​ཚེ་སྲོག་གི་འགྱུར་བ། སྨད་ཆ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་ཆོས་དང་ཚན་རིག »​ཚེ་སྲོག་གི་འགྱུར་བ། སྨད་ཆ།
​ཚེ་སྲོག་གི་འགྱུར་བ། སྨད་ཆ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-08-13ལྟ་ཀློག (10947)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཚེ་སྲོག་གི་འགྱུར་བ། 

སྐུ་ཕྱོགས་ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོས་བརྩམས། 

   དེ་ལྟར་ཤི་བ་ལ་སྐྱེ་བ་དོར་བའམ་འཇིག་རྟེན་མི་ཚེ་འདིའི་མཇུག་རྫོགས་པ་ཞེས་ཀྱང་བྱ། འོན་ཀྱང་ཤི་བོ་དེའི་རྣམ་ཤེས་དང་དགེ་སྡིག་གི་བག་ཆགས་གཉིས་ནི།ལུས་དང་གྲིབ་མ་བཞིན་འགྲོགས་ནས་སྲིད་པ་གཞན་བཙལ་ནས་ད་དུང་བརྒྱུད་མར་འགྲོ་དགོས་པ་ཡིན།ནང་བསྟན་གཞུང་ལུགས་ལས་ཀྱང་འདི་བཞིན་གསུངས་ཡོད་ལ།དེ་ནི་སྐྱེ་བ་ཕྱི་མ་ཡོད་པ་དང་།ལས་འབྲས་ཆུད་མི་ཟ་བ་དང་རྒྱུན་ཆད་པ་མེད་པའི་དོན་ཡིན།རྗེ་རིན་པོ་ཆེས།ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།།དཀར་ནག་ལས་འབྲས་ཕྱི་བཞིན་འབྲངས་པ་ལ།། ཞེས་གསུངས་ཡོད། ལུས་ཕུང་གི་ནུས་པ་ཡོངས་སུ་ཉམས་ཏེ་འཇིག་པ་དང་མཉམ་དུ་རྣམ་ཤེས་ཀྱང་རྒྱུན་ཆད་པ་ཞིག་ཡིན་ནམ་ཞེ་ན།དེ་ནི་མ་ཡིན་ཏེ།དཔེར་ན།རླངས་འཁོར་ཁ་ལོ་བས་རླངས་འཁོར་ཆག་ནས་བཀོལ་སྤྱོད་མེད་པར་གྱུར་ན།ཁ་ལོ་བ་ཁོ་རང་ཡང་དེ་དང་མཉམ་དུ་མེད་སོང་བ་མ་ཡིན་པར།སླར་ཡང་རླངས་འཁོར་གསར་བ་ཞིག་འཚོལ་དགོས་པ་ལྟ་བུ་རེད། མིའི་སྐྱེ་འཆི་ནི་ལས་སླ་མོ་ཞིག་གཏན་ནས་མིན་ཏེ།མིའི་སྐྱེ་བ་ལེན་པ་ལ་ཐོག་མར་བསོད་ནམས་ཀྱི་རྒྱུ་ཚོགས་མང་པོ་གསག་དགོས་པ་དང་།བར་དུ་འཚོ་བའི་ཆེད་དཀའ་སྡུག་མང་པོ་མྱང་དགོས་པ།ཐ་མར་ནད་ཚ་དང་འཇིགས་སྐྲག ཡང་ན་འཇིག་རྟེན་དང་གཉེན་ཉེར་འབྲལ་མི་འདོད་བཞིན་དུ་ཁ་འབྲལ་དགོས་པའི་མི་བཟོད་པའི་སྡུག་བསྔལ་ཞིག་དང་ལྷན་དུ་ཤི་བ་ཡིན་པས།མི་ཚེ་ཞེས་པ་འདི་ལས་དབང་ཞིག་གིས་མགོ་བརྩམས་པ་ནས་སྡུག་བསྔལ་ཞིག་གིས་མཐའ་རྫོགས་པ་ཞིག་རེད་བསམ་སོང་། མི་མང་པོས་སྡུག་བསྔལ་གྱིས་མི་ཚེ་མཇུག་བསྡུ་བའི་རྒྱུ་མཚན་གཙོ་བོ་ནི།ནམ་རྒྱུན་རྒྱུ་འབྲས་ཀྱི་གོ་རིམ་ལ་བསམ་བློ་མ་བཏང་བ་དང་།མིའི་སྐྱེ་རྒ་ན་འཆི་ནི་ཇི་ལྟར་འབྱུང་བ་ལ་བསམ་བློ་མ་བཏང་བ།ལྷག་པར་འཆི་བ་མི་རྟག་པ་ཟེར་བ་མི་ཤེས་པ། སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆེས་མེད་པ་བཅས་ཀྱི་སྐྱོན་རེད། དེ་བས་འཇིག་རྟེན་འདིར་བསོད་ནམས་ཚོགས་བསགས་ཟེར་བ་མི་ཤེས།སྡིག་སྤོང་དགེ་སྒྲུབ་ཟེར་བ་ཁས་མི་ལེན་པར་འཇིག་རྟེན་འདིའི་ཡོད་ཚད་ངའི་ཡིན་ན་ཅི་མ་རུང་སྙམ་པའི་ཧམ་སེམས་ངང་ང་ཆེ་ང་མཐོ།ང་བཙན་སྙམ་པའི་ངང་མི་ཚེ་ཟད་ན།འཆི་བ་ཟེར་བའི་དགྲ་དེ་ཐོན་དུས་སེམས་ཀྱི་གཏིང་དང་རུས་པའི་གསེང་ནས་འཇིགས་སྐྲག་དང་སྡུག་བསྔལ་ཟད་མི་ཤེས་པ་ཤིག་སྐྱེས་འོང་བ་ཆོས་ཉིད་ཡིན་ལ་རྒྱུ་འབྲས་ཀྱང་ཡིན། སྤྱོད་འཇུག་ལས།རང་ཉིད་མལ་ན་འདུག་བཞིན་དུ།།གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་།།སྲོག་ཆད་པ་ཡི་ཚོར་བ་ནི།།རང་ཉིད་གཅིག་པུས་མྱོང་བར་འགྱུར།།གསུངས་པ་བཞིན།དེ་དུས་སྡུག་བསྔལ་དང་སྲོག་ཆད་པའི་ཚོར་བ་རྣོན་པོ་དེ་རང་ཉིད་གཅིག་པུས་མྱོང་དགོས་པ་ཡིན།འདི་ནི་མདོ་ལས།ལས་ཀྱི་རྣམ་པར་སྨིན་པ་ནི་ས་ལ་མི་སྨིན།རྡོ་ལ་མི་སྨིན།རྣམ་པར་སྨིན་པའི་ཟག་བཅས་ཀྱི་ཕུང་བོ་འབའ་ཞིག་ལ་སྨིན་པར་འགྱུར་རོ།། ཞེས་སོགས་སོ།། དེས་ན་སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆེས་པ་ཙམ་ཞིག་མིན་པར།སྐྱེ་བ་སྔ་ཕྱི་བརྒྱུད་པ་རང་མྱོང་ཡོད་པའི་སྟབས་ཀྱིས།ནང་བསྟན་ལ་དད་པ་ཡོད་པ་དང་ཆོས་རྣམ་དག་སྒྲུབ་པའི་མི་རྣམས་ཤི་བ་ལ་དེ་ཙམ་སྐྲག་གི་མི་འདུག རྒྱུ་མཚན་ནི་ལུས་ཕུང་འདི་ནུས་པ་ཉམས་ཏེ་བཀོལ་སྤྱོད་མི་རུང་ན་སླར་ཡང་ལུས་རྟེན་གསར་བ་བཟང་པོ་ཞིག་འཚོལ་རྒྱུ་དེ་རེད།དཔེར་ན།སྡོད་ཁང་རྙིང་བ་ལས་གནས་སྤོར་ཏེ་གསར་བ་འཚོལ་བ་ལྟ་བུ་ཞིག་ཡིན་པས།དེ་ལ་སྐྲག་སྣང་དང་སྡུག་བསྔལ་སྐྱེ་དགོས་དོན་མེད་དེ།དཔེར་ན།རང་ལ་འབད་པས་བསགས་པའི་སྒོར་མོ་ཇི་འདོད་དུ་ཡོད་ན་སྡོད་ཁང་སྔར་ལས་བཟང་ཞིང་ཤིན་ཏུ་རྒྱ་ཆེ་བ།བཟོ་བཀོད་དང་རི་མོ་ཕུན་སུམ་ཚོགས་པ།ཁོར་ཡུག་དང་མཁའ་དབུགས་གཙང་ཐག་ཆོད་པ་ཞིག་ཉོས་ཆོག་པ་བཞིན།རང་ལ་བསོད་ནམས་དང་ཤེས་རབ་ཀྱི་ཚོགས་བསགས་པ་ཡོད་ན་ལུས་རྟེན་ལེན་པ་ལ་གདམ་གསེས་བྱས་ཆོག་པ་ཡོད། ཞིབ་ཏུ་བསམ་ན་སྐྱེ་འཆི་ལ་སྐྲག་དོན་ཡང་མེད་དེ།སྐྱེ་བ་ལ་དེ་ཙམ་མ་སྐྲག་ན།ཤི་བ་ལ་ཅིའི་ཕྱིར་ཤིན་ཏུ་སྐྲག དཔེར་ན།སྡོད་ཁང་འདིའི་ནང་དུ་འོངས་པར་མི་སྐྲག་ན་ནང་ནས་ཕྱིར་འགྲོ་བར་ཅིའི་ཕྱིར་སྐྲག