགས། རྒྱ་བོད་སོག་གསུམ་གྱི་སྔོན་བྱོན་མཁས་པའི་གསུང་རབ་རྣམས་སུ་འབྱམས་ཀླས་སུ་ཁྱབ་འདུག

  དེང་གི་དུས་འདིར་ཡང་དགོན་སྡེ་དང་སློབ་གྲྭ། དམངས་ཁྲོད་རྣམས་སུ་བཅུད་ཀྱི་རོ་མ་ཉམས་པར་སྤེལ་བའི་སྙན་རྩོམ་གྱི་རིག་པ་འདི་ཤིན་ཏུ་དར་ཁྱབ་ཆེ། བོད་ཀྱི་རིག་གནས་བང་མཛོད་ཀྱི་གཅེས་ནོར་ཐུན་མོང་མ་ཡིན་པའི་ཚིག་སྦྱོར་རིན་པོ་ཆེ་ལྟ་བུ་འདི་ལ། རྗེ་རིན་པོ་ཆེས་ཀྱང་། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ། ཞེས་ས་སྟེང་གི་རིན་པོ་ཆེ་གསུམ་གྱི་ཡ་གྱལ་དུ་བསྔགས་སོ།།

ཤེས་རབ་གསང་གསུམ་མྱུལ་བའི་རྒྱུད་མངས་མ། ། སྙན་འགྱུར་ངག་གི་རོལ་མཚོ་འཕྱུར་བ་ལས། ། རིག་བྱེད་ཝུ་བའི་མེ་ཏོག་ཕྲེང་མཛེས་པའི། ། དགེ་མཚན་གངས་ཅན་འཛིན་མའི་ངོས་ལ་བཞད། །    ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

གཉིས་པ། སྙན་ངག་གི་ངོ་བོ་དང་ངེས་ཚིག 

    སྙན་ངག་ཅེས་པ་ནི་བརྗོད་པར་འདོད་པའི་དོན་དེ་ཡིད་ཀྱི་འགྱུར་བ་འདྲེན་བྱེད་ཕྱིའི་རྐྱེན་གྱིས། རྩོམ་པ་པོའི་ནང་རྟོག་བཏགས་ཀྱི་འཆར་སྣང་འབྲི་བཞེངས་བྱེད་པའི་ཚེ། བརྗོད་བྱའི་གནད་བསྡུས་ནས་ལེགས་པར་བསྡེབས་པ་ཉིད་ལ། སྒྲ་དོན་གབ་གསུམ་གྱི་རྒྱན་སོགས་ཀྱིས་མཛེས་པར་སྤྲས་ཏེ་སྙན་ཞིང་གཟུང་བར་འོས་པའི་ངག་གི་ཕྲེང་བར་སྤེལ་བ་ནི་དེའི་གོ་དོན་ནམ་མཚན་ཉིད་ཡིན། དེ་ཡང་གཙོ་བོ་རྗོད་བྱེད་ཚིག་གི་ཆ་ལས་སྙན་མི་སྙན་དང་མཛེས་མི་མཛེས་སོགས་ཀྱིས་སྙན་ངག་གི་གྲལ་དུ་ཚུད་མིན་གྱི་ཁྱད་པར་ངེས་པར་འབྱེད་དགོས་ཀྱི། བརྗོད་བྱའི་དོན་དང་རྩོམ་པ་པོ་མིང་ཆེ་བའི་རྒྱུ་མཚན་གྱིས་ཁྱབ་པར་དབྱེ་མི་རུང་ངོ་།། དཔེར་ན། སེམས་པ་དམར་བོ་ཞེས་པའི་སྙན་དེབ་ནང་དུ་ཕལ་སྐད་མང་བ་དང་བྲག་རིའི་སྲས་མོ་ལྟ་བུའི་སྙན་དེབ་ནང་འགལ་བ་ལྟག་སྤྲོད་ཀྱི་བརྗོད་བྱ་མང་དུ་ཞུགས་ཡོད་པས་རྐང་ཆག་མའི་རང་མོས་རྩོམ་ལ་སྙན་རྩོམ་དུ་རློམ་པ་ནི་ཡི་མུག་པའོ།།