སྐྲག་ཀྱང་ཕན་ཐོགས་མེད་དེ།འཇིག་རྟེན་གྱི་སྐྱེ་འཆི་དང་རྒྱུ་འབྲས་ཀྱི་གནས་ལུགས་ལ་སུས་ཀྱང་མགོ་སྒུར་དགོས་པ་ཞིག་ཡིན། དེ་འདྲའི་སྐྱེ་འཆི་དང་ལས་འབྲས་ཡང་རང་གིས་བསགས་པ་ཡིན་པ་ལས།གཞན་གྱིས་དབང་བཀོལ་ཏེ་རང་ལ་མནར་གཅོད་བཏང་བ་ཞིག་མེད།མི་ཟོག་ཐམས་ཅད་སྐྱེ་འཆིའི་རྣམ་པ་ཙམ་ཞིག་འདྲ་ཡང་སྐྱེ་འཆིའི་ངོས་ཟིན་མི་འདྲ་བའི་དབང་གིས་ཚོར་བ་བདེ་སྡུག་དང་འཇིགས་སྐྲག་ཡོད་མེད་ཀྱང་མི་འདྲ།དེར་མ་ཟད་འཆི་བ་ལ་སྤྲོ་སྣང་ལྡན་པའི་མིའང་མང་པོ་ཡོད།ཤི་ནས་གང་དུ་སྐྱེ་བ་ལ་རང་དབང་ལྡན་པའི་མིའང་མང་པོ་ཡོད།བསམ་བློ་ཞིབ་ཏུ་གཏོང་སའི་འགག་མདོ་ཡང་འདི་ཡིན།དཔེ་བརྗོད་སླ་བོ་ཞིག་དྲངས་ན།ཁོ་བོས་བྲིས་པའི་རྗེ་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་ལས།ཨ་ཁུ་དགེ་འདུན་འོད་ཟེར་སྐུ་འདས་པའི་སྐོར་གྱི་གནས་ཚུལ་འདིར་བཀོད་ན། ཨ་ཁུ་ལ་ནད་མགོ་བཞག ཨ་ཁུས་ངེད་ཅག་ལ།ངེད་ཚང་གི་མི་རྒྱུད་འདི་ལ་ལོ་རེ་བཞི་རེ་ལྔ་ལས་མི་འདུག ང་ཡང་དེ་ལ་ཐོན་ཡོད་ཟེར།རྒྱུན་དུ་ལག་མཐིལ་ནས་རྩིས་བྱེད། དེ་ནས་བཟུང་ངེད་ཅག་ལ།ཁ་ཆེམས་ལྟ་བུའི་སློབ་གསོ་མང་བོ་གཏོང་།ང་ནད་མགོས་གཙེས་འདུག དེ་བས་ཡུན་མི་རིང་།རང་དབང་ཡོད་ན་རྒྱ་ལོའ་ིབཅུ་གཅིག་ལ་ང་འཆི་བསམ།ངས་ཀྱང་ཁྱོད་བཟང་བོར་བསྐྱངས་ཡོད།དྲིན་ལན་གསབ་འདོད་ན་ལྷ་སའམ་བླ་བྲང་གང་རུང་དུ་སོང་ལ་དཔེ་ཆ་ལྟོས།ལྷ་སར་སོང་ན་དཔྱི་ཆེན་བླ་མས་ཁྱོད་ལུང་བསྟན་པ་ལྟར་བཟང་།མདོ་སྨད་དུ་སྐུ་འབུམ་དང་བླ་བྲང་གཉིས་རེད།སྐུ་འབུམ་ནོམ་ཆེ།བླ་བྲང་ཆོས་ཆེ་ཟེར་བ་ལྟར་ཡིན་པས་བླ་བྲང་ལ་འགྲོ་ཨེ་ཐུབ་ལྟོས།འདི་ངའི་རེ་བ་ཡིན།གསུངས་ནས་ཨ་ཁུ་རྒྱ་ཁོ་དང་ངེད་གཉིས་ལ་གཞི་བཅའ་ལག་བགོ་བཤའ་བརྒྱབ།འདོན་ཆོག་སྐོར་གྱི་དཔེ་ཆ་འགའ་རེ་ཡོད་པ་རྒྱ་ཁོ་ལ་བྱིན།ལམ་སྔགས་དང་འོད་དཔག་མེད་ཀྱི་སྟོང་མཆོད།རྙིང་ཆོས་འགའ་རེ་ཡོད་པ།ཤོག་གུ་བ་ལུ་བཅས་ང་ལ་གཏད།འདི་ཆོས་བགོས་པ་ཡིན།རྟ་རྒན་ང་ཤི་ན་སྔས་མགོའ་ིབླ་མར་འབུལ་དགོས་པས་ངའི་ཡིན།བན་ཆུང་འདི་ས་སྒོམ་མེ་ནས་ཁྲིད་འོངས་པས་ཉེ་ཚན་མེད།གཅེས་པར་བྱེད་དགོས་པས་ཁང་བ་ཅ་ལག་དང་བཅས་པ་འདིའི་ཡིན།རྒྱ་ཁོ་ཁྱོད་ངའི་ཚ་བོ་ཡིན།རྨ་ཕར་ཁ་ཐག་ཉེ།དེ་བས་ཁང་བ་འདིའི་ནང་ན་ཁྱོད་ལ་རྩམ་པ་སྒམ་ཆུང་གང་དང་དཀར་ཡོལ་གཅིག་མ་གཏོགས་སྐལ་ཅི་ཡང་མེད།ཅེས་ནོམ་པ་བགོས་པ་སོགས་བྱ་བ་ཐམས་ཅད་བཀོད་སྒྲིག་བྱས།ཤི་བར་སེམས་ཐག་བཅད་ནས་ཐམས་ཅད་བགོས།ཕར་བལྟས་ན་ཨ་ཁུ་ལ་ན་བ་དང་མི་བདེ་བ་ཅི་ཡང་མེད། སེམས་ལ་ནམ་ཞིག་འདི་ལྟར་ཡིན་བསམ་མོད་དོ་སྣང་ཆེར་མ་བྱས། ལོ་སར་ལ་ཉེ།སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་ཚང་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཆེན་ཕུད་དེ་བཅུ་ཆའི་སྦྱིན་སྲེག་བླུག་པའི་ཤུལ།ད་ལྟ་དཀར་མོ་དགོན་པའི་དུར་ཁྲོད་བྱེད་བཞིན་ཡོད་པ་དེར་ཨ་ཁུ་སོང་ནས་ཁོང་ལ་འདི་ལྟར་ཞུས།ད་ང་བས་ང་ལ་ཞུ་རྒྱུ་ཞིག་ཡོད་པ་ནི།ང་ཤི་ན་བེམ་པོ་ཁྱེད་བཞུགས་མལ་གྱི་ཤུལ་འདིར་བཞག་ཨེ་ཆོག་ཞུས།རྡོ་རྗེ་འཆང་ཚང་གིས་ཁྱེད་ཚང་གིས་དེ་ལྟར་གསུངས་མི་ཉན།ད་རུང་བཞུགས་དགོས།བན་ཕྲུག་འདི་ཡང་སྙིང་རྗེ།ངེད་ཀྱི་ཤུལ་བྱིན་ལོས་ཆོག་གསུངས།ཨ་ཁུས་དེས་མཐུས་གསུངས་ནས་ཕྱིར་ལོག ཁོང་ཚང་གི་སྦྱིན་སྲེག་གྲོལ་ཉིན་རྒྱ་ཁོ་མངགས་ནས་རྟེན་རྡོ་བཞག ལོ་སར་ནས་ཚེས་དགུའི་ཉིན།ཨ་ཁུ་གློ་བུར་དུ་ན་བ་བྱུང་།ཟས་ཀྱང་མི་བཞེས།བཞེས་ཀྱང་ཕྱིར་སྐྱུག ལུས་ཡང་ཉམ་ཆུང་དུ་གྱུར་མོད།ངེད་ཅག་ཅི་བྱ་གཏོལ་མེད་ངང་ལུས། ངས་རང་གི་སྐྱེས་སྐར་དང་དུས་ཚོད་གསལ་བོར་མི་ཤེས་པས།ནམ་འཆི་ཡང་གསལ་བོར་མི་ཤེས་མོད།སྤར་ཁ་དེད་ན་རྒྱ་ལོའ་ིབཅུ་གཅིག་རེད།སྐུ་ཕྱོགས་ཨ་རིག་ཚང་གིས་ང་ལ་ཁྱོད་འོད་དཔག་མེད་ཀྱི་ཞིང་ཁམས་ལ་འགྲོ་ཐུབ་གསུངས་ཡོད།ངས་ཀྱང་རྒྱུན་དུ་རྫོགས་སྨིན་སྦྱངས་གསུམ་བྱས་ཏེ་ཞིང་སྦྱོང་བའི་དམིགས་པ་དང་སྟོབས་ལྔ་ཡང་དག་སྦྱར་བའི་དགེ་ཅི་བྱས་ཐམས་ཅད་དེའི་རྒྱུར་བསྔོས་ཡོད།ང་འོད་དཔག་མེད་ཀྱི་ཞིང་ཁམས་ལ་འགྲོ་འདོད་ཀྱི་རེ་བའང་ཡོད་ལ་ཡིད་ཆེས་ཀྱི་དད་པའང་ཡོད་གསུངས། ཚེས་བཅུའི་ཉིན་གྱི་ཕྱི་དྲོ།ང་མདུན་དུ་བོས།ཞལ་ཆེམས་མང་བོ་བཞག་ཀྱང་གནད་ཀྱི་དོན་པོ་ནི། ལྷ་སའམ་བླ་བྲང་སོགས་གྲྭ་སར་སོང་ནས་དཔེ་ཆར་གཟིགས་རྒྱུ་དེ་ཡིན།དོན་དེ་ངས་ཡིད་ལ་བཟུང་ནས་ཤི་འགྲོ་གསུངས་པ་འདི་དགེ་རྒན་ལགས་ཀྱི་ཐ་མའི་ཞལ་ཆེམས་ཡིན། ཚེས་བཅུ་གཅིག་གི་ནངས་པར།ཨ་ཁུས་འོ་མ་འཐུང་འདོད་ཟེར།ངེད་གཉིས་ཀྱིས་ནང་ཆེན་ནས་འོ་མ་ཉུང་ཙམ་ཁྱེར་ཡོང་།ཕྱི་དྲོ་ཉི་མ་ནུབ་པའི་སྐབས།ཧ་ལམ་དུས་ཚོད་ལྔ་ཡས་མས་སུ་འོ་མ་ཧུབ་གསུམ་འཐུང་།དཀྱིལ་ཀྲུང་གིས་ཡར་བཞུགས་ནས་ཡུད་ཙམ་བསྡད།ཞལ་འདོན་གསུང་བཞིན་ཡོད་པའི་ཚེ།གློ་བུར་དུ།ཧིག