དེ་ལྟར་ན། རྩོམ་པ་པོ་ཅི་ཙམ་མཁས་ཀྱང་གང་བྲིས་ཐམས་ཅད་སྙན་ངག་དང་གང་བཤད་ཐམས་ཅད་ངེས་དོན་ཡིན་པའི་ཁྱབ་པ་མེད་དེ། འཕགས་པ་མི་ཟད་པས་ཞུས་པའི་མདོ་ལས་རྟོན་བཞིའི་སྒོ་ནས་གསུང་རབ་ལ་དྲང་ངེས་འབྱེད་པའི་རིགས་པ་ནི། འདིར་རྗོད་བྱེད་ཚིག་གི་ཆ་ནས་སྙན་ངག་ལ་ཤིན་ཏུ་སྦྱར་གཏུབ་པ་ཞིག་སྟེ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ནི། རྩོམ་པ་པོ་མཁས་མི་མཁས་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་དེས་གསུངས་པའི་ཚིག་ལ་ཡིད་རྟོན་དགོས་པ་དང་། དེས་གང་གསུང་ཐམས་ཅད་སྙན་ངག་ཏུ་ཁས་མི་ལེན་པར་ཚིག་ལེགས་པར་སྡེབས་པའི་སྦྱོར་བ་དང་སྙན་པའི་ཚད་ལ་བརྟག་སྟེ་ཁས་ལེན་པ་ནི་ཚིག་ལ་མི་རྟོན་དོན་ལ་རྟོན་པ་དང་། དེ་ཡང་རྗོད་བྱེད་ཀྱི་ཚིག་འཛིངས་པ་དང་རྐང་པ་ཉམས་པ་དང་། ཚིག་སྔ་ཕྱི་འབྲེལ་མ་ཆགས་པ་སོགས་སྐྱོན་དང་ལྡན་པའི་རྗེས་སུ་མི་འབྲང་བར་ཚིག་གི་རྒྱན་མཛེས་པར་སྤྲས་ཤིང་དོན་གྱི་གནད་ལ་འབེབས་པའི་སྙན་འཇེབས་ཀྱི་ལུགས་སུ་ཞུགས་པ་ནི་དྲང་དོན་ལ་མི་སྟོན་ངེས་དོན་ལ་སྟོན་པ་དང་། རྗོད་བྱེད་ཀྱི་ཚིག་ལས་ཇི་ལྟར་འབྱེད་པའི་དོན་ནམ་འཛིན་སྟངས་ལ་ངེས་པ་རྙེད་ཀྱང་སྣང་ཡུལ་ལ་འཁྲུལ་བའི་རྣམ་ཤེས་ལ་མི་སྟོན་པར་དེ་ལྟར་མངོན་སུམ་དུ་ངེས་པ་རྙེད་པའི་ཡེ་ཤེས་ལ་ཡིད་རྟོན་པ་ནི་བཞི་བ་ཡིན། དེས་ན་གཉའ་བློ་གྲོས་རྒྱལ་མཚན་གྱིས། སྔོན་གྱི་ཚིགས་བཅད་སྙན་ངག་དང་། དེང་གི་རང་མོས་སྙན་ངག་སོགས་རྣམ་པ་གང་ལ་བརྟེན་ཀྱང་རུང་གཙོ་བོ་བརྗོད་བྱ་དང་རྗོད་བྱེད་སྙན་ངག་གི་ཚད་ལ་སླེབས་དགོས། ཚད་དེར་མ་ལོངས་ན་ཚིག་སྦྱོར་ཐ་མལ་བ་ཞིག་ཐེམ་དབྱིབས་སུ་བསྒྲིགས་ཀྱང་སྙན་ངག་ཡིན་པ་ཅི་ཡིས་རྟོགས། དེ་བས་དེང་སང་ལས་དང་བོ་བ་རྣམས་ཀྱིས་ཚིག་བཅད་ལྷུག་འདོད་རྒུར་རྩོམ་པ་རྣམས་སྙན་ངག་གི་ཚིག་སྦྱོར་འདྲ་ཨེ་འབྱུང་གི་རེ་བས་སྦྱོང་བ་བྱེད་པ་ཡིན་ན། དེས་དམིགས་ཡུལ་དང་བྱེད་ཚུལ་གཉིས་ཀ་ལེགས་པས་རྗེས་སུ་ཡི་རང་བྱ་བའི་གནས་སུ་འགྱུར་ལ། དེ་ལས་ལྡོག་སྟེ་སྙན་ངག་གི་ཚིག་སྦྱོར་ཕུན་སུམ་ཚོགས་པ་དག་བརྩམས་པར་རློམ་པ་ནི། རྒྱུ་འབྲས་གོ་བཟློག་པས་འཁྲུལ་བའོ།། ༩༢ལོའིཀྲུང་གོའི བོད་ཀྱི་ཤེས་རིག་དེབ་གཉིས་པ་ལས་བཤུས། ཞེས་བྲིས་པ་ནི་བློ་གཟུ་བོར་གནས་པའི་གཏམ་དུ་སྣང་བས་མེ་ཏོག་གི་ཕྲེང་བ་འབུལ་འོས་པ་ཞིག་རེད་དེ། དེང་སང་སྙན་ངག་གི་དྲི་ཙམ་ཡང་མི་བྲོ་བར་སྙན་ངག་ཏུ་མིང་བཏགས་པའི་བརྩམས་ཆོས་ཁོར་ཡུག་བཀང་ནས་ཡོང་འདུག གོང་གི་གཉའ་བློ་གྲོས་རྒྱལ་མཚན་གྱི་བརྗོད་བྱ་རྗོད་བྱེད་གཉིས་ཀྱི་ཆ་ནས་སྙན་ངག་ཏུ་འཇོག་པར་བཤད་མོད། བརྗོད་བྱའི་ཆ་ནས་སྙན་ངག་ཏུ་བཞག་མི་རུང་སྟེ། བརྗོད་བྱ་མི་སྡུག་པ། མི་མཛེས་པ། སྐྱི་གཡའ་བ། སྐལ་བ་ཞན་པ་སོགས་ཅི་ལྟར་མི་སྙན་ཀྱང་ཚིག་སྦྱོར་མཁས་པའི་ཚད་ལ་འདང་ན་ནི། སྙན་ངག་ཕུན་སུམ་ཚོགས་པ་རུ་གྲུབ་སྟེ། ར་མ་ཎའི་རྟོགས་བརྗོད་ལས། འཛིན་མ་རུས་པའི་གོས་དཀར་ཅན། །བར་བར་ཁྲག་གི་ལྟེང་ཀ་འཁྱིལ། །ལ་ལ་ཁྲག་རྒྱུན་དྲོད་མོ་འབབ། །རྒྱུ་མའི་དོ་ཤལ་ཅན་དེ་དག །མཆེ་བ་རིང་བོས་ནུ་མ་གཉིས། །འདྲལ་དོགས་མགྲིན་པ་འདེགས་ཤིང་རྒོད། །དྲག་ཤུལ་སྤྱོད་པའི་ས་དེ་ཡིས། །གཤིན་རྗེའི་གྲོང་ལ་བག་ཡོད་སྦྱིན། ། ཞེས་སྲིན ་པོའི་གྲོང་གི་འཇིགས་ཤིང་སྐྱི་གཡའ་བའི་ངང་ཚུལ་བརྗོད་པ་ལྟ་བུ་ཡིན་པས། རྗོད་བྱེད་ཚིག་གི་ཆ་ནས་ཚིག་སྦྱོར་ཕུན་སུམ་ཚོགས་པ་སྡེབས་པའི་ངག་གི་སྦྱོར་བ་ནི་སྙན་ངག་གི་ངོ་བོའམ་རང་བཞིན་དུ་གྲུབ་ལ། ངེས་ཚིག་ནི། བརྗོད་བྱའི་དོན་དེ་གྲོང་ཚིག་དང་ཕལ་སྐད་སོགས་ཀྱིས་མ་བསླད་ཅིང་སྙན་པ་དང་མཛེས་པའི་ངག་གི་སྦྱོར་བའོ།། གུར་ཀུམ་ཚོན་གྱིས་སྤྲས་པའི་མཚན་དཔེའི་རིས། ། མཐོང་ཐོས་སྙིང་གི་བདུད་རྩི་ཉིད་གྱུར་ཏེ། ། སྙན་རྩོམ་ཆོས་ཀྱི་རོལ་མོ་སྦྲེང་བའི་དབྱངས། ། ཕན་བདེ་ལེགས་བྱས་བཞད་པས་སྤྲོ་བ་སྟེར། །ཟབ་དོན་བརྗོད་བྱ་རིན་ཆེན་བྱེ་བའི་མཛོད། ། བཅད་ལྷུག་སྤེལ་མའི་རླབས་ཕྲེང་སྟོང་ལྡན་ཞིང་། ། རྒྱན་གསུམ་སྙན་འགྱུར་སྦྲེངས་པའི་བདུད་རྩིའི་མཚོ། ། བློ་ལྡན་སྐལ་བར་ལྷག་འདི་སྙིང་གི་ནོར། །ཞེས་བྱ་བ་འདི་ནི་དྲང་བོའིཡིད་ཀྱིས་ཚིགས་སུ་བཅད་པའི་སྦྱོར་བའོ།།

གསུམ་པ། སྙན་ངག་གི་ཚིག་རྒྱན། 

    འདིར་སྙན་ངག་གི་ཚིག་རྒྱན་ཞེས་པ་སྙན་ངག་གི་ལུས་ཀྱི་རང་བཞིན་བརྗོད་པའི་ངོ་བོ་སྟོན་པ་མ་ཡིན་པར། སྒྲ་དོན་གབ་ཚིག་གི་རྒྱན་དང་ལུས་ཀྱི་མཛེས་པའམ་སྙན་པའི་རོ་མངར་ཕུན་སུམ་ཚོགས་པའི་ཚིག་སྦྱོར་དང་། མིང་ཚིག མངོན་བརྗོད། རྣམ་གྲངས། དབྱེ་བསྡུ་བཅས་ཀྱིས་གྲུབ་ཅིང་ངག་གི་སྒྱུ་རྩལ་མཐོར་འདེགས་བྱེད་པའི་ཚིག་ཕྲེང་ཞིག་ལ་ངོས་འཛིན་དགོས་ཏེ། ཚིག་བཏོན་པ་ཙམ་གྱིས་ཡིད་ཀྱི་གསོས་སྨན་དང་རྣ་བའི་བཅུད་ལེན་དུ་གྲུབ་པའི་ནུས་པ་མངོན་གྱུར་དུ་ཐོན་པའི་དབང་གིས་གཞན་ཡིད་འགུག་པར་བྱེད་ཅིང་དྭངས་པ་འདྲེན་པའི་ཁྱད་ཆོས་བླ་མེད་ཅིག་འཛོམ་པའི་ཕྱིར། དཔེར་ན། བུད་མེད་ཀྱི་རྒྱན་ཆ་ཞེས་པ་དེའི་ལུས་ཀྱི་སྐྱེ་མཆེད་དང་རང་མདངས་སོགས་ལ་ངོས་འཛིན་རྒྱུ་མ་ཡིན་པར་གསེར་དངུལ་མུ་ཏིག་གཡུ་བྱུར་སོགས་ཀྱིས་གྲུབ་པའི་སྐྲ་འཛིན་དང་རྣ་རྒྱན། གདུ་བུ་དང་། སོར་གདུབ་སོགས་དེའི་སྟེང་གི་ངོ་མཚར་ཞིང་ཡིད་འཕྲོག་པར་བྱེད་པའི་མཛེས་ཆོས་དག་ལ་ཟེར་བ་བཞིན། གོང་དུ་བཤད་པའི་ཚིག་རྒྱན་དེ་དག་ལའང་གསེར་དངུལ་གྱི་རིན་ཐང་ལྡན་ཞིང་སྙན་རྩོམ་གྱི་ལུས་མཛེས་པར་བྱེད་པའི་ངོ་མཚར་གཟུགས་རིས་ཀྱི་རང་མདངས་བསམ་མི་ཁྱབ་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཚིག་རྒྱན་སྦྱོར་ཚུལ་མཐའ་མེད་པའི་སྙན་རྩོམ་རིག་གཞུང་དབྱིག་གི་མཛོད་ལྟ་བུར་བྱིན་ཆགས་པ་ཞིག་སྔོན་ནས་ད་བར་དུ་གནས་པ་རེད།