ཅེས་དང་།ཕཊ།ཞེས་པའི་སྒྲ་གསལ་བོ་ཞིག་གྲགས་པ་དང་ལྷན་ཏུ་རྣམ་ཤེས་འཕོས་སོང་།བེམ་པོ་ནི་ད་རུང་གསོན་པོ་ལྟ་བུར་སྐྱིལ་ཀྲུང་བྱས།མིག་ཕྱེས་ཏེ་ངེད་ཅག་ལ་བལྟས་བསྡད་ཡོད།ངོ་མ་ཡ་མཚན་རེད། སྐྱེ་འཆི་ནི་མཐོ་རྒྱལ་པོ་དང་བླ་མ།དམའ་ཉམ་ཆུང་སྤྲང་བོ་ཡན་ཆད་སོགས་སེམས་ལྡན་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་ཆོས་ཉིད་ཡིན་མོད།སྐྱེ་འཆི་ལ་གདེང་ཚོད་ཡོད་མེད་མི་འདྲ།ཐོག་མར་མངལ་དུ་ཞུགས་ཚེ་གཉུག་སེམས་ཕྲ་མོ་ནང་དུ་སོང་པ་དང་མཉམ་དུ་ཕུང་པོ་ལྔ་ལ་བཏགས་པའི་གང་ཟག་ཏུ་གྱུར་བ་ཡིན་ཞིང་།འཆི་ཁ་ཐ་མར་དབུགས་ཕྱིར་བྱུང་བ་དང་མཉམ་དུ་རྣམ་ཤེས་འཕོས་ཏེ་ཤི་བ་ཡིན་པས།ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་ཐག་ཆད་པ་ལ་ཤི་བ་ཞེས་པའི་ཐ་སྙད་སྦྱར་བ་ཡིན།འོན་ཀྱང་།བེམ་པོ་དཀྱིལ་ཀྲུང་བཅས་ཏེ་ཐུགས་དམ་ལ་བཞུགས་པ་འདི་འདྲ་ནི་གསང་སྔགས་སྒོམ་པའི་རྣལ་འབྱོར་པ་མ་གཏོགས་མེད་ལ།རྫོགས་རིམ་གྱི་ཚད་མཐོན་པོར་སླེབས་པའི་རྟགས་ཤིག་ཏུའང་སྣང་།ཞེས་རབ་བྱུང་བ་ཞིག་ཤི་བ་ལ་མི་སྐྲག་པའི་གནས་ཚུལ་ངོ་མ་བྲིས་འདུག་པ་ལྟ་བུས་མཚོན་ཤིན་ཏུ་མང་པོ་ཡོད་ཀྱང་འདིར་མ་བཀོད། འདི་ལ་བརྟག་ན་ཨ་ཁུས་ཉིན་གཉིས་ལ་ཟ་མ་མ་ཟོས་པས་ལུས་ཀྱི་བྱང་ཁོག་གཙང་མར་བྱས་ཡོད་པར་མ་ཟད།ད་དུང་འོ་མ་འཐུང་ནས་དཀར་ཟས་བསྟེན་པའི་གྲ་སྒྲིག་ལ་བལྟས་ནའང་།དུས་ཚོད་དེར་ངེས་པར་འཆི་བའི་གདེང་ཚོད་ཡོད་པ་ཤེས་ཐུབ།དེ་ལྟར་འཆི་བ་དེའང་ཟླ་དྲུག་གི་སྔོན་ནས་ཤེས་ཐུབ་པ་རྗེ་རིན་པོ་ཆེའི་འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ལས་གསུངས་ཡོད།འདི་ལྟར་འཆི་བའི་གནས་སྐབས་སུ་ཕྱི་དབུགས་ཆད་དེ་ཀླད་པའི་ནང་ཁྲག་གི་འཁོར་རྒྱུག་མཚམས་ཆད་ནས་ཀླད་པའི་བྱ་བྱེད་མཐའ་དག་འགགས་ཀྱང་ད་དུང་ཤེས་པ་ཕྲ་མོའ་ིའགྱུར་བ་མ་ལོག་པར་ཉིན་གྲངས་མང་པོར་བཞུགས་པ་དུ་མ་མཐོང་ཆོས་སུ་གྲུབ་པ་མང་ལ་ཨ་མདོའ་ིསྐད་དུ་ཐུགས་དམ་ལ་བཞུགས་འདུག་ཟེར།གཞན་ཡང་མངོན་པ་མཛོད་ལས།མཇུག་ཏུ་རླུང་གིས་འཇིག་པ་ཡིན༎གསུངས་པ་ལྟར་དང་དེ་དག་ཀྱང་སེམས་ཀྱི་འཕྲུལ་སྣང་ངམ་ཚེ་སྲོག་གི་འགྱུར་བ་འབའ་ཞིག་ལས་བྱུང་བ་ཡིན་ཏེ།བསམ་གཏན་གྱི་སྐྱོན་རྟོག་དཔྱོད་མེ་ལྟ་བུ་དང་དགའ་བདེ་ཆུ་ལྟ་བུ་དང་།རྣམ་རྟོག་གཡོ་བ་རླུང་ལྟ་བུ་གསུམ་གྱི་བྱེད་པ་ལ་བརྟེན་ནས། གཟུགས་ཁམས་འཇིག་པར་བྱེད་པ་ལྟར། སྣོད་ཀྱི་འཇིག་རྟེན་དང་། ལུས་ཕུང་གི་འཇིག་རྟེན། རྩོལ་བ་ལས་གྲུབ་པའི་འཇིག་རྟེན་འདི་རྣམས།ཐོག་མར་ཆགས་པའི་ཚེ་འབྱུང་བ་ལྔ་བོ་འདི་རྣམས་གཅིག་གྲོགས་གཅིག་གིས་བྱེད་ཅིང་།བར་དུ་གནས་པའི་ཚེ་ཡང་དུས་ཤེད་མཉམ་དུ་གནས་ལ།མཐར་འཇིག་པའི་ཚེ་གཅིག་དགྲ་གཅིག་གིས་བྱེད་པ་འདི།རྟེན་འབྱུང་འཕྲོ་འདུའི་ནུས་པ་བསམ་གྱིས་མི་ཁྱབ་པ་སུས་ཀྱང་ཚོད་དཔག་མི་ནུས་པ་ཞིག་རེད་སྙམ། འཆི་ལྟས་སྣ་ཚོགས་པ་རྣམས་ཀྱི་ནང་ནས་རྨི་ལམ་དང་རྣམ་འགྱུར།རིང་བ།མ་ངེས་པའི་ལྟས་རྣམས་ནི་མཐའ་གཅིག་ཏུ་འཆི་བར་མ་ངེས་པས།སྨན་བསྟེན་པ་དང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་སྟོང་ཉིད་སྒོམ་པ་ལ་སོགས་པ་ཤེས་རབ་ཀྱི་ཚོགས་བསགས་པ།རྒྱལ་བའི་བཀའ་དྲི་མ་མེད་པ་ཀློག་ཅིང་ཡི་གེར་འབྲི་བ།གསང་སྔགས་རྒྱུད་སྡེ་ནས་གསུངས་པའི་ཚེ་སྒྲུབ་པ།སྦྱིན་སྲེག་བྱེད་པ།ལྷག་པའི་ལྷ་སྒྲུབ་ཅིང་གསོལ་བ་འདེབས་པ་སོགས་མང་དུ་བགྱིས་ན་འཆི་བ་ལས་ཟློག་པར་བ་རྣམས་ལ་ནི།འཆི་བ་ལས་ཟློག་པའི་ཐབས་ཅི་ཡང་མེད་དེ།སེམས་ཅན་གཅིག་གི་ཚེ་ཟད་ན།སངས་རྒྱས་སྟོང་གི་མཐུ་རྡུགས།ཟེར་བ་ལྟར་འཆི་བ་ལས་སླར་ཟློག་པ་མི་སྲིད།འོན་ཀྱང་།འཕོ་བ་དང་བར་དོ་ངོ་སྤྲོད།གཤིན་པོ་རྗེས་འཛིན་གྱི་ཐབས་སོགས་ལ་འབད་པར་བྱས་ན་ཤི་བོ་དེ་ལ་ཤིན་ཏུ་ཕན། དེ་ལྟར་ཤི་བོའ་ིརྣམ་ཤེས་བར་དོ་འགྲིམ་པར་བཤད་དེ།བར་དོ་འགྲིམས་པའི་དུས་ཚོད་ཐུང་ན་ཡུད་ཙམ་དང་ཅི་ཙམ་རིང་ཡང་ཞག་ཞེ་དགུའི་ནང་དུ་སྐྱེ་བ་གཞན་ལེན་པར་འགྱུར།བོད་ཡུལ་གྲུ་མང་པོ་ན་མི་ཤི་བ་ན་ཤི་ཆོས་ལ་བདུན་འདོན་དུས།རབ་བྱུང་བ་བདུན་གྱིས་ཉིན་བདུན་ལ་ཆོས་འདོན་པ་དང་།ཞག་ཞེ་དགུ་ཚང་བའི་བར་དགེ་བ་སྒྲུབ་པའི་རྒྱུ་མཚན་ཀྱང་འདི་ལ་ཐུག སྐྱེ་འཆི་ཟློག་ཏུ་མེད་པ་ལས་ཀྱི་དབང་། ། མི་འདོད་རྐྱེན་ངན་འབྱུང་བ་འཁོར་བའི་ཆོས། ། འདུས་བྱས་མི་རྟག་འགྱུར་བ་དངོས་པོའ་ིགཤིས། ། ཤེས་ན་ཀུན་གྱིས་རྟེན་འབྱུང་སྟོང་བར་སྟོན། །

གསུམ་པ། སྐྱེ་བ་ཕྱི་མ་ལེན་པ།

   སེམས་ཅན་སྐྱེ་བ་ལ་ཁམས་ཀྱི་དབང་དུ་བྱས་ན།འདོད་ཁམས།གཟུགས་ཁམས།གཟུགས་མེད་ཀྱི་ཁམས་ཏེ་ཁམས་གསུམ་དང་།རིགས་ཀྱིས་དབྱེ་ན་དྲུག