    དེས་ན་དེ་དག་ལས་སྐྱ་ཐིག་རགས་ཙམ་མཚོན་ན། གཟུགས་མཛེས་ཤིང་བཞིན་དཀར་བ། མིག་གི་འདབ་དཀྱུས་རིང་བ། མཛེས་སྡུག་ལྡན་པའི་བུད་མེད་ཅིག་སྙན་རྩོམ་གྱི་བརྗོད་བྱར་ཞུགས་པའི་དབང་དུ་བཏང་སྟེ། མཛེས་མ་ཁྱོད་ལུས་པད་སྡོང་དྲང་མོའིརྩེར། །བཞིན་མདངས་ཟླ་བ་དཀར་ལ་ཟུར་མིག་གཡོ། ། ཞེས་བྲིས་ན་གཟུགས་རྒྱན་དང་བསྲེས་པའི་སྒོ་ནས་རང་བཞིན་དྲང་བོར་བརྗོད་འདུག་ཀྱང་། ཚིག་རྒྱན་དང་རྩོམ་སྟངས་ཀྱི་ཆ་ནས་དབུལ་བ་རེད། དེས་ན། པདྨའི་འཁྲི་ཤིང་དར་ལ་བབས་པའི་གཟུགས། །ཟླ་བ་རྒྱས་པའི་འཛུམ་དཀར་གཡོ་བ་ཅན། །དཀྱུས་རིང་འདྲེན་བྱེད་ཟུར་དུ་ཕྱོགས་པའི་མདས། །བདག་སྙིང་འབུགས་པའི་བྱེད་པོ་ཁྱོད་གཅིག་ཉིད། ། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལས་བཤུས། བརྗོད་བྱ་གོང་གི་དེ་དང་གཅིག་ཡིན་ཡང་། རྗོད་བྱེད་ཚིག་གི་ཆ་ནས་སྔ་མ་ལས་ཁྱད་དུ་འཕགས་པའི་རིན་ཐང་ལྡན་ཞིང་།རྩོམ་རིག་གི་སྒྱུ་རྩལ་འབུར་དུ་ཐོན་པའི་དགེ་མཚན་གྱིས་ཕྱུག དེ་ཡང་ཚིག་རྒྱན་གཙོ་བོ། འཁྲི་ཤིང་། དར་ལ་བབས། ཟླ་རྒྱས། འཛུམ་དཀར། གཡོ་བ་ཅན། ཟུར་དུ་ཕྱོགས་པ། དཀྱུས་རིང་། འདྲེན་བྱེད། བྱེད་པོ། ཁྱོད་གཅིག་ཉིད་བཅས་གསེར་དངུལ་གྱི་རིན་ཐང་ལྡན་པའི་ཚིག་རྒྱན་བཅུ་ཕྲག་གཅིག་ཤོ་ལོ་ཀ་གཅིག་གི་སྟེང་དུ་སྤྲས་པ་འདི། རྩོམ་པ ་པོའི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་གསོན་ཉམས་ལྡན་པའི་སྙན་རྩོམ་གྱི་རིན་ཐང་ཞིག་དང་། མཁས་རྒུའི་ཡིད་དབང་འགུགས་པར་བྱེད་པའི་གཏམ་གྱི་སྦྱོར་བ་ནི་རྩོམ་རིག་གཞན་ལ་མེད་ཅིང་སྙན་ངག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་ཡོད། དེ་ཡང་གཙོ་བོ་ཚིག་རྒྱན་གྱི་དབང་གིས་འབྱུང་བས། ཚིག་རྒྱན་ནི་སྙན་ངག་གི་རིན་ཐང་མཐོར་འདེགས་བྱེད་པའི་གྲུབ་ཆའི་གཙོ་བོ་ཡིན་ཞེས་བཤད་པ་ཡིན། གཞན་ཡང་། ཚིགས་སུ་བཅད་པའི་སྙན་རྩོམ་ལ་རྐང་བ་དོ་མཉམ་དགོས་པ་ནི། སྙན་ངག་གི་ལུས་ཀྱི་ཐུན་མོང་མ་ཡིན་པའི་སྒེར་ཆོས་སུ་སྣང་བས། གལ་ཏེ་དོ་མ་མཉམ་ན་ཚིག་རྒྱན་དང་། མངོན་བརྗོད། རྣམ་གྲངས་སོགས་ཀྱིས་ཅི་ཙམ་སྤྲོས་ཀྱང་ཡ་མ་བརླ་ཞིག་ལས་མི་འོང་སྟེ། རིན་ཆེན་རྒྱན་ཆ་དུ་མས་མཛེས་པ་ཆེར་སྤྲས་པའི་བུད་མེད་མཐེང་བོ་ཞིག་དང་མཚུངས་པས། དུས་རྣམ་ཀུན་ཏུ་དེ་ལ་དོ་སྣང་བྱེད་དགོས། གཞན་ཡང་།སྙན་ངག་གི་བསྟན་བཅོས་རྩོམ་པའི་ཚེ་མངོན་བརྗོད་དང་རྣམ་གྲངས་གཉིས་ཚིག་རྒྱན་ཏུ་ཆེས་མཁོ་བར་མ་ཟད། མེད་དུ་མི་རུང་བའི་རྒྱུ་ཆའི་གཙོ་བོའང་ཡིན་ཏེ། དཔེར་ན། ཉི་མ་གཅིག་བུ་ལ་མངོན་བརྗོད་ཀྱི་མིང་བརྒྱ་ལྷག་ཡོད་པ་ལས་གང་བརྗོད་དོན་དང་འབྲེལ་ཞིང་ཚིག་གི་རྣམ་པ་མཛེས་པའི་མངོན་བརྗོད་ཀྱི་མིང་དེ་བཀོལ་ན་སྙན་ངག་གི་རོ་མངར་ཆེས་ཕུན་སུམ་ཚོགས་པར་བྱེད། དཔེར་ན། སྙན་ངག་སྨྲ་བ་ལ་མགྲིན་པ་གཟེངས་སུ་མཐོ་བ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དན་ཏིག་རི་བོའི་བསྟོད་པ་ལས། གངས་ཅན་ལོ་པཎ་ཁྱུང་སྔོན་སྐྱེས། །ཕྲག་པར་བརྟེན་པ་ཐུབ་པའི་སྲོལ། །ཨཱ་དིའི་གཞོན་ནུ་གངས་ཅན་གྱི། །མཁའ་ལ་སྒྲིབ་པ་མེད་པར་རྒྱུ། ། ཞེས་པ་འདི་ལྟ་བུས་མཚོན་ནས་མངོན་བརྗོད་ཚིག་རྒྱན་གྱི་མཛེས་ཉམས་ཁྱད་དུ་མཚར་བའི་སྙན་རྩོམ་ལ་བློ་ལྡན་རིགས་པ་སྨྲ་བ་རྣམས་ཀྱིས་གཅེས་ཤིང་དོ་སྣང་བྱེད་པར་རིགས་སོ། །  རྣམ་གྲངས་ནི་ཡི་གེ་བསྣན་པའི་ངེས་ཚིག་གིས་དོན་གཅིག་ལ་མིང་དུ་མར་ཡོད་པའི་ཚིག་རྒྱན་ཞིག་སྟེ། དཔེར་ན། ཡོད་དོ་ཅོག་ལ་དངོས་མིང་དུ་འཇུག་པའི་ཐ་སྙད་ཤེས་བྱ། ཡོད་པ། གཞལ་བྱ། གཞི་གྲུབ། ཆོས། རྟེན་འབྱུང་། སྟོང་བ། སོགས་རྣམ་གྲངས་དུ་མ་ཡོད་པ་མངོན་བརྗོད་ལྟར་བཀོད་ན་མཛེས་ཤིང་སྙན་པའི་ཚིག་རྒྱན་གྱི་མཆོག་ཏུ་གྲུབ་ལ། དབྱེ་བསྡུ་ཡང་སུམ་ཅུ་བར་འབྱུང་བ་བཞིན་ཚིགས་སུ་བཅད་པའི་སྐབས་ཕྲད་དང་རྣམ་དབྱེ་ཚིག་ལྷག་རྣམས་བསྡུས་ནས་རྩོམ་པ་ལ་ཞུགས་ན་སྙན་ངག་གི་རོ་བཅུད་སྨིན་པའི་ནུས་པ་ཆེ་སྟབས་དེ་ཡང་རྒྱན་དུ་བརྩིས་ཆོག་པར་སེམས་སོ།། རྣམ་དཔྱོད་ཀུ་ཤུའི་རྩེ་མོར་བྱིན་ཆགས་པའི། ། དམར་འོད་མེ་ལྕེ་དྲག་ཏུ་འབར་བ་ནི། ། རང་བྱུང་མཁའ་ལ་མཆེད་པས་རྨོངས་པའི་ནགས། ། ལྷག་མེད་ཟོས་པའི་རང་མདངས་དྭངས་ཤིང་གསལ། ། 

བཞི་བ། སྙན་ངག་མཛེས་པ་དང་སྙན་པའི་ཁྱད་པར།

    སྙན་ངག་གི་རྣམ་པའམ་ལུས་བཅད་ལྷུག་སྤེལ་མ་གང་ཡིན་ཡང་ཚིག་རྒྱན་སྦྱོར་ཚུལ་སྟེང་སྙན་པ་དང་མཛེས་པའི་ཁྱད་པར་མི་འདྲ་བ་འབྱུང་བ་ནི། རྒྱ་གར་ཤར་ལྷོ་གཉིས་ཀྱི་སྙན་པའི་རྒྱན་དང་མཛེས་པའི་རྒྱན་ངོས་འཛིན་མི་འདྲ་བ་ལྟ་བུའི་ཡུལ་སྲོལ་ཆེ་གེ་མོ་ཞིག་གི་རྗེས་སུ་འབྲངས་པ་མ་ཡིན་པར། བོད་རང་གི་འཚོ་བ་དང་རྩོམ་རིག་སྒྱུ་རྩལ་ལས་ཐོན་པ་ཞིག་སྟེ། དཔེར་ན། མིག་གི་ཡུལ་དུ་གཟུགས་སྡུག་པ། སྐྱེ་མཆེད་རྫོགས་པ། ལང་ཚོ་དར་བ། མདངས་མཛེས་པ། ཡིད་དུ་འོང་བ་སོགས་བསྟན་ཡོད་ཀྱི་གཟུགས་དང་། རྣ་བའི་ཡུལ་དུ་སྒྲ་སྙན་པ། འཇམ་པ། དག་པ། དྲི་མ་མེད་པ། མཉན་པར་འོས་པ། ལུས་སེམས་ཚིམ་པར་བྱེད་པ་སོགས་ཕྱིའི་སྐྱེ་མཆེད་གཟུགས་སྒྲ་གཉིས་ཀྱིས་རྐྱེན་བྱས་པའི་སྟེང་ནས་བཤད་འོས་མོད། དེ་ལྟར་ན། དྲི་དང་རོ་། རེག་བྱ་སོགས་སྐྱེ་མཆེད་གཞན་གྱིས་བསྡུས་པ་དང་། གཞན་ཡང་། མི་སྡུག་པ་དང་། མི་སྙན་པ། སྡུག་བསྔལ་བ། བསུངས་པ། འཛེར་བོ་ལ་སོགས་པའི་སྟེང་དུ། མཛེས་པ་དང་སྙན་པའི་ཉམས་མཚར་བའི་ཚིག་རྒྱན་གྱི་གོ་སྐབས་ཁེགས་པར་འགྱུར་བས་མི་འཐད་དོ། །

  འོ་ན་གང་ཞེ་ན། འདིར་བཤད་པའི་མཛེས་པའི་ཉམས་དང་སྙན་པའི་ཉམས་ཀྱི་འགྱུར་བ་ནི། བོད་རང་གི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་འཚོ་བ། སྤྱི་ཚོགས་ཀྱི་བརྒྱུད་རིམ་སོགས་མཚོན་པའི་ཕྱིའི་རྐྱེན་གྱིས་རྩོམ་པ ་པོའི་ནང་ཀུན་རྟོག་གི་འཆར་སྣང་བཟོ་བསྐྲུན་བྱེད་པའི་རྩོམ་སྟངས་སྒྱུ་རྩལ་གྱི་ཆ་ནས། ཉམས་ཀྱི་འགྱུར་བ་མཚོན་པའི་ཡིད་ཀྱི་འཇིག་རྟེན་དེ་འབྲི་བཞེངས་བྱེད་པའི་ཚེ། རྩོམ་པ ་པོའི་བློའིནུས་པ་བཞིན་གང་ལ་སྦྱར་ཀྱང་མཐུན་འོས་པ་ཞིག་ཡིན། དེའི་རྒྱུ་མཚན་གྱིས་མི་སྣ་གཅིག་གི་ཁྱད་ཆོས་བརྗོད་པའི་སྣང་བརྙན་བཟོ་བསྐྲུན་བྱེད་པ་ལ། མཁས་པ་དུ་མས་རིག་པའི་རྩལ་བཏོན་ཏེ་བྲིས་པ་ཀུན་ཀྱང་། མཛེས་པ་དང་སྙན་པ། ཚིག་རྒྱན། ལེགས་པར་སྡེབས་པའི་ཁྱད་ཆོས་རྣམས་མི་འདྲ་བ་ཁོ་ནར་འབྱུང་བ་ནི་མངོན་སུམ་དུ་གྲུབ་ཡོད། འདི་ཡང་མཐར་གཏུགས་ན་སེམས་ཙམ་པས། སྔོན་པོ་དངོས་ནི། ཕར་ངོས་ནའང་མེད། ཚུར་ངོས་ཀྱི་སེམས་ཀྱང་མིན།ཡེ་མེད་ཀྱང་མ་ཡིན་པ་རྨི་ལམ་གྱི་གླང་བོ་དང་འདྲ་བའི་ཕྱིར་བརྗོད་དུ་མེད་པའི་དངོས་པོ་ཡིན་ནོ།། ཞེས་རྟོག་མེད་དབང་ཤེས་ལ་ལྟོས་པའི་རྣམ་རིག་ཙམ་ལ་འཇུག་ཚུལ་གསུངས་པའི་ཚེ། ཕྱི་དོན་མེད་ཀྱང་འཁོར་འདས་ཐམས་ཅད་བག་ཆགས་ལས་འཕོས་པར་གསུངས་པ་བཞིན། རྩོམ་པ་པོ་སོ་སོའིནང་འགྱུར་བའི་བག་ཆགས་ཀྱི་སྣང་ཚུལ་གཞིར་བཟུང་ནས་བྲིས་ཡོད་པའི་རྒྱུ་མཚན་གྱིས། ཁ་ནང་དུ་ཕྱོགས་ཏེ་ཞིབ་ཏུ་བསམ་ན་རྩོམ་རིག་སྒྱུ་རྩལ་གྱི་ལྟ་བའི་རང་མདངས་སེམས་ཀྱི་གནད་ལ་ཐུག་འདུག དེས་ན་མཛེས་པ་དང་སྙན་པ་གཉིས་ཀ་སེམས་ཀྱི་འཆར་སྣང་གི་ལྟ་བ་འབྲི་བཞེངས་བྱེད་པའི་ཆ་ནས་སོ་སོར་དགར་མི་ནུས་ཀྱང་ཚིག་གི་ཉམས་བཏོད་ཚུལ་སྟེང་ཁྱད་པར་ཡོད་དེ། དཔེར་ན། ཟངས་ཞུན་རྒྱ་སྐྱེགས་ཁུ་བ་བསྲེས་པའི་ཚོན། བྱུག་རིས་ལང་ཚོས་སྒེག་ལྡན་རི་བོའིཕྲེང་། །ཉི་ཟེར་ཁུ་བས་རབ་མྱོས་ངོ་ཚའི་གོས། །བྲལ་བ་ཡིད་ལ་མཚོན་གྱི་གདེངས་ཀ་ཉིད། །སྒེའུ་སྟིང་གི་ཕོ་ཉ་གཞོན་ནུ་དོན་གྲུབ་ལས་བཤུས། ལྟ་བུ་ལ་མཚོན་ན། རྩི་ཤིང་ལོ་མ་ཙམ་ཡང་ངོས་ན་མེད་པའི་རི་དམར་པོ། ངོས་གཟར་ཞིང་གྱེན་དུ་མཐོ་བ། རྩེ་མོ་མཚོན་ཆ་ལྟར་རྣོ་བའི་རི་བོ་བསྟར་ཕྲེང་བསྒྲིགས་ཏེ་ཡོད་པ་འདིས་ཕྱིའི་རྐྱེན་བྱས་མོད། རྩོམ་པ་པོས་དེ་ཇི་བཞིན་མ་བརྗོད་པར་འཁྱོག ་པོའི་ཚིག་གིས་རྩོམ་སྟངས་སྒྱུ་རྩལ་ཁྱད་དུ་འཕགས་པའི་ནུས་པ་བཀོད་དེ། དམར་སེར་གྱི་ཚོན་བྱུག་པའི་ཁ་དོག་དང་ལྡན་པ། རི་བོ་རྣམས་གཅིག་ལས་གཅིག་ལྷག་པ་ལྟ་བུའི་ཉམས་འགྱུར་སྒེག་པའི་ལང་ཚོ་དང་ལྡན་པ། ཉི་ཟེར་གྱི་ཁུ་བ་འཐུང་ཆེ་བས་རབ་ཏུ་མྱོས་པ། དེའི་རྒྱུ་མཚན་གྱིས་ལུས་ལ་ངོ་ཚའི་གོས་བྲལ་བ་སྟེ་སྐྱེ་དངོས་ཐམས་ཅད་བྱི་བའི་རང་བཞིན་བརྗོད་འདུག འདི་ནི་རྩོམ་པ ་པོའི་་འི་ཀུན་རྟོག་འཆར་སྣང་གི་འཇིག་རྟེན་གསར་བ་ཞིག་འབྲི་བཞེངས་བྱས་པའི་སྙན་ངག་གི་རང་མདངས་ངོ་མཚར་བ་ཞིག་དང་། རྩོམ་སྟངས་སྒྱུ་རྩལ་གྱི་ཆ་ནས་གཙོ་བོར་མཛེས་པའི་ཉམས་འདོན་ཚུལ་གྱི་ཁྱད་ཆོས་བླ་ན་མེད་པ་ཞིག་རེད། སྙན་པའི་ཉམས་གཙོ་བོར་བཏོན་པ་ནི། དཔའ་རིས་རབ་གསལ་ཚང་གིས། རྣམ་དག་ཁྲིམས་ཀྱི་རྩ་བ་རབ་བརྟན་ཞིང་། །ཏིང་འཛིན་ཟབ་མོའིཤེས་རབ་ཡལ་འདབ་རྒྱས། །རྨད་བྱུང་ཉམས་རྟོགས་འབྲས་བུ་གཡུར་ཟ་བའི། །དཔག་བསམ་རྐང་འཐུང་ཀུན་བཟང་མཆོད་པའི་སྤྲིན། །སྟོང་ཐུན་མུ་ཏིག་ཕྲེང་མཛེས་ལས་བཤུས། འདི་ནི་མཛེས་པའི་ཚིག་རྒྱན་གྱིས་སྤྲས་པ་ཆེར་མེད་ཀྱང་སྙན་ཞིང་འཇེབས་ལ་བབས་ཆགས་པ། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་ལྕི་ཡང་མེད་པར་དཔེ་དོན་ཐད་ཀ་ཐད་ཀར་འབྱོར་བ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས། འདི་ལྟ་བུ་ནི་གཙོ་བོ་སྙན་པའི་ཉམས་རང་སྟོབས་ཀྱིས་ཐོན་པའི་རྩོམ་ལུས་སུ་གཟུང་ངོ་།། གཞན་ཡང་། མཛེས་པའི་ཉམས་འདོན་ཚུལ་ལ་ལྷ་སྐུ་དང་། མེ་ཏོག བུད་མེད། ཟླ་བ། མཛེས་ལྗོངས་སོགས་ལ་བསྟོད་པའི་སྐབས་སུ་སྙན་པ་ལས་གཙོ་བོ་མཛེས་པའི་ཉམས་ཐོན་པ་མང་སྟེ། དཔེར་ན། ནེའུ་གསིང་གི་སྐྱེད་ཚལ་ངོགས་སུ་ཆུ་ཕྲན་ལྷུང་ལྷུང་འབབ་པའི་ཕྱིའི་རྐྱེན་གྱིས་འདུས་བྱས་མི་རྟག་པར་བསམ་པའི་ཡིད་ཀྱི་འགྱུར་བ་གསལ་བར་སྟོན་པ་ལ། མར་གད་ཁུ་བས་བརླན་བྱས་ནེའུ་གསིང་ཚལ། །ཡིད་འོང་ལྟ་ན་ཉམས་དགའི་འཇུག་ངོགས་ལ། །ཆུ་ཀླུང་ཆབ་སྒྲ་སྙན་སྒྲོག་གྱ་གྱུར་འབབ། །འདུས་བྱས་གཡོ་བའི་ངང་ཚུལ་འདིས་ཀྱང་སྟོན། །གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལས་བཤུས། ཞེས་མར་གད་ཁུ་བ། བརླན་བྱས། ཡིད་འོང་། ཉམས་དགའ། ཆབ་སྒྲ། སྙན་སྒྲོག གྱ་གྱུར་འབབ་སོགས་ཚིག་རྒྱན་གྱིས་མཛེས་པའི་ཁྱད་པར་མངོན་སུམ་དུ་གསལ་བའི་སྒོ་ནས་ཡིད་ཀྱི་འགྱུར་བ་མཚོན་པ་འདི་ལྟ་བུ་ནི་ཚིག་རྒྱན་སྦྱར་ཚུལ་གྱི་སྟེང་ནས་མཛེས་པའི་ཉམས་འགྱུར་འབུར་ཚུགས་སུ་ཐོན་པའི་སྙན་ངག་གི་ཚད་བླ་ན་མེད་པའོ།།

དེས་ན་མཛེས་པའི་ཉམས་ཕུལ་དུ་བྱུང་བའི་རྟོག་བཏགས་ཀྱི་འཆར་སྣང་བཟོ་བསྐྲུན་བྱེད་པ་ལ།རྩོམ་སྟངས་སྒྱུ་རྩལ་གྱི་ཆ་ནས་གཅིག་དང་ཚིག་རྒྱན་སྦྱར་ཚུལ་གྱི་སྟེང་ནས་གཅིག་སྟེ་གཉིས་ཡོད་དམ་ཕྲ་བའི་བློ་གྲོས་ཅན་རྣམས་ཀྱིས་དཔྱད་པར་བྱའོ།། གལ་ཏེ་གཟུགས་མཛེས་པ། སྒྲ་སྙན་པ། བབས་ཆགས་པ། ཡིད་དུ་འོང་བའི་རིགས་ལ་མཛེས་པ་དང་སྙན་པའི་སྒྲ་དག་ཐོན་པ་ཅུང་སླ་ན་ཡང་། དེ་ལས་ལྡོག་སྟེ། སྐྱེ་མཆེད་མི་མཛེས་ཤིང་ཁ་དོག་ངན་པ། གདངས་མི་སྙན་ཞིང་སྐད་འཛེར་བའི་རིགས་ལ་སྙན་རྩོམ་མཛེས་པའམ་འཇེབས་པའི་ཁྱད་པར་ཇི་ལྟར་ཞེ་ན། རྩོམ་པ་པོའི་སྐྱེས་སྦྱངས་ཤེས་རབ་ཀྱི་མཐུ་ཇི་ལྟར་འཕེལ་བ་མཐའ་མེད་པའི་རྒྱུ་མཚན་གྱིས་རྩོམ་སྟངས་སྒྱུ་རྩལ་གྱི་འཇིག་རྟེན་གསར་དུ་བཞེངས་པའི་སྣང་ཆའང་མཐའ་མེད་པ་དང་། དེས་དྲངས་པའི་སྙན་ཞིང་འཇེབས་པ་དང་མཛེས་ཤིང་ཉམས་འགྱུར་ལྡན་པའི་སྐད་ཡིག་ཀྱང་བརྗོད་བྱའི་དོན་ལ་མི་ལྟོས་པའི་དབང་གིས་ཤིན་ཏུ་འཐད་པ་ཡིན་ཏེ། དཔེར་ན། རབ་དམར་མཆུ་སྒྲོས་དམར་གསལ་འཛུམ་བར་ནས། །ནད་མེད་མུ་ཏིག་སོ་ཕྲེང་མཚར་བཞད་པ། །འཛུམ་མེད་གདངས་ཤིང་མཆེ་གཙིགས་ཁྲོས་པ་བཞིན། ལྕེ་ཕྱུང་དེ་ནི་ལྟ་ན་ཉམས་མི་དགའ། །གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལས་བཤུས།ཞེས་པ་འདིར་མཚོན་ན། སྤྱིར་མཛེས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པས་སྤྲས་པར་མ་ཟད་རྩོམ་སྟངས་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་མངོན་གྱུར་དུ་ཡོད། ལྷག་པར་དུ། དམར་གསལ། འཛུམ། ནད་མེད། མཚར། བཞད་པ། ཞེས་པའི་ཚིག་རྒྱན་དག་གིས་མཛེས་པའི་ཉམས་འབུར་ཚུགས་སུ་ཐོན་ཡོད་ལ། འཛུམ་མེད། གདངས། མཆེ་གཙིགས། ལྕེ་ཕྱུང་། ཉམས་མི་དགའ། ཞེས་པ་འདི་དག་གིས་རྩོམ་སྟངས་སྒྱུ་རྩལ་གྱིས་མཛེས་པའི་ཁྱད་ཆོས་ངོམ་སྟེ་ཡིད་ཀྱི་འགྱུར་བའི་རང་བཞིན་མཚོན་འདུག སྙན་འཇེབས་ཀྱི་འགྱུར་ཁུགས་ལྡན་པའི་བརྗོད་བྱ་མི་མཛེས་པ་ཡང་དེ་ལས། ལང་ཚོའི་ཤ་བྲི་སྐྱ་སང་མདངས་རབ་ཉམས། །བ་སྤུའི་ཚོགས་ལངས་མཛེས་པའི་མིག་དག་ཀྱང་། །དོང་དུ་ལྷུང་བས་རེ་ཞིག་དེ་ཡི་ལུས། །མཐོང་ན་མི་དགའ་སྐལ་བ་ངན་པར་འགྱུར། ། ཞེས་པ་འདིའི་ལང་ཚོ་ཉམས་པ། བཞིན་མི་སྡུག་པ། ལུས་རིད་བ། ཡིད་དུ་མི་འོང་བ། སྐལ་བ་ངན་པའི་ཚུལ་ལས་བརྩམས་ཏེ་གཙོ་བོ་སྙན་འཇེབས་ངག་གི་རོལ་མོའིའགྱུར་རྟ་ལས་དྲངས་པའི་དབྱངས་ཀྱི་ཡན་ལག་མངོན་གསལ་དུ་དོད་པས་ན། མཛེས་པ་དང་སྙན་པ་གཉིས་ལས་ཕྱི་མ་ཕྱོགས་ལ་ངེས་པར་དུ་འགྲོ་བའི་རྩོམ་མོ།། དེ་ལྟར་བརྗོད་བྱའི་དོན་ལ་སྙན་མི་སྙན་གྱི་ཁྱད་པར་མ་རེག་པར་སྙན་ཞིང་འཇེབས་པའི་ཉམས་འགྱུར་གྱི་གཤིས་ཀ་དང་མཛེས་པའི་ཁྱད་པར་མངོན་གྱུར་ཏུ་ཐོན་པའམ་མཛེས་པ་གཙོ་བོའིཉམས་བཏོད་ཚུལ་གཉིས་སྙན་ངག་གི་རིན་ཐང་མཐོར་འདེགས་བྱེད་པའི་ཆེས་གཙོ་བོའིགྲུབ་ཆ་དང་། མཁས་རྒུའི་ཡིད་དབང་མེད་དུ་འཕྲོག་པར་བྱེད་པའི་སྙན་རྩོམ་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་རེད།