སྐྱེ་གནས་ཀྱི་དབང་དུ་བྱས་ན།མངལ་སྐྱེས།སྒོང་སྐྱེས།དྲོད་གཤེར་སྐྱེས།རྫས་སྐྱེས་བཅས་བཞི་རུ་ཕྱེས་ཡོད་ལ།མི་ལ་དེ་བཞི་ཀ་ལས་སྐྱེས་པ་ཡོད་པ་ཆོས་མངོན་པ་མཛོད་ལས་བཤད། མི་ལ་སྒོང་སྐྱེས་ཡོད་པ་ཨ་རིའི་ཞིབ་འཇུག་པ་ཞིག་གིས།གླིང་ཕྲན་ཞིག་ཏུ་མི་མངལ་དུ་སྦྲུམ་ནས་ཟླ་དྲུག་འགོར་ཚེ་སྒོ་ང་ཞིག་སྐྱེས་ཤིང་།སྒོ་ང་དེ་ཟླ་གསུམ་དང་ཞག་བཅུ་འགོར་ཚེ་གད་ནས་བྱིས་པ་སྐྱེ་ཚུལ་བཤད་ཡོད་ལ།མི་ལ་རྫུས་སྐྱེས་ཡོད་པ་ནི་སྔོན་སློབ་དཔོན་འཕགས་པ་ལྷ་སིང་ག་ལའི་རྒྱལ་བོའ་ིལྡུམ་རྭའི་མེ་ཏོག་ལས་འཁྲུངས་པར་བཤད་ལ།དེང་རབས་ཁུ་ལུང་རྫས་སྦྱོར་རིག་པ་ལས་སྲོག་ལྡན་གྲུབ་པས་ཤེས་ཐུབ།རིག་པ་འདི་ཡ་མཚན་པ་ཞིག་ཡིན་མོད།ཞིབ་འཇུག་པ་མང་པོས་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་ལྟ་བུར་རྣམ་ཤེས་གསར་སྐྱེ།ཞེས་བཤད་པ་ནི་རིག་པ་རྟུལ་བོའ།ོ། མི་ཇི་ལྟར་གྲུབ་པའི་ཚུལ་ལ་ཚོད་དཔག་ཅིག་བྱས་ན།དགའ་བོ་མངལ་མཇུག་གི་མདོ་དང་གསོ་རིག་རྒྱུད་བཞིའི་རྩ་འགྲེལ་ལས་བཤད་པ་ལྟར།དང་བོ་མངལ་དུ་མི་ཇི་ལྟར་ཆགས་ཚུལ།བར་དུ་བདུན་ཕྲག་སུམ་ཅུ་སོ་བརྒྱད་རིང་ཇི་ལྟར་འཕེལ་བ།ཐ་མར་སྨིན་ནས་བཙའ་བའི་རྟགས་གསུམ་གྱིས་བཤད་དེ།རྩ་བ་ལས།དང་བོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ༎རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས༎འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ།།དཔེར་ན་གཙུབས་ཤིང་དག་ལས་མེ་འབྱུང་བཞིན༎ཞེས་ལུས་ཆགས་པའི་ཉེར་ལེན་གྱི་དངོས་རྒྱུ་ཡིན་པའི་ཕའི་ཁུ་བ་དང་མའི་ཁྲག་དེ་གཉིས་ལ།རླུང་།མཁྲིས་པ།བད་ཀན།རྐྱང་བ་ལྡན་འདུས་ཀྱི་ཉེས་པ་མ་སྙོམས་པའི་ནད་ཀྱི་སྐྱོན་མེད་པ་དང་།བར་དོ་བའི་རྣམ་ཤེས་སྐྱེ་བའི་གནས་ཡོངས་སུ་འཚོལ་བ་དེ་ཉིད།འདུ་འཕྲོད་དུ་ཞུགས་པའི་ཕ་མ་དེ་གཉིས་ཀྱི་བུར་སྐྱེ་བའི་ལས་འཕྲོ་དང་ལྡན་པ།ལས་རླུང་ཤུགས་དྲག་པོས་རབ་ཏུ་བསྐུལ་ནས་གནས་དེར་ལྷན་ཏུ་འཛོམས་པ་ནས་མངལ་དུ་གྲུབ་པ་ཡིན་ལ།དེ་ཡང་མང་ཆེ་ཤོས་ཤིག་ནི་འཇིགས་པས་སྐྱབས་འཚོལ་བ།འགའ་ཞིག་ནི་དགའ་བས་འཇུག་པར་འདོད་པ་བཅས་ཀྱི་བསམ་བློའང་མངོན་དུ་གྱུར་ཡོད། གཞན་ཡང།ལས་ཀྱི་འཕེན་ཤུགས་མི་འདྲ་བ་དང་རྣམ་ཤེས་གསལ་མི་གསལ་གྱི་དབང་གིས།ཐ་མལ་བ་རྣམས་ནི་མི་དྲན་མི་ཤེས་བཞིན་དུ་འཇུག་ཅིང་གནས་ལ་སྐྱེ་བ་ཡིན།འཁོར་ལོས་བསྒྱུར་བ་དང་རྒྱུན་ཞུགས་རྣམས་ནི་དྲན་ཞིང་ཤེས་པས་མངལ་དུ་འཇུག་ལ་མི་དྲན་མི་ཤེས་པས་གནས་ཤིང་སྐྱེ་བ་ཡིན།བྱང་སེམས་ལས་དང་པོ་རྣམས་དང་རང་རྒྱལ་རྣམས་ནི་དྲན་ཤེས་བཞིན་དུ་འཇུག་ཅིང་སྐྱེ་ལ་མི་དྲན་མི་ཤེས་པར་གནས།བྱང་སེམས་དག་པ་རྣམས་ནི་དྲན་ཤེས་གཉིས་ཀའི་སྒོ་ནས་མངལ་དུ་འཇུག་གནས་སྐྱེ་བར་བྱེད་པ་ཡིན་ཞེས་མདོ་ལས་གསུངས།གཞན་ཡང་།དགའ་བོ་མངལ་འཇུག་གི་མདོ་དང་།རྣལ་འབྱོར་སྤྱོད་པའི་ས།མཛོད་རང་འགྲེལ་སོགས་ནས་བར་དོ་བ་དེ་མའི་མངལ་དུ་ཞུགས་ཚུལ་དང་མངལ་དུ་ཆགས་རྗེས་ལུས་ཀྱི་འདུག་སྟངས་སོགས་ཀྱང་གསུངས།རྒྱུད་སྡོམ་འབྱུང་ལས།ཕ་མའི་ཀུན་ཏུ་སྦྱོར་སོགས་ནི།།སྲེད་པའི་སྐྱེ་བོས་མཐོང་གྱུར་ནས།།ཞེས་པ་ནས་ཁ་ཡི་ལམ་ནས་འཇུག་པར་འགྱུར།།ཞེས་བར་དོ་བ་མངལ་དུ་འཇུག་སྒོ་མཛོད་དང་མི་འདྲ་བར་གསུངས།སྨན་གཞུང་ལས།ཁུ་ཁྲག་སེམས་གསུམ་པོ་འབྱུང་བ་ལྔ་ལས་གྲུབ་པར་བཤད་ཀྱང་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས།འབྱུང་བ་ཆེན་པོ་འདི་དག་ནི༎སྲོག་གི་རྟེན་དུ་ཤེས་པར་བྱ༎ཞེས་རྟེན་དང་བརྟེན་པར་ཡང་བཤད་པ་འདི་ངོ་མ་བདེན་པ་དོན་དངོས་ལ་གནས་པ་ཡིན་ནོ། གལ་ཏེ་སེམས་ནི་འབྱུང་བ་ལས་གྲུབ་པ་བདེན་ན།གཟུགས་ཅན་རྣམ་ཤེས་སུ་གྱུར་བ་ཡོད་པ།ཚད་མ་རིག་པའི་གཞུང་དང་འགལ་ལ།སེམས་དང་གཟུགས་ཀྱི་གཞི་མཐུན་ནི་མི་སྲིད་དེ།གཙོ་བོ་ལས་འབྲས་ཆུད་ཟ་བ་དང་སྐྱེ་བ་སྔ་ཕྱི་མེད་པའི་སེམས་ཅན་མང་དུ་འབྱུང་བར་འགྱུར་བས་དགེ་སྡིག་གང་བྱས་ཀྱང་འབྲས་བུ་སྨིན་སའི་གཞི་མེད་པར་འགྱུར། ད་དུང་ཞིབ་ཏུ་བཤད་ན།གཟུགས་མེད་ནས་འདོད་གཟུགས་གང་རུང་དུ་སྐྱེ་བ་ལེན་པའི་བར་དོ་བ་དང་མངལ་དུ་ཞུགས་མ་ཐག་པ་དེ་ལ།དབང་ལྔའི་རྣམ་ཤེས་མེད་ཀྱང་རྣམ་ཤེས་ཀྱི་ས་བོན་རྫས་རྒྱུན་ཡོད་པས། ས་བོན་དེས་རྣམ་ཤེས་གསར་དུ་སྐྱེད་ཅེས་རིགས་པ་སྨྲ་བ་རྣམས་ཀྱིས་ཀྱང་སྐད་གསེང་མཐོན་པོས་སྒྲོག་པར་བྱེད་མོད། དོན་དུ་འབྱུང་བ་ལས་རྣམ་ཤེས་གྲུབ་པར་འདོད་པ་དང་དེ་གཉིས་མཐུན་པར་ཡོད་པས། རྣམ་ཤེས་ལ་གཙོ་ཕལ་ཕྱེ་བ་ཙམ་གྱིས་གནད་འགག་སེལ་མི་ཐུབ་པར་མ་ཟད།རྫས་ལས་རྣམ་ཤེས་སྐྱེ་བར་ཁས་བླངས་ན་ནང་བསྟན་གཞུང་ལུགས་ལས་སྐྱེ་བ་སྔ་ཕྱི་བཤད་པའི་རྩ་བ་དྲུངས་ནས་བྱུང་བར་འགྱུར་རོ། ། དེས་ན་རྣམ་ཤེས་ཀྱི་རྫས་རྒྱུན་ཟེར་བ་དེ།ཤེས་པ་ཡིན་ན།རྫས་རྒྱུན་ཟེར་དོན་མེད་ལ།མིན་ན།གཟུགས་དང་འདུ་བྱེད་གཉིས་ལས་མ་འདས་པས།འདུ་བྱེད་ཡིན་ཟེར་ན།བྱེ་བྲག་སྨྲ་བས་གཟུགས་དང་།ཤེས་པ།འདུ་བྱེད་གསུམ་གྱི་གཞི་མཐུན་ཁས་ལེན་པའི་ཕྱོགས་ལ་རྒྱབ་གཏོད་ལ་ཙོག་པུར་སྡོད་ཅིགཀྭ་ཡེ་གྲོགས་དག