གཞན་ཡང་། མཛེས་པའམ་སྙན་པའི་ཉམས་ཁྱད་མཚར་དོད་པའི་སྙན་རྩོམ་གྱི་རང་མདངས་འདི་སྙན་ངག་ཁོ་ནར་མ་ཟད། རྣམ་ཐར་རྟོགས་བརྗོད་དང་། མགུར་མ། བསླབ་བྱ། བརྩམས་སྒྲུང་རྣམས་སུའང་ཐོར་བུའི་ཚུལ་གྱིས་ཁྱབ་ཡོད་དེ། ཞང་བཙུན་བསྟན་པ་རྒྱ་མཚོས་གསུངས་པའི་མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་ལས། དཔྱིད་ཀྱི་ལང་ཚོ་རྫོགས་པ་མནྜ་རིའི། །འཁྲི་ཤིང་སྒེག་མོ་ཕྱོགས་སུ་གར་བསྒྱུར་བ། །དགེ་མཚན་ཧ་རིའི་དྲི་བསུང་འཐུལ་བའི་ངད། །སྙིང་གི་གདུང་བ་སེལ་བའི་བསངས་གཏོར་ཉིད། །ཞེས་པ་འདིས་ཕྱི་ཚུལ་གྱི་དྲི་བཟང་ཁྱབ་པའི་རྣམ་པ་ཙམ་ལ་རྩོམ་པ ་པོའི་མཁྱེན་རབ་ཀྱི་རྩལ་ལས་ཐོན་པའི་རྩོམ་གཤིས་ཕུན་སུམ་ཚོགས་པ། སྙན་ངག་མཁན་པོ་དག་གི་ཚོར་སྣང་ལའང་འཆར་མི་སྲིད་པ་ལྟ་བུའི་ཐུན་མོང་མ་ཡིན་པ་ཞིག་ལ། མཛེས་ཤིང་སྙན་ལ་བབས་ཆགས་པའི་ཚིག་རྒྱན་རིན་ཐང་ཆེ་བ་དག་གིས་རྐང་བ་བཞི་བོ་དོ་མཉམ་པར་སྤྲས་ཡོད།

གཞན་ཡང་། ཁོང་གིས་སྙན་ངག་གི་བསྟན་བཅོས་རྟོགས་བརྗོད་དང་། རྣམ་ཐར། ཆབ་ཤོག བསྟོད་ཚོགས། གཡུ་ལོ་བཀོད་པའི་དགའ་ཚལ་སོགས་སུ་འདི་འདྲ་ཡ་མཚན་པའི་རྩོམ་སྟངས་དང་ཚིག་རྒྱན་རྒྱུན་མར་འབྱུང་ལ། ཤོ་ལོ་ཀ་འདིར་མཚོན་ན། སྙན་རྩོམ་རིག་པའི་ཚིག་རྒྱན་སྦྱོར་ཚུལ་ལ་རང་གི་བློ་གྲོས་ཀྱི་རྩལ་ཅི་ཙམ་མཐོ་བ་ལྟར་བླ་ལྷག་ཏུ་མཛེས་པ་དང་སྙན་པའི་རྩོམ་ཉམས་ཐོན་འདུག་པས། འདིས་བོད་ཀྱི་སྙན་རྩོམ་རིག་པའི་ཚིག་རྒྱན་སྦྱོར་ཚུལ་ལ་མཐའ་མེད། ཅེས་སྤོབས་པ་གཟེངས་སུ་མཐོ་བའི་དར་ཆ་དེ་མཛེས་ཤིང་སྙན་པའི་ཉམས་འགྱུར་གྱི་རྩེ་ལ་བཙུགས་ཡོད་པས། སྙན་རྩོམ་འདི་དང་འདི་ལྟ་བུ་ལ་དུས་རབས་བཅུ་དགུ་བའི་ནང་གི་མཛེས་པ་དང་སྙན་པའི་ཉམས་འགྱུར་གྱི་སྟེང་ནས་རིགས་སྨྲ་བྱེ་བས་བསྟོད་བསྔགས་ཀྱི་ཤིས་ཚིག་དང་མེ་ཏོག་གི་ཕྲེང་བ་འབུལ་འོས་པ་ཞིག་རེད།

མདོར་ན། བོད་རིགས་རྩོམ་པ་པོ་སུ་ཡིན་ཡང་བསམ་བློའི་འདུ་ཤེས་དང་འཚོ་གཞིས་ཉམས་མྱོང་གི་སྟེང་ནས་བོད་ལ་བརྩེ་དུང་ཟབ་མོ་ཞིག་བཅིངས་ཡོད་པ་སྨོས་མ་དགོས་པས། བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། དད་མོས་སོགས་ལ་མཐོང་ཆེན་བྱས་ཏེ། བོད་ཀྱི་སྤྱི་ཚོགས་ཀྱི་བདེ་སྡུག་དང་འཚོ་བའི་གོམས་གཤིས། མ་འོངས་པའི་མདུན་ལམ་སོགས་བརྗོད་བྱར་བྱས་ནས་བརྟག་ཅིང་དཔྱད་པའི་མྱོང་ཚོར་དང་། བསམ་གཞིགས་བྱས་པའི་ཚུར་སྣང་གི་གཟུགས་རིས་རྩོམ་རིག་སྒྱུ་རྩལ་གྱིས་འབྲི་བཞེངས་བྱེད་པའི་ཚེ། གོང་དུ་དྲངས་པའི་སྙན་རྩོམ་འདི་དག་གི་ཁྱད་ཆོས་གཙོ་བོ་མཛེས་པ་དང་སྙན་པའི་ཚིག་གི་རྒྱན་འདོགས་ཚུལ། བརྗོད་བྱར་འབྲེལ་ཞིང་བབས་ཆགས་པ། ལེགས་པར་སྡེབས་པའི་དོ་མཉམ་པ་སྟེ། འདི་དག་མཚན་གཞིར་བཟུང་ནས་ཕྱོགས་ཞེན་མེད་པར་མཁས་པ་སོ་སོའ ་ི སྙན་རྩོམ་རིག་པའི་འབྲི་བཞེངས་ཁྱད་དུ་འཕགས་པའི་རྩོམ་སྟངས་སྤྱད་དེ། དུས་རབས་ཉེར་གཅིག་པའི་སྙན་རྩོམ་རིག་པའི་རིན་ཐང་མཐོར་འདེགས་བྱེད་རྒྱུ་དང་རང་ཉིད་ཀྱི་བློ་རིག་ཇེ་གསལ་དུ་གཏོང་བ་ལ་ཤ་ཐང་ཐང་དུ་འབད་དེ། བོད་ཀྱི་ཤེས་རིག་གོང་འཕེལ་ལ་ནུས་པ་གང་ཡོད་ཀྱིས་སྲི་ཞུ་རེ་སྒྲུབ་རྒྱུ་ནི་རེ་བའི་ཕུགས་བསམ་ཉག་གཅིག་གོ །

མཚར་བའི་ཡིད་འཕྲོག་བུ་མོ་དབྱངས་ཅན་མ། ། ངག་རིག་རི་མོ་བཀྲ་བའི་འབབ་སྟེགས་སུ། ། བཞུགས་པའི་གཟི་བྱིན་རྣམ་དཔྱོད་འཕྲོས་པའི་ངག ། སྙན་རྩོམ་གཞོན་ནུ་རྩེ་དགའ་རོལ་བའི་གྲོགས། །རབ་འབྱམས་ཤེས་བྱའི་མཐའ་རུ་སོང་བའི་མཁྱེན་རབ་འོད་ཀྱི་རང་མདངས་མཛེས། །ཉི་ཟླ་ལོ་ཡི་འཕྲང་རིང་བརྒྱུད་པའི་ངལ་དུབ་སྐྱོ་ངག་གདངས་སུ་རྩེན། ། གངས་ཅན་གཞོན་ནུ་དགེ་བའི་སླད་དུ་སྙན་གཏམ་བཅུད་ཀྱི་ཐིགས་པ་འདྲེན། །  ཞེས་རང་བྱུང་བསིལ་རླུང་འཐོར་བའི་ནགས་ཚལ་ཉམས་དགའ་བའི་འཇུག་ངོགས།དབེན་གནས་གསང་ཆེན་དཀར་མོའི་སྒྲུབ་ཕུག་ཆོས་གླིང་ནས༧རིགས་སྨྲའི་གྲལ་མཐར་འཚང་བ་ཨོའུ་རྒྱའི་སྤྲུལ་མིང་གསེར་ལག་བློ་བཟང་འཇམ་དཔལ་དགྱེས་པའི་རྒྱ་མཚོས་དགའ་བའི་རང་མདངས་ཕྱིར་མངོན་ཏེ་བྲིས་པའོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ཀྱི་སྙན་རྩོམ་རིག་པ་ལ་དཔྱད་པ།   སྤེལ་མཁན།: མེ་ཏོག སྤེལ་དུས:2015/8/19
ཡག་པོ་བྲིས་འདུག
why do married men cheat marcandela.com women want men
husband cheat site married affairs sites
prescription discount card codesamples.in pharmacy card discount
why do wife cheat women who cheat on relationships cheats
tretinoin 0.05% gabapentin 600mg propranolol 10mg
sumial 40 sumial 10 precio sumial dosis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23523576
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།