གཞན་ཡང་།རྒྱུད་གཞུང་དང་སྨན་གཞུང་རྣམས་སུ་ལན་གཅིག་མ་ཡིན་པར།ཡང་དང་ཡང་དུ་རླུང་སེམས་དབྱེར་མེད་དུ་གསུངས་ཡོད་པ་འདི།རླུང་ནི་རྣམ་ཤེས་བཞོན་པ་སྟེ༎ཞེས་རྟེན་དང་བརྟེན་པར་ཤེས་པར་བྱ་ཡི།རླུང་སེམས་དང་སེམས་རླུང་གི་ངོ་བོར་ཡོད་ཅེས་འཆད་པར་མི་བྱ་སྟེ།དེ་གཉིས་སྔོ་འཛིན་མིག་ཤེས་དང་སྔོན་པོ་ལྟ་བུར་ཡུལ་ཡུལ་ཅན་དུ་སོང་བའང་མ་ཡིན།སེམས་རླུང་དུ་གྱུར་བའམ་རླུང་སེམས་སུ་གྱུར་བ་མིན་པའི་གཏན་ཚིགས་འདི་བསླུ་བ་མེད་པའི་ཚན་རིག་ཡང་དག་ཅིག་རེད་བསམ་མོ།།སེམས་འཛིན་པའི་དོན་དུ་རླུང་སྒོམ་པ་དང་གྲུབ་མཐའ་རྙིང་བ་རྣམས་སུ་འཇོག་སྒོམ་ལ་རླུང་སྒོམ་དུ་བཤད་པ་སོགས་ལ་འགལ་བ་ཅི་ཡང་མེད་པས་ཁྱེད་ཅག་གིས་སེམས་ཚེགས་ཀྱང་བྱ་མི་དགོས། རླུང་སེམས་ཕྲ་མོ་ཞེས་ཚིག་ཙམ་གྱི་ལོགས་སུ་ཡིབ་པར་མི་བྱ་སྟེ།རླུང་དང་སེམས་ཅི་ཙམ་ཕྲ་རུང་གཟུགས་ཀྱི་ཕྲ་རགས་བོངས་ཚོད་དང་སེམས་ཀྱི་ཕྲ་རགས་རྣམ་པ་གསལ་མི་གསལ་ལས་འཇོག་དགོས་པ་ལས།ཆུང་མཐར་གཅིག་གཅིག་གི་ངོ་བོར་འགྱུར་དགོས་པའི་སྡོམ་ཚིག་སུས་ཀྱང་མི་འདོད། དེ་ཡང་ཕ་མའི་ཁུ་ཁྲག་ལ་རང་ཆས་སུ་ཡོད་པའི་འབྱུང་བ་ལྔའི་ཆ་ཤས་དང་བར་དོའ་ིརྣམ་ཤེས་བཅས། རྒྱུ་རྐྱེན་མཐའ་དག་གནས་གཅིག་ཏུ་ཚོགས་ཤིང་འདུས་པ་ལས་མངལ་དུ་བུ་ཆགས་པ་ཡིན་ཏེ།དགའ་བོ་མངལ་འཇུག་གི་མདོ་ལས། དགའ་བོ་འདི་ལྟ་སྟེ།དཔེར་ན་མེ་འདོད་པའི་སྐྱེས་བུས་མེ་ཤེལ་ཕྱུང་ནས་ཉི་མ་ལ་བཞག་སྟེ།བ་ལང་གི་ལྕི་བ་སྐམ་པོའ་ི སྟེང་དུ་བཞག་ན།གདོད་མེ་འབྱུང་བ་བཞིན་དུ་ཕ་མའི་ཁུ་ཁྲག་རྒྱུ་རྐྱེན་འདུས་པ་ལ་བརྟེན་པའི་ཕྱིར། གདོད་མ་ལ་མངོན་པར་གྲུབ་བོ༎ ཞེས་འབྱུང་བ་ལྟར་རོ༎ མངལ་དུ་ཞུགས་པ་དེ་ལའང་ལས་དང་བག་ཆགས།སྐྱེ་གནས་ཀྱི་ཁྱད་པར།རྒྱུ་རྐྱེན་རྟེན་འབྲེལ་གྱི་ཁྱད་པར་ལས།གཟུགས་རྣམ་པ་སྣ་ཚོགས་དག་ཀྱང་འབྱུང་བར་སྙིང་བོ་བསྡུས་པའི་རང་འགྲེལ་དུ་གསུངས། རྒྱུའི་ཡན་ལག་མ་ཚང་ན་ལུས་མི་ཆགས་ཏེ།དཔེར་ན།ཕ་མའི་ཁུ་ཁྲག་ལ་ནད་ཡོད་པའམ།བར་དོ་བ་ཕ་མ་དེ་གཉིས་ཀྱི་བུར་སྐྱེ་བའི་ལས་མ་འཛོམས་ན་རྣམ་ཤེས་མི་འཇུག་སྟེ།མདོ་ལས། འཇིག་རྟེན་འདི་དག་ནི་ལས་ཀྱིས་སྐྱེས་པ།ལས་ཀྱི་བགོ་སྐལ་ལ་སྤྱོད་པའོ༎ ཞེས་དང་།མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས༎ ཞེས་དང་།སྐྱེས་རབས་ལས་ཀྱང་། ལས་མེད་ན་ནི་སྐྱེ་བའི་མཚམས་མི་སྦྱོར།། ཞེས་གསུངས་ལ།དོན་དུའང་རྒྱུ་རྐྱེན་དེ་གཉིས་གཙོ་བོ་ཡིན་པ་རེད། ཚན་རིག་རྫས་སྦྱོར་བརྟག་ཐབས་ཀྱིས་འབྱུང་ལྔ་མ་འཛོམས་ན་མངལ་མི་ཆགས་པ་གསལ་བོར་ཤེས་ཀྱི་ཡོད་ཀྱང་།ལས་དབང་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་འདི་ལ་དུས་ཚོད་མ་རན་པ་ལྟ་བུ་ལས་གསལ་བོར་བཤད་ཐུབ་ཀྱི་མེད།བར་དོའ་ིརྣམ་ཤེས་ཟེར་བ་འཇུག་དགོས་པ་དེ་བས་ཀྱང་ངོས་འཛིན་བྱུང་མེད། མའི་མངལ་དུ་བྱིས་པ་ཆགས་ན།ཕ་མའི་ས་བོན་ཡོད་པ་ཙམ་གྱིས་མི་ཆོག ས་བོན་དེ་ནུས་ལྡན་དུ་བསྐྱེད་ཕྱིར་རླུང་སེམས་དབྱེར་མེད་པའི་རྣམ་ཤེས་དེ་ཞུགས་དགོས་པ་ཡིན།དེ་ལ་ཉིང་མཚམས་སྦྱར་བ་ཞེས་ཟེར་ཡང་།དོན་དུ་རྣམ་ཤེས་ཤིག་ཞུགས་པ་ལ་ཟེར་གྱིན་ཡོད།རྣམ་ཤེས་དེ་ལ་ཆོས་མངོན་པ་ལས་དྲི་ཟ་ཞེས་མིང་སྦྱར་ཡོད་ལ།ཕར་ཕྱིན་གྱི་གཞུང་དང་གསང་སྔགས་ཀྱི་རྒྱུད་ལས་བར་དོ་བའམ་བར་དོའ་ི རྣམ་ཤེས་ཟེར།གོ་དོན་ནི་སྐྱེ་བ་སྔ་ཕྱི་གང་དུ་འང་མི་གཏོགས་པར་བར་ན་འཁྱམས་པའི་རྣམ་ཤེས་ལ་གོ། རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་ཏུ་ཞུགས་ཚེ།ཁུ་ཁྲག་དེ་སེམས་ཅན་དུ་གྱུར་བ་ཡིན་ལ།མ་ཞུགས་ན་ཁུ་ཁྲག་ཁོ་རང་རྡུལ་རྫས་གཟུགས་ཅན་ཡིན་པ་མ་གཏོགས་སེམས་ཅན་དུ་འགྱུར་མི་སྲིད།འདིས་མིའི་ལུས་ཕུང་དང་རྣམ་ཤེས་གཉིས་རྫས་རྒྱུན་མི་གཅིག་པ་དང་འབྱུང་ཁུངས་མི་འདྲ་བ་གསལ་བར་ཤེས་ཐུབ།འདི་ནི་སྐྱེ་སྔ་ཕྱི་གཉིས་ཀྱི་མཚམས་སྦྱོར་ཚུལ་ཡིན།ད་དུང་སྤྲོས་ཏེ་བཤད་ན། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས༎མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར༎ནམ་མཁའ་མེད་པར་འཕེལ་བའི་གོ་མི་འགྱེད༎ ཞེས་ལུས་ཀྱི་སྲ་བ་སོགས་གཟུགས་ཀྱི་རང་བཞིན་ཕལ་ཆེར་ས་ལས་གྲུབ།གོར་གོར་མེར་མེར་སོགས་ཆུ་ཡིས་བསྡུས།སྨིན་པ་མེ་ཡིས་བྱེད།སྐྱེས་ཤིང་འཕེལ་བ་རླུང་གིས་བྱེད།འཕེལ་ཞིང་རྒྱས་པའི་གོ་སྐབས་ནམ་མཁས་འབྱེད།ཐུར་སེལ་གྱི་རླུང་གིས་སྐབས་འགའ་ཞིག་ཏུ་ཁུ་ཁྲག་དུམ་བུར་ཕྱེ་བ་ལ་རྒྱུ་མཚན་ཞིག་ཡོད་དེ།ལས་མཉམ་པའི་རྣམ་ཤེས་གཉིས་དང་གསུམ་སོགས་ལྷན་ཅིག་ཏུ་ཞུགས་པའི་སྟོབས་ཀྱིས་ཕྱེ་བ་ཡིན་མོད།རྣམ་ཤེས་གཅིག་ལ་གང་ཟག་རྒྱུད་ཐ་དད་པ་གཉིས་སུ་གྱུར་བ་མི་སྲིད་པས་མཚེ་མ་ཡིན་ཀྱང་རྣམ་ཤེས་ནི་ཐ་དད་ཁོ་ན་རང་ཡིན་པ་རེད། མངལ་དུ་ཆགས་པའི་ཁུ་ཁྲག་སེམས་གསུམ་དང་འབྱུང་བ་ལྔ་ཡི་འབྲས་བུ་ཇི་ལྟར་འབྱུང་ཚུལ་ནི།ས་ཡིས་ལུས་ཀྱི་ཤ་རུས་སོགས་སྲ་བའི་ཆ་ཤས་རྣམས་དང་།ཁྱད་པར་དུ་སྣ་དབང་བསྐྱེད།ཆུ་ཡིས་ཁྲག་ཆུ་སེར་དང་ཁྱད་པར་དུ་ལྕེའི་དབང་བོ་བཅས་བརླན་གཤེར་གྱི་ཆ་ཤས་རྣམས་བསྐྱེད།མེས་དྲོད་ཀྱི་ཆ་ཤས་ཀུན་དང།མདོག་དང་མདངས་ཀྱང་གསལ་བར་བྱེད།ཁྱད་པར་མིག་དབང་བསྐྱེད།རླུང་གིས་ཕྱི་ནང་དུ་རྒྱུ་བའི་དབུགས་དང་ལུས་དབང་བསྐྱེད།ནམ་མཁའི་ཡོན་ཏན་གྱིས་སྲོག་རླུང་རྒྱུ་བའི་བུ་ག་རྣམས་དང་རྣ་དབང་།ནང་གི་ཁོངས་སྟོང་བསྐྱེད།སེམས་ཀྱིས་ཡིད་ཀྱི་རྣམ་ཤེས་དང་དབང་པོ་སྒོ་ལྔའི་རྣམ་ཤེས་ཏེ་རྣམ་ཤེས་ཚོགས་དྲུག་བསྐྱེད་པ་བཅས་མིའི་ལུས་ཡོངས་སུ་གྲུབ་པ་ལ་བསམ་བློ་རེ་བཏང་ན་ཤེས་སླ་བ་ཞིག་རེད།དེ་དག་གི་བྱེད་ལས་རྣམས་ཀྱང་སྐྱེ་བ་སྔ་མ་རྣམས་སུ་ཡང་ཡང་འདྲིས་པའི་བག་ཆགས་ཀྱི་མཐུ་ལས་ཇེ་གསལ་དུ་སོང་བ་ཞིག་ཡོད་པའི་སྟོབས་ཀྱིས།སེམས་ཅན་དེ་དག་མངལ་ན་གནས་པའི་སྐབས་སུའང་ཚོར་བ་བདེ་སྡུག་སོགས་བླང་དོར་གྱི་གནས་ལ་འཇུག་པའི་སྣང་བ་སྣ་ཚོགས་འབྱུང་།འདི་ནི་དབུ་མ་སྣང་བ་ལས། བེའུ་ཡང་སྔོན་ཆད་གོམས་བྱས་པས།།བཙས་མ་ཐག་ནས་ནུ་འཚོལ་ཞིང་།།ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར།།དཔེར་ན་དབང་པོ་སྨིན་པ་བཞིན།། ཞེས་དང་མཚུངས་པ་ཡིནད། ེ་ནི་དེང་རབས་བྱིས་པ་མའི་མངལ་ན་གནས་དུས་སྒྲ་དབྱངས་སྙན་པོ་ཉན་པ་སོགས་བྱས་ཏེ།བྱིས་པའི་ཚོར་སྣང་འཕེལ་བ་ལྟ་བུ་མ་ཡིན་པར།སྐྱེ་བ་སྔོན་མའི་རྣམ་ཤེས་ལ་བགོས་པའི་གོམས་པའི་བག་ཆགས་ཞིག་མངོན་དུ་གྱུར་བ་དེ་ལ་ངོས་འཛིན་དགོས། གལ་ཏེ་ཁྱོད་ཀྱིས་འདི་ལ་རྩད་གཅོད་ཅིག་བྱེད་འདོད་ན།སྐྱེ་བ་སྔོན་མ་དྲན་པའི་མི་མང་བོ་ལ་འདྲི་རྩོད་གྱིས་དང་གཞུང་ལུགས་ལ་ཡིད་ཆེས་སྐྱེ་བའི་གྲོགས་སུ་འགྱུར་ངེས།

བཞི་བ། གནས་པ་རྩ་ཡི་གྲུབ་ཚུལ།

   སྤྱིར་སྟངས་མིའི་ལུས་ཀྱི་རྩ་ཆགས་ཚུལ་ལ་ང་ཚོས་ཞིབ་འཇུག་བྱས་ན།ཆུའམ་ཟླ་བའི་ཁམས་ཤས་ཆེ་བའི་རྩ་དང་པོ་དེ་ལ་གཞི་བརྟེན་ནས།ཀླད་པ་གཙོ་བོར་གྱུར་བའི་མགོ་བོའ་ིཆ་ཤས་རྣམས་གཙོ་བོར་གྲུབ།མེའམ་ཉི་མའི་ཁམས་གཙོ་བོར་རྒྱུ་བའི་རྩ་གཉིས་པ་དེ་ལ་བརྟེན་ནས་སྲོག་རྩ་ཆགས།ཟུང་འཇུག་རླུང་རྒྱུ་བའི་རྩ་གསུམ་པ་དེ་ཐུར་དུ་ཟུག་པ་ལ་བརྟེན་ནས་གསང་བ་ཆགས།ཟུང་འཇུག་རླུང་གི་རྒྱུར་གྱུར་བའི་འདོད་ཆགས་ནི་ཕོ་མོའ་ིགསང་བར་གནས།དེས་ན་འདོད་སྲེད་སྨད་ན་གྲུབ་པ་དང་ཞེ་སྡང་བར་གྱི་སྙིང་ཐད་དང་གཏི་མུག་མགོ་བོར་གནས་པའང་ཤེས་ཐུབ། འདི་ནི་བོད་ཀྱི་གསོ་རིག་ལས་བཤད་པ་ཡིན་ལ་ཚན་རིག་གིས་ཤེས་པ་ཀླད་ཆེན་ལ་གནས་པར་བཤད་པ་དང་ཤིན་ཏུ་མཐུན་པར་ཡོད།འོན་ཀྱང་ཡིད་ཤེས་གཅིག་དང་དབང་ཤེས་ལྔ་སྟེ་རྣམ་ཤེས་ཚོགས་དྲུག་ལས་དབང་ཤེས་ལྔ་ཡང་མཐར་གཏུགས་ན་ཡིད་ཤེས་ལ་བརྟེན་ནས་འབྱུང་བ་དང་།ཡིད་ཤེས་དེ་དང་།ཉོན་མོངས་དུག་གསུམ་གྱི་རྩ་བ་སྙིང་ག་ལ་བྱས་ཡོད་པས་རྣམ་ཤེས་གནས་པའི་རྟེན་གཞི་གཙོ་བོ་སྲོག་རྩ་ཡིན། འདིར་དབུ་རྐྱང་རོ་གསུམ་གྱི་རྩ་ཞེས་ཐ་སྙད་དངོས་སུ་མ་གསུང་ཡང་དོན་དུ། སྲོག་རྩ་དཀར་ནག་གི་འབྲེལ་བའི་གཞི་རོ་རྐྱང་གཉིས་དང་།འདིའི་སྐབས་ཀྱི་སྲོག་རྩ་ཞེས་པ་དོན་དུ་དབུ་མ་ཉིད་ཡིན་ཏེ།སྲོག་རླུང་ཨའི་རྣམ་པ་ཅན་གྱི་རྟེན་བྱེད་པ་གང་ཞིག་འཁོར་ལོ་བཞིའམ་དྲུག་གི་སྲོག་ཤིང་ཡིན་པའི་ཕྱིར་དང་། རྩ་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པའི་རྩ་ཡིན་པའི་ཕྱིར། སམ་བུ་ཊ་ལས།རྐང་བ་ནས་ནི་སྤྱི་མཐར་ཐུག།ཅེས་པ་དང་།རང་འགྲེལ་ལས། ལུས་གྲུབ་པའི་སྐབས་སུ་བཤད་པའི་སྲོག་རླུང་གི་རྟེན་དེ་ཉིད་རྩ་དབུ་མ་སྟེ།འཁོར་ལོ་དྲུག་པའི་བར་བར་དུ།རང་སོར་ཕྱེད་དང་བཅུ་གསུམ་རེ་ཡོད་པ་དེ།གསང་བ་ནས་སྤྱི་གཙུག་གི་བར་འབྲེལ་བ།ཡར་སྣ་ཧང་གི་རང་བཞིན་ཅན་དཀར་ཆ་ཕ་ལས་ཐོབ་པའི་ཐིག་ལེ་ཡུངས་དཀར་ཙམ་གྱིས་བཀག་ལ།ལྟེ་བའི་འོག་ན་མ་ལས་ཐོབ་པའི་ཐིག་ལེ་དམར་ཆ་ཁྲག་གི་རང་བཞིན་དེ་ཨ་ཐུང་དུ་བརྗོད་པ་ཡིན།འདིའི་བར་ནི་ད་ལྟ་གནས་པའི་དུས་ན།ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའ་ི རླུང་གིས་གང་ནས་གནས་པས་སྟོང་སེང་བ་སྟེ་ནམ་མཁའ་དང་འདྲ་བ་ཡོད་པས་ན།དུས་ཀྱི་འཁོར་ལོ་ལས་འདི་ལ་སྟེང་སྒྲ་གཅན་དང་འོག་དུས་མེ་ཞེས་མགོ་མཇུག་ཏུ་བཤད་པ་དང་།ལུས་ཀྱི་བར་གྱི་སྲོག་རླུང་དུ་གསུངས་ཏེ།དོན་ལ་རླུང་ཐམས་ཅད་ཀྱི་རྩ་བ་དེར་བརྟེན་པས་ལུས་ཅན་གནས་པར་བྱེད་པའོ༎ཞེས་དང་།དབུ་མའི་མིང་གི་རྣམས་གྲངས་ཀྱང་ཨ་བ་ངྷི་ཏི། སུ་སུ་མ།ཀུན་འདར་མ།ཕྲ་མོའ་ིགཟུགས།སྲོག་པ་རྩ།ནང་གི་ཤིང་གཅིག་མ།སྲོག་གི་སྐུད་པ།ལམ་པོ་ཆེ།རྩ་དབུ་མ།མར་སྣ་ལ་དུང་ཅན་མ་དང་།ཡར་སྣ་ལ་སྒྲ་གཅན་གྱི་རྩ་ཞེས་པ་ལ་སོགས་པ་རྣམ་གྲངས་མང་དུ་ཡོད་པའང་སྐབས་སུ་སྒྲ་བཤད་མི་འདྲ་བ་རེ་ཡོད་པ་ཤེས་ན།ད་གཟོད་གོ་བ་ཡག་པོ་ཞིག་སྟེར་ཐུབ། ནང་གི་སྒྲ་གཅན་ཞེས་པ།དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་སྲོག་ཆེན་པོའ་ིརླུང་གི་མིང་ཡིན་ལ།དེ་རྩ་དབུ་མའི་ནང་ན་གནས་པས་བརྟེན་པ་རླུང་གི་མིང་དེ་ཉིད།རྟེན་རྩ་ལ་ཡང་བཏགས་ཏེ་ལྟེ་བ་ཡན་གྱི་དབུ་མ་ལ་སྒྲ་གཅན་དང་།ལྟེ་འོག་ན་གཏུམ་མོའ་ི མེ་ཡོད་པས་ལྟེ་བ་མན་གྱི་དབུ་མ་ལ་དུས་མེ།ཞེས་དང་།དེ་བཞིན་དུ་ཆུའི་ཁམས་རྒྱུ་བ་ཟླ་བ་དང་མེའི་ཁམས་རྒྱུ་བ་ལ་ཉི་མ་ཞེས་དཔལ་དུས་ཀྱི་འཁོར་ལོའ ་ི རྒྱུད་ལས་གསུངས་ཡོད།དེ་ཡང་ཕྱི་ནང་གཞན་གསུམ་གྱི་དག་པ་དང་བསྟུན་ན།སྲོག་རླུང་རོ་མའི་ནང་དུ་ཚུད་ན་ཉི་མ་གཟའ་འཛིན་དང་།རྐྱང་བའི་ནང་དུ་ཚུད་ན་ཟླ་བ་གཟས་འཛིན་སོགས།ཇི་ལྟར་ཕྱི་རོལ་དེ་བཞིན་ནང་༎ཞེས་ཕྱི་ཉི་ཟླ་གཟའ་སྐར་གྱི་འཕྲོད་སྦྱོར་དང་ནང་རྩ་རླུང་ཐིག་ལེའི་རྒྱུ་ཚུལ་གཉིས་མཉམ་པོར་གནས་པ་ཞིབ་ཏུ་གསུངས་ཡོད། གཞན་ཡང་།ལུས་འདིར་རྟེན་པ་རྩ་ཆེན་གཙོ་བོ་བཞི་ཡོད་པ་ལས།དབང་པོ་ལྔ་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་འཆར་ཞིང་ཚོར་བར་བྱེད་པའི་རྩ།རླུང་ལྔའི་རྟེན་གཙོ་བོར་གྱུར་བ་ཀླད་པར་གནས།ཡིད་དབང་ལ་བརྟེན་པའི་རྣམ་ཤེས་ཚོགས་དྲུག་གསལ་བར་བྱེད་པའི་རྩ་གཙོ་བོ་སྙིང་གར་གནས།ལུས་ཀྱི་ཕུང་བོ་སྤྱི་དང་དེའི་རྩ་གཙོ་བོ་གསུམ་ཐོག་མ་ཉིད་དུ་ཆགས་པའི་གཞི་རྟེན་ལྟེ་བ་ལ་གནས།དེ་ལྟར་སྲིད་པའི་རྩ་བོ་ཆེ་དེ་དག་ལུས་ཀྱི་སྟོད་སྨད་བར་གསུམ་དུ་གནས་ཤིང་གྱེས་པས།ཕུང་བོ་འདི་སྡོམ་གྱི་དྲ་རྒྱ་འཐེན་པ་ལྟར་རྩ་ཡི་དྲ་བས་རྗེས་སུ་འཛིན་ཞིང་རིང་དུ་འཚོ་བར་བྱེད་པ་ཡིན།སྲིད་པའི་རྩ་བོ་ཆེ་བཞི་ལས།ཆགས་པའི་རྩ་ནི།མངལ་གནས་དེ་ཉིད་ཇི་སྲིད་མ་བཙས་བར་དུ་ལུས་གནས་ཤིང་འཕེལ་བའི་བྱ་བ་བྱེད་ཀྱི་ཡོད་མོད།བྱིངས་གསུམ་པོ་ནི་ཇི་སྲིད་ལུས་ཀྱི་ཕུང་བོ་འདི་ཉིད་མ་འཇིག་བར་དུ་ལུས་གནས་པའི་བྱ་བ་བྱེད་པ་ཡིནད། ེང་དུས་ཚན་རིག་པ་རྣམས་ཀྱིས་མི་བརྗེད་པ་དྲན་པར་བྱེད་པ་ནི་ཀླད་པའི་བྱེད་ལས་སུ་འདོད། བོད་ཀྱི་གསོ་བ་རིག་པ་ལས་དྲན་པར་བྱེད་པའི་བྱ་བ་ནི་སྙིང་དང་ཀླད་པ་གཉིས་ཀ་ལ་ཡོད་པར་བཤད། དེ་ལྟར་ཡིན་སྲིད་དེ།ཀླད་པ་ལ་སྐྱོན་ཤོར་ན།སྐྱོན་ཇི་ཙམ་ཆེ་བ་ལྟར་གྱི་དྲན་པ་དེ་ཙམ་མི་གསལ་བར་འགྱུར་ལ་།སྙིང་ནད་བྱུང་བའི་མི་ལ་དྲན་པ་མི་གསལ་བ་དང་།རིག་པ་འཐོར་བ།རྗེད་ངེས་ཆེ་བ་དངོས་སུ་མཐོང་བ་འདི་བཞིན་རེད།བརྗེད་བྱེད་སྙིང་ནད་དུ་ངོས་བཟུང་བའང་གནད་འདི་དག་ལ་ཐུག་ཡོད་བསམ། རྩའི་སྒྲ་དོན་ནི།ལུས་འདི་ཉིད་ཐོག་མར་གྲུབ་པ་དང་།རིམ་པས་འཕེལ་ཞིང་སྐྱེད་པ།དེ་ནས་ཡུན་རིང་དུ་གནས་ཤིང་འཚོ་བ་སོགས་སྲོག་གི་རྩ་བར་གྱུར་བའི་རྒྱུ་མཚན་གྱིས་རྩ་ཞེས་མིང་བཏགས་པ་དང་། ལུས་ནི།འབྱུང་བ་རྣམས་ཀྱི་ཆ་ཤས་མང་པོ་ལྷན་ཅིག་ཏུ་འདུས་ཤིང་བསགས་པའི་རང་བཞིན་ཡིན་པས་རྟེན་དུ་གྲུབ་བོ།། རྣམ་ཤེས་ནི།དེ་དག་ལ་བརྟེན་པ།རྩའི་ལམ་དུ་རྒྱུ་ཞིང་ལུས་འགུལ་སྤྱོད་བྱེད་པའི་བདག་པོའམ་ཤེས་པ་བོ་ཡིན། གཞན་ཡང་།ཀླད་རྩའི་རྒྱུ་ལམ་དང་ཀླད་པའི་གྲུབ་ཆ།ཀླད་རྩ་དང་དབང་བོ་སྒོ་ལྔའི་འབྲེལ་བའི་སྐོར་ལ་བཤད་པ་མང་ཙམ་དགོས་ཀྱང་སྐབས་དོན་ཉོག་པོར་དོགས་ནས་མ་བྲིས་སོ།། དེས་ན་རྣམ་ཤེས་དང་ལུས་ཕུང་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་ཙམ་ཡིན་པ་མ་གཏོགས།ཁོ་གཉིས་གྲུབ་རྫས་དང་ངོ་བོ་མི་གཅིག་པ་རེད།དེ་ཤེས་ན་ད་གཟོད།རྣམ་ཤེས་འཇིག་རྟེན་ནས་འཇིག་རྟེན་བརྒྱུད་དེ་འགྲོ་ཐུབ་པ་དང་།ལུས་ཕུང་རྣམ་ཤེས་དང་བྲལ་རྗེས་ཤུལ་དུ་ལུས་ཏེ་རུལ་བ་སོགས་མཐར་འབྱུང་བ་ལ་ཐིམ་ཏེ་འཇུག་རྫོགས་པའང་ཤེས་ཐུབ།ལྷག་པར་སྐྱེ་བ་སྔ་ཕྱི་ངོས་འཛིན་པ་ནི།རང་གི་མི་ཚེའི་མགོ་མཇུག་ཡོངས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ།རང་གི་འཚོ་བ་བདེ་སྐྱིད་གཉིས་འཛོམས་བྱ་རྒྱུ་དང་།ལས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་པ།ཐམས་ཅད་ལ་ཕ་མ་དང་གཉེན་ཉེ་ལྟ་བུའི་འདུ་ཤེས་བཞག་སྟེ་འཇིག་རྟེན་གྱི་འཚོ་བ་དང་ཁོར་ཡུག་འདི། ཆགས་སྡང་བྲལ་བའི་ཞི་བདེའི་ཞིང་ཁམས་ངོ་མ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན།

ལྔ་བ། རྣམ་ཤེས་ཀྱི་ངོས་འཛིན།

   སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་གནད་དོན་འདི་ཐག་གཅོད་དགོས་ན།ངེས་པར་ཐོག་མར་རྣམ་ཤེས་ཟེར་བ་འདིའི་ངོ་བོ་ག་འདྲ་ཡིན་པ་དང་འདི་ཇི་ལྟར་གྲུབ་པ།རྒྱུན་ཆད་པ་ཡོད་མེད་ལ་ཞིབ་ཏུ་བརྟགས་ནས་ལན་འདེབས་དགོས་པ་ཞིག་ཡིན་པས།ཤེས་རིག་གི་ནུས་པ་དམན་པ་དང་།ནང་སེམས་ཀྱི་ཚན་རིག་ལ་སྦྱངས་པ་མ་སོང་བའི་རིགས་དག་གི་སྤྱོད་ཡུལ་ལས་འདས་པ་ཞིག་རེད། ང་ཚོས་ནམ་རྒྱུན་བཤད་བཞིན་པའི་ཚེ་སྲོག་དང་རྣམ་ཤེས་ནི།སྲོག་ལྡན་གྱི་གང་ཟག་ལ་ཁྱབ་ཡོད་པ་མ་གཏོགས་སྲོག་དང་མི་ལྡན་པའི་དངོས་པོ་དག་ལ་རྣམ་ཤེས་དང་ཚོར་སྣང་མེད་པ་ཡིན།ཚེ་སྲོག་ནི།དྲོད་དང་ཤེས་པའི་རྟེན་བྱེད་པ་ལ་གོ་བས་ས་ཆུ་མེ་རླུང་དང་།རྩི་ཤིང་ནགས་ཚལ་སོགས་རྣམ་ཤེས་དང་མི་ལྡན་པ་ལ་མེད་པ་འདི་ནང་བསྟན་གཞུང་ལུགས་ཀྱི་ངོས་འཛིན་ཡིན།ཡང་ན།ཚེ་ནི་འཚོ་ཡུན་རིང་ཐུང་ངམ་དུས་ཀྱི་བྱེ་བྲག་དང་།སྲོག་ནི་རླུང་གི་རྒྱུ་བ་ལ་བྱས་ཀྱང་རུང་སྟེ།མིའི་ཚེ་རིང་ཐུང་དང་དབུགས་ཆད་པ་ལ་འཇིག་རྟེན་འདིར་གྲགས་ཆེ།འོན་ཀྱང་དེང་རབས་སྲོག་ཆགས་སྡེ་ཚན་གྱི་རིག་པ་ལས།སྲོག་ཅེས་པའི་གོ་དོན་ཆེས་ཁྱབ་ཆེ་བ་སྟེ།ཐ་ན་སྲོག་ཆགས་ཀྱི་ལུས་ཀྱི་ཆ་ཕྲ་ཤས་ལའང་གནས་པར་བཤད། གཞན་ཡང་།བོད་ཀྱི་གསང་སྔགས་གཞུང་ལས།སྲོག་ཅེས་པ་རྣམ་ཤེས་དང་ལྷན་དུ་རྒྱུ་བའི་རླུང་ཤིན་ཏུ་ཕྲ་མོ་ལ་ངོས་བཟུང་ནས་རྣམ་ཤེས་རྒྱུ་བའི་གྲོགས་བྱེད་པར་གསུངས།དེས་ན་སྲོག་དང་རྣམ་ཤེས་གཉིས་རྟེན་བརྟེན་པའི་འབྲེལ་བ་ཡོད་པ་དང་མི་བསད་དེ་དབུགས་ཆད་པ་ལ་སྲོག་ཆད་པ་ཟེར་ཡང་རྣམ་ཤེས་ཀྱི་རྒྱུན་ཆད་པར་བཤད་མི་ཐུབ། དེས་ན་རྣམ་ཤེས་ཇི་ལྟར་ངོས་འཛིན་ཞེ་ན།གཙོ་བོ་རིགས་གཉིས་ཏེ།གློག་རྡུལ་གྱི་རྫས་འཕྲད་པ་ལས་འོད་ལམ་མེར་འགྲོ་བ་བཞིན།མིག་དང་རྣ་བ།སྣ།ལྕེ།ལུས་ཀྱི་དབང་པོས་རང་གི་ཡུལ་དུ་གྱུར་བའི་གཟུགས།སྒྲ།དྲི།རོ་།རེག་བྱ་ལྔ་དང་འཕྲད་པའི་ཚེ།ཡུལ་དེའི་ངོ་བོར་སྐྱེས་པའི་ཤེས་པ་ནི་རྣམ་ཤེས་རགས་པ་དང་།ཆོས་ཀྱི་སྐྱེ་མཆེད་ཡུལ་དུ་བྱས་ནས་འདུ་ཤེས་དང་བསམ་བློ་འབྱུང་ཡུལ་གྱི་ཤེས་པ་དེ་ཡིད་ཤེས་ཕྲ་མོ་ཡིན། སྒོ་ལྔའི་རྣམ་ཤེས་རགས་པ་ཡིན་ལ་རྒྱུན་ཆད་པའི་གནས་སྐབས་ཀྱང་ཡོད་པས།སྐྱེ་བ་སྔ་ཕྱི་བརྒྱུད་པའི་རྣམ་ཤེས་འཁོར་བ་འཁོར་མཁན་དེ་མིན།རྣལ་འབྱོར་བས་སེམས་རྩེ་གཅིག་པར་སྒོམ་རྒྱག་པ་དང་ཡང་ན་བརྒྱལ་བ།ཐ་ན་གཉིད་འཐུག་པོ་ལོག་པའི་སྐབས་སུའང་དབང་བོ་སྒོ་ལྔའི་རྣམ་ཤེས་རྒྱུན་ཆད་པའམ་འགག་འགྲོ་བ་ཡིན།དེ་བས་སྒོ་ལྔའི་རྣམ་ཤེས་ཁོ་ནི་སྐྱེ་བ་སྔ་ཕྱི་བརྒྱུད་མི་ཐུབ་པའི་རྣམ་ཤེས་ཡིན། དེས་ན་ལུས་དང་དབང་བོས་རང་འབྲས་ཡིད་བློ་སྐྱེ་བའི་རྐྱེན་ཙམ་བྱེད་པ་ལས་ཡིད་བློའ ་ི ངོ་བོ་ལ་འགྱུར་བ་སྐྱེད་བྱེད་ཀྱི་རྒྱུ་ཁྱད་པར་བ་མི་བྱེད་ལ།ཡིད་བློ་རྟོག་པས་ནི་ལུས་ལ་འགྱུར་བ་སྐྱེད་བྱེད་ཀྱི་རྒྱུ་ཁྱད་པར་བ་བྱེད་དེ།ཚད་མ་རྣམ་འགྲེལ་ལས།དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན།།འདི་འགྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་དག་ཏུ་མཐོང་བ་ཡིན།།ཞེས་སོགས་གསུངས།སྐྱེ་བ་སྔ་ཕྱི་བརྒྱུད་དེ་འགྲོ་མཁན་ནི་ཡིད་ཤེས་ཕྲ་མོ་རླུང་སེམས་གང་ཡིན་དབྱེ་དཀའ་བ་དེ་རེད།དེ་ནི་གསང་འདུས་རྒྱུད་ལས་གསུངས་པ་བཞིན།དངོས་པོའ་ི རྣམ་པ་ཆེས་ཕྲ་ཤོས་རླུང་དང་སེམས་གཉིས་གཅིག་ཏུ་འདྲེས་པ་ལྟ་བུ་དེ་ཡིན།འོན་ཀྱང་ཁོ་གཉིས་རྣམ་པ་སོ་སོར་ཡོད་དེ།རླུང་ནི་རྒྱུ་ཞིང་གཡོ་བ་དང་དེ་ལ་འདྲེས་པའི་རྣམ་ཤེས་ནི་སོ་སོར་རྟོག་པ་དང་ཤེས་རབ་ཀྱི་ངོ་བོ་གསལ་ཆ་འཛོམས་པ་ཞིག་རེད།ཞིབ་ཏུ་བཤད་ན།རྣམ་ཤེས་རླུང་དེ་ལ་གནས་པའམ་བརྟེན་པའི་འབྲེལ་བ་ཙམ་ལས་རྣམ་ཤེས་རླུང་གི་ངོ་བོར་གྱུར་པ་ཞིག་མི་སྲིད་ལ་རླུང་རྣམ་ཤེས་སུ་གྱུར་པའང་མི་སྲིད་པ་རེད།དེས་ན་རླུང་སེམས་དབྱེར་མེད་དུ་འདྲེས་ཞེས་པའི་ལ་དོན་དེ་བདུན་པ་གནས་གཞི་ཡིན་པ་ལས་དེ་ཉིད་མིན། མ་བརྟག་མིག་གིས་གཟུགས་མི་མཐོང་། ། བརྟགས་ན་ཆོས་ཉིད་ཀློང་ཡང་རིག ། བློ་གྲོས་ཆེན་པོའ་ིའཇུག་པ་ནི། ། གསལ་བྱེད་ཉི་མ་འབུམ་ལས་ལྷག ། ཞེས་ཀྱང་སྨྲོས་སོ། ། ངེད་ཆུང་དུས་ནས་ཆོས་ལུགས་ཀྱི་སློབ་གསོ་དང་བོད་མི་རིགས་ཀྱི་བསམ་བློའ་ི སྤྱོད་སྟངས་ལ་གོམས་པ་ཧ་ཅང་ཤས་ཆེ་ཡང་དེའི་ཕྱོགས་ཞེན་བཟུང་བ་མེད།ངས་ནམ་རྒྱུན་རྣམ་ཤེས་ཀྱི་འབྱུང་ཁུངས་འཚོལ་སྐབས།རང་གི་སྐྱེ་བ་སྔ་མ་ཞིག་ཡོད་པ་ཡིད་ལ་ཝལ་ལེར་དྲན་ནས་འོངས་ལ།ལན་རེར་སྐྲག་སྣང་དང་ལན་རེར་རྣམ་པ་མི་གསལ་བའི་སྣང་བའང་འབྱུང་བཞིན་ཡོད། སྤྱིར་ན་ངའི་བསམ་པར།མིའི་སྐྱེ་འཆི་ནི་ཧ་ཅང་སླ་མོ་ཞིག་རེད་བསམ།དེ་ནི་རླུང་གི་རྒྱུ་བ་ཕྲ་མོ་ཙམ་རེད།རྣམ་ཤེས་རླུང་གི་རྒྱུ་བ་ཕྲ་མོ་དེ་དང་འགྲོགས་ནས་ཕ་མའི་ས་བོན་དུ་ཞུགས་པ་ནས་མངལ་དུ་ཞུགས་པའི་སེམས་ཅན་དུ་གྱུར་བ་ཡིན།དེ་ནི་སྐྱེས་བ་ཡིན་ལ་རླུང་ནང་དུ་སོང་བའི་ཆ་ལས་གྲུབ།མི་སུ་ཡིན་ཡང་ཤི་དུས་དབུགས་ནང་དུ་ལེན་པའི་ནུས་པ་མེད་པ་ལྟར་དབུགས་རྔུབ་མི་ཐུབ་པ་དང་ནང་ན་ཡོད་པའི་དབུགས་ཐམས་ཅད་བསྟུད་མར་ཕྱིར་འཕོས།ཐ་མར་རླུང་ཕྲ་མོ་ཞིག་དང་འགྲོགས་ནས་རྣམ་ཤེས་བུད་འགྲོ་བ་དངོས་གནས་རེད།དེ་ནི་ཤི་བ་ཡིན་ལ་རླུང་ཕྱིར་འཕོས་པའི་ཆ་ལས་གྲུབ།ངས་ཀྱང་དེ་ལྟར་མི་ཤི་བ་མང་དུ་མཐོང་མྱོང་ཞིང་།བསམ་ཚུལ་ལ་མི་ལ་ཤི་བ་ཐོན་དུས་ཆེས་སླ་མོ་ཞིག་རེད་འདོད་ཡོད། ཨ་རིའི་སྨན་པ་གྲགས་ཅན་ཞིག་གིས། མི་ཞིག་ཤི་དུས་འོད་ཀྱི་རྒྱ་མར་བཞག་ནས་ཚད་འཇལ་ཏེ། རྣམ་ཤེས་ལ་ལྕི་ཚད་ཡོད་པར་ཁས་བླངས་ཏེ་ཁྱབ་བསྒྲགས་བྱས།འོན་ཀྱང་ཁོས་ཚད་འཇལ་བའི་ལྕི་ཚད་དེ་རྣམ་ཤེས་དང་འགྲོགས་པའི་རླུང་ཕྲ་མོ་དེའི་ལྕི་ཚད་རེད་མ་གཏོགས་རྣམ་ཤེས་ཀྱི་ལྕི་ཚད་མིན།རྣམ་ཤེས་ནི་གསལ་རིག་གི་ངོ་བོ་ཡིན་པས་ཐོགས་རེག་མེད་པ།རྡུལ་རྫས་དང་བྲལ་བ།གཟུགས་ཅན་མིན་པ།ལྕི་ཡང་གི་ཚད་མེད་པ།ད་ལྟའི་ཚན་རིག་ཚོད་ལྟའི་ཁྱབ་ཁོངས་ལས་འདས་པ་ཞིག་རེད།ཞིབ་ཏུ་ཤེས་འདོད་ན།༼རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།༽ཞེས་པ་ལ་ཡང་ནས་ཡང་དུ་ལྟ་རོགས་ཞུ། ཞེས་སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོར་བོད་གསང་སྔགས་རིག་གནས་བྱང་ཆུབ་གླིང་ནས་བྲིས་པ་དགེའོ། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96yc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523559
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།