ཚེ་སྲོག་གི་འགྱུར་བ། སྟོད་ཆ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་ཆོས་དང་ཚན་རིག » ཚེ་སྲོག་གི་འགྱུར་བ། སྟོད་ཆ།
ཚེ་སྲོག་གི་འགྱུར་བ། སྟོད་ཆ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-08-09ལྟ་ཀློག (4425)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ཚེ་སྲོག་གི་འགྱུར་བ། 

   སྐུ་ཕྱོགས་ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོས་བརྩམས། 

 དངོས་གྲུབ་ཚད་མའི་གཞུང་ལ་ཞེན་ཆེ་བས༎
 དངོས་སྨྲ་ལྟ་བའི་རང་ལུགས་གཙོར་བཟུང་ཡང་༎
 དངོས་པོ་གང་དུ་མ་གྲུབ་དཔྱད་པའི་མཐར༎

 དངོས་མེད་དབུ་མའི་ལྟ་བ་སླར་ཡང་རྙེད༎

དང་པོ། སྐྱེ་བ་སྔ་ཕྱི། 

   འཛམ་གླིང་འདིར་འགྲོ་བ་མིའི་རིགས་ཟེར་བ་འདི་བྱུང་བ་ནས་ད་ལྟའི་བར་དུ་སྤྱི་ཚོགས་ཀྱི་བརྒྱུད་རིམ་སྣ་ཚོགས་དང་འཕེལ་རྒྱས་ཁྲོད།  བདེ་སྒྲུབ་སྡུག་སེལ་གྱི་ཐབས་ལམ་ལ་འབད་དེ་འོད་སྟོང་འབར་བའི་ཤེས་རིག་གི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་ཡོད་པ་ནི་སྨོས་མ་དགོས་མོད། འོན་ཀྱང་། མི་སྐྱེ་འཆི་ཟེར་བའི་གཟུགས་མེད་ཀྱི་ལྕག་སྒྲོག་དམ་པོ་འདི་ལས་ཐར་བའི་ཐབས་ལམ་ཞིག་མེད། ཚེ་ཐག་ཇི་ཙམ་རིང་ཡང་ལོ་བརྒྱ་ལྷག་ཡང་ན་ལོ་ཉིས་བརྒྱ་ལོན་ཟེར་བ་ཕལ་ཆེར་མེད་པ་འདྲ། རྒྱ་གར་བྱང་ཕྱོགས་ཀྱི་ཞིས་མ་ཞེར་པང་པོའུ་ལེངས་སྡེ་བའི་རྒན་མོ་ཞིག་ལོ་བརྒྱ་དང་སུམ་ཅུར་འཚོ་གནས་བྱུང་བ་ཧ་ལམ་འཛམ་གླིང་གི་ཚེ་ལོ་ཆེས་རིང་བ་ཡིན་པ་འདྲ།ནང་བསྟན་ལོ་རྒྱུས་ལས་འཕགས་པ་ཀླུ་སྒྲུབ་ལོ་དྲུག་བརྒྱར་བཞུགས་ཟེར་བ་མཐོང་མྱོང་།གང་ལྟར་བོད་མིའི་ཁ་དཔེར།སྐྱེ་བའི་ཐ་མ་འཆི་བ་དང་།དར་བའི་ཐ་མ་ རྒུད་པ།ཞེས་བསྡོམས་ཚིག་བཀོད་ཡོད་པ་ལྟར།མི་སུ་ཡང་ངེས་པར་དུ་འཆི་དགོས་པ་ཞིག་ཡོད།རིག་པའི་གཞུང་ལུགས་མི་འདྲ་བ་དང་སྐྱེ་འཆི་ངོས་འཛིན་མི་འདྲ་བའི་དབང་གིས་མི་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་དང་།ཡང་ན།མི་ཤི་ཚེ་སྤྲིན་ནམ་མཁའ་ལ་ ཐིམ་པ་ལྟར་འབྱུང་བ་ལ་ཐིམ་སོང་བའམ།མར་མེ་གཟིམ་པ་ལྟར་ནག་འཐིབ་སེར་མེད་ སོང་བ།སྐྱེ་བ་བརྗེས་ཏེ་འཇིག་རྟེན་གཞན་ཞིག་ཏུ་སོང་བ་གང་ཡིན་སོགས་ནི། དཔྱད་ གཞིའམ་དྲི་ཚིག་ཤིན་ཏུ་ཟབ་མོ་ཞིག་རེད། དངོས་གཙོ་རྩོད་སྒྲུབ་སྨྲ་བས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་ནི།དབྱིན་ཇིའི་འགྱུར་ མེད་དངོས་གཙོ་སྨྲ་བའི་ཞིབ་འཇུག་པ་ཧོ་པོ་ཧྲི་༼༡༥༨༨ནས༡༦༧༩༽དང་རྩོད་ སྒྲུབ་དངོས་གཙོ་སྨྲ་བ་མར་ཁེ་སི་དང་ལེ་ཉིན་སོགས་ཀྱིས་ཡིད་དམ་རྣམ་ཤེས་ནི་ཀླད་ཆེན་འགུལ་སྤྱོད་ལས་བྱུང་བའི་འགྱུར་བ་ཙམ་ཞིག་ཡིན་པ་ལས་ལོགས་སུ་ མེད།ཅེས་བཤད་པ་འདིས་མི་སོགས་ཀྱི་སྐྱེ་བ་སྔ་ཕྱི་དང་རྣམ་ཤེས་ཟུར་དུ་ཡོད་པ་ ལ་དཔྱད་པ་དང་ཞིབ་འཇུག་བྱེད་པའི་སྒོ་བརྒྱབ་ཟིན་པ་རེད།དེ་བཞིན་རྗེས་འཇུག་ པ་ཚན་རིག་པའམ་གསོ་རིག་པ་མང་པོ་ཡང་ཁོ་ཚོའི་ལྟ་བའི་ཞེན་ཕྱོགས་ལ་དཔྱད་པ་ཤས་ཆེ་བ་དང་།ཁོ་ཚོས་ནམ་ཡིན་ཡང་དངོས་པོ་གཟུགས་དཔྱད་རིག་པ་ལས་ བརྒལ་བའི་གནས་ཚུལ་ལ་ཡོད་མེད་ཀྱི་སྒྲོ་འདོགས་གཅོད་མི་ཐུབ།དེར་མ་ཟད་ཆོས་ལུགས་དང་འབྲེལ་བའི་རིག་གཞུང་ལ་སེམས་གཙོ་སྨྲ་བ་ཞེས་ཕྱོགས་ལྷུང་ལྡན་པའི་ལྟ་ཚུལ་བཟུང་སྟེ་ཞིབ་འཇུག་དབྱེ་ཞིབ་མ་བྱས་པའི་རྐྱེན་ཀྱིས་ཀྱང་རེད། འོན་ཀྱང་།དུས་རབས་ཉི་ཤུའི་མགོར་དངོས་གཙོ་སྨྲ་བ་རྣམས་ཀྱིས་རྣམ་ཤེས་ནི་ ཀླད་ཆེན་དང་ཕུང་བོ་ལས་ལོགས་སུ་ཡོད་པར་བཤད་པ་ཙམ་ཡོད་ཀྱང་། སྐྱེ་བ་སྔ་ཕྱི་བརྒྱུད་དེ་འགྲོ་དགོས་པའི་སྡོམ་ཚིག་ད་སྔ་བཞག་ཡོད་པ་ཐོས་མ་སོང་།ཕལ་ཆེར་མེད་པ་འདྲ།ཡིན་ཡང་ནམ་ཞིག་ཚན་རིག་གིས་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་པར་ང་ལ་ཡིད་ཆེས་ཟབ་མོ་ཡོད།གང་ཡིན་ཟེར་ན།དེས་ད་ལྟ་གཏན་ཚིག་རིགས་པ་དང་རྗེས་དཔག་ཚད་མ་ཁས་ལེན་བྱེད་ཀྱིན་ཡོད།དེ་ལ་བརྟེན་ནས་ཚོད་དཔག་བྱེད་ཐུབ་ལ།ངེས་དོན་དུའང་སྐྱེ་བ་སྔ་ཕྱི་ཟེར་བ་ཤེས་མི་ཐུབ་པའམ་ཧ་ཅང་ངོས་འཛིན་དཀའ་བ་དེ་ལྟ་བུ་ཞིག་མིན།ནམ་རྒྱུན་ང་ཚོའི་འཚོ་བ་དང་འབྲེལ་ནས་ཡོད་པའི་དུས་ཚོད་ཀྱི་གོ་ རིམ་ཞིག་དང་རྒྱུ་འབྲས་ཀྱི་སྔ་ཕྱི་ཞིག་རེད། དེ་ཡང་ནང་བསྟན་གཞུང་ལུགས་ལས་ལྷ་དང་།དམྱལ་བ།བར་དོ་རྣམས་རྫུས་སྐྱེས་ དང་།མི་དང་དུད་འགྲོའ ་ི རིགས་ལ་མངལ་སྐྱེས།སྒོང་སྐྱེས།རྫས་སྐྱེས།དྲོད་གཤེར་ལས་སྐྱེས་པ་བཞི་བོ་ཡོད་པར་བཤད།མི་གང་ཞིག་ཡིན་རུང་རང་ཉིད་སྐྱེ་སའི་ཁོར་ཡུག་དང་རིགས་རུས་ཆོ་འབྲང་ནི་ལས་དབང་གི་བཀོད་སྒྲིག་བཞིན་ཡོང་བ་མ་གཏོགས། གདམ་གསེས་ཀྱི་དབང་ཆ་མེད་མོད།འོན་ཀྱང་།བྱ་བ་གང་ལའང་རྒྱུ་རྐྱེན་དང་གོ་རིམ་ཞིག་ཡོད་པ་བཞིན་ལས་དབང་ཟེར་བ་འདི་ལའང་རྒྱུ་དང་རྐྱེན་དུ་མ་འཛོམ་དགོས་པ་ནི་སྨོས་མ་དགོས།ང་ཚོའི་ཤ་རུས་གདོས་བཅོས་ཀྱི་ལུས་ཕུང་འདི་གྲུབ་པའང་གཙོ་བོར་གནས་པ་རྩ་དང་།གཡོ་བ་རླུང་།བཀོད་པ་ཐིག་ལེ་བཅས་གསུམ་ གྱིས་གྲུབ་ཚུལ་ཤེས་པ་ཧ་ཅང་གལ་ཆེ། འབྱུང་བཞིས་བསྡུས་པའི་ལུས་ཕུང་དེ་རགས་པ་དང་། རྨི་ལམ་ལྟ་བུའི་བར་སྲིད་ཀྱི་ ལུས་དེ་རྣམས་ཕྲ་བ།རླུང་སེམས་དབྱེར་མེད་ཀྱི་ལུས་དེ་ཤིན་ཏུ་ཕྲ་བར་འཇོག་ཚུལ་སོགས་ཞིབ་ཏུ་ཤེས་འདོད་ན།ངེས་པར་བོད་བརྒྱུད་གསང་སྔགས་བླ་ན་མེད་པའི་ གཞུང་གི་འོད་གསལ་དང་སྒྱུ་ལུས་ལ་བསླབ་དགོས་སོ། ། རྒྱུན་ལྡན་གྱི་འཚོ་བའི་ནང་ང་ཚོས་རང་གི་འབད་བརྩོན་ལ་བརྟེན་ནས་ཁང་བ་ལས་ པ་བཞིན་རྒྱུ་ཆ་གང་ཞིག་བཀོལ་ཏེ་འཆར་གཞི་གང་ཞིག་འཐེན་ན།ད་གཟོད་ཁང་བ་པོ་སེམས་གང་ཞིག་གིས་བྱ་བ་ལས་ཇི་འདྲ་ཞིག་བྱས་ན་རྣམ་སྨིན་འབྲས་བུ་དེ་འདྲ་ཞིག་གྲུབ་པ་ནི་ཉམས་མྱོང་ཞིབ་འཇུག་དང་གཏན་ཚིགས་རིགས་པ་ལས་ང་ཚོས་ དཔག་ཐུབ་པར་མ་ཟད།མང་ཆེ་བ་མངོན་སུམ་དུའང་མཐོང་ཐུབ།དེ་ལ་རྒྱུ་འབྲས་ལས་གསུམ་ཟེར། ལྷག་པར་ནང་བསྟན་གཞུང་ལུགས་ལས།སེམས་ཀྱིས་ལས་བསགས།ལས་ཀྱི་ དབང་གིས་འཇིག་རྟེན་གྲུབ་པར་འདོད་པའི་འཇིག་རྟེན་ལ།ཆེ་བ་རང་བྱུང་ཁམས་ཀྱིས་ བསྡུས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ཆུང་བ་འབུ་སྲིན་གྱི་ལུས་ཕུང་ལྟ་བུའི་འཇིག་ རྟེན།གཞན་ཡང་།རྩོལ་བ་ལས་གྲུབ་པའི་འཇིག་རྟེན་ཞིག་ཀྱང་ཡོད་པར་ཁོ་བོས༼ང་ ཚོ་འཚོ་གཞིས་ཀྱི་གོ་ལ་ཟླུམ་པོ༽ཟེར་བ་དེ་ལས་ཅུང་ཙམ་བྲིས་ཡོད་པ་དེར་བལྟ་བར་བྱའོ།། ལས་ནི་སེམས་ཀྱི་ཀུན་སློང་དང་འབྲེལ་ནས་བསགས་པའི་རྒྱུ་སྟེ།རྒྱུ་དེའི་དབང་ གིས་འབྲས་བུ་སྣ་ཚོགས་གྲུབ་ཚུལ་ལ་ལས་དབང་གིས་འཇིག་རྟེན་སྣ་ཚོགས་གྲུབ་ཅེས་བཤད་ཡོད།དཔེར་ན།བསམ་པའི་ལས་དང་སེམས་པའི་ལས་ལྟ་བུ་ཡིན། འདི་ནི་ཕྲ་རྡུལ་བསགས་སྟེ་གཟུགས་ཅན་གྲུབ་པ་དང་མི་འདྲ་སྟེ། རྩོམ་གཞིའི་རྡུལ་ཕྲ་ནི་གཟུགས་ཅན་རགས་པ་དེའི་ངོ་བོར་གྱུར་བ་ཡིན་ལ་ལས་དང་སེམས་ནི་བདག་པོ་དང་ཡུལ་གྱི་འབྲེལ་བ་ཡིན། དེ་ནི་ནང་བསྟན་གཞུང་ལུགས་ལས་གསུང་པའི་ལས་འབྲས་ཀྱི་རྣམ་གཞག་བསླུ་བ་མེད་པ་སྟེ།འདོད་ཆགས་ཞེ་སྡང་གཏི་མུག་གསུམ༎ དེས་བསྐྱེད་ལས་ནི་མི་དགེ་བ༎ཞེས་པ་ལྟ་བུ་རྒྱུ་དགེ་བ་སྒྲུབ་པ་ལས་འབྲས་བུ་བདེ་བ་འབྱུང་ལ།རྒྱུ་མི་དགེ་བ་སྒྲུབ་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་གསུངས་པ་དེ་རེད། རྒྱུ་འབྲས་ཀྱི་གོ་རིམ་མམ་ལས་དབང་གི་ངོ་བོ་འདི།འབྲས་བུ་རྣམ་སྨིན་གྱི་མགོ་བརྩམས་པ་ནས་སུས་ཀྱང་བཟློག་མི་ནུས་པར་འབྲས་བུ་མྱོང་དགོས་པར་གསུང་ཡོད་པ་ནི་ནང་པ་སངས་རྒྱས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྩམས་གཞིའི་རྨང་རྡོ་ལྟ་བུ།ལས་མ་བྱས་པ་དང་མི་འཕྲད།བྱས་པ་ཆུད་མི་ཟ།ཟེར་བ་དེ་རེད།ལས་ འདི་ངེས་ཅན་དུ་ཀུན་སློང་དང་འབྲེལ་བ་དགོས་ཤིང་དེ་ལ་ལུས་ངག་ཡིད་གསུམ་གྱི་ལས་དང་བསམ་པའི་ལས།ད་རུང་སེམས་པའི་ལས་ཞེས་སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ལས་ཞིབ་ཕྲའི་དབྱེ་འབྱེད་མང་པོ་བྱས་ཡོད་ཀྱང་། མཐར་གཏུགས་ན་སེམས་ཀྱི་ཀུན་སློང་གཡོས་པས་ལས་བསགས།དེ་ལས་ཁམས་དང་མོས་པ་སྣ་ཚོགས་ཀྱི་བཀོད་པ་བཞིན་འབྲས་བུ་རྫོགས་མཐའ་མེད་པ་ཞིག་གྲུབ་ཡོང་། ནང་བ་སངས་རྒྱས་པས་འཇིག་རྟེན་སྣོད་བཅུད་ཀྱིས་བསྡུས་པའི་ཡོད་དོ་ཅོག་རྒྱུ་རྐྱེན་གྱིས་གྲུབ་པར་འདོད་པས།ལྷ་མེད་སྨྲ་བ་ཡིན་ལ།ལྷ་དབང་ཕྱུག་སོགས་ཀྱིས་བསྐྱེད་པར་འདོད་པ་ནི།ལྷ་ཡོད་སྨྲ་བ་ཡིན། དེ་གཉིས་གང་ཡང་མི་འདོད་པར་ཡོད་ ཚད་རང་གི་ཡིན་པར་རློམ་པ་དང་།རང་གི་ཡིན་དགོས་པར་འདོད་པའི་རིགས་དག་ནི་འདྲ་མཉམ་དང་གཞན་སེམས་མེད་པའི་ཐ་ཆད་སྨྲ་བ་ཡིན། གལ་ཏེ་དངོས་གཙོ་སྨྲ་བ་ལྟར་སྐྱེ་བ་སྔ་ཕྱི་མེད་པའི་བསམ་བློའ་ིདབང་དུ་བཏང་ན།ཡང་དག་པའི་རྒྱུ་མང་པོ་ཞིག་གོ་རིམ་འཁྲུགས་པའམ་དེའི་འབྲས་བུ་ཆུད་ཟོས་གཏན་མེད་དུ་བུད་འགྲོ་བས་རྒྱུ་འབྲས་ཀྱི་རྣམ་གཞག་འཇིག་འགྲོ་བ་ཡིན།དཔེར་ན།ང་ཚོས་མི་ཚེ་འདིར་བྱ་བ་བཟང་པོ་བསྒྲུབས་ཀྱང་།ངན་པ་བསྒྲུབས་ཀྱང་།རང་ཤི་དུས་ཐམས་ཅད་མཇུག་རྫོགས་པ་ཡིན་ན།རང་གིས་བྱས་པའི་བྱ་བ་དེ་དག་གི་འབྲས་བུ་ཆུད་ཟོས་སམ་མེད་སོང་བ་ཡིན་པས་བྱ་བ་བཟང་ངན་གང་བསྒྲུབས་ཀྱང་འདྲ་མཉམ་བསམ་ནས།མི་ཚེའི་རིན་ཐང་དང་ཕན་སེམས། སྤྱོད་བཟང་ལས་བརྩམས་པའི་བྱ་བ་ཐམས་ཅད་རྩ་བ་ནས་འཇིག་པའི་ཉེན་ཁའང་ཆེ།སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་ནི།མཐར་གཏུགས་ན་རྒྱུ་འབྲས་ཀྱི་ལྟ་བ་ཁས་མ་བླངས་པ་ཡིན།རྒྱུ་འབྲས་ཀྱི་ལྟ་བའམ་རྒྱུ་ལས་འབྲས་བུ་འབྱུང་དགོས་པའི་གཏན་ཚིགས་འདི་སེམས་གཙོ་སྨྲ་བའི་གཞིའི་ཚན་རིག་ཡིན་པར་མ་ཟད།ཆོས་ཉིད་ཀྱི་རིག་པ།རྒྱུ་འབྲས་ཀྱི་རིག་པ།འཐད་སྒྲུབ་རིག་པ།ཚན་རྩལ་རིག་པ་བཅས་ཀྱིས་ཀྱང་འོས་མེད་དུ་ཁས་ལེན་དགོས་པའི་རིགས་པ་ཡིན། ངས་བལྟས་ན་སྐྱེ་བ་སྔ་ཕྱི་ཁས་ལེན་པ་ནི་མི་ཚེའི་རིན་ཐང་མཐོར་འདེགས་བྱེད་པ་དང་ཀུན་སྤྱོད་བཟང་པོ་སླར་གསོ་བྱེད་པ།འཚོ་བའི་དམིགས་ཡུལ་རྒྱང་རིང་དུ་གཏོང་བ།ཕན་ཚུན་མཉམ་འབྲེལ་དང་སྤྱི་ཚོགས་ལྟ་བ་ལ་ཆེས་ནུས་པ་ལྡན་པའི་སློབ་གསོ་བཟང་པོ་ཞིག་ཡིན་པས་དངོས་གཙོ་སྨྲ་བས་དེ་ལ་རྨོངས་དད་ཅེས་ངན་སྨྲས་བྱེད་དོན་མེད་བསམ། གལ་ཏེ་དངོས་གཙོ་སྨྲ་བས་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་མི་འདོད་ན།སྐྱེ་བ་སྔ་ཕྱི་མེད་པའི་གནས་ལུགས་ཡང་དག་པ་ཞིག་ཁྱོད་ལ་བཤད་རྒྱུ་ཡོད་དགོས་མོད།སེམས་གཙོ་སྨྲ་བ་པེར་ཁེ་ལིས་དངོས་གཙོ་སྨྲ་བ་དག་ལ་ལུས་སེམས་ཐ་དད་དུ་གནས་པའི་བདེན་གྲུབ་བརྩད་པའི་ཚེ།དངོས་གཙོ་སྨྲ་བ་ཧོ་ཏུ་ལོའུ་ཡིས།༼༡༧༡༣ནས༡༧༨༤༽ལན་ལྡོན་མ་ནུས་པར།དེ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱིས་དཔྱད་འཇུག་མི་ནུས་པ་མིའི་བློ་གྲོས་ཀྱི་ཞན་ཆ་ཡིན་ཟེར་བ་ལྟ་བུའི་འུ་ཐུག་པའི་སྐད་ངན་ཤོར་དོན་མེད་སྙམ། ཚན་རིག་ཞིབ་འཇུག་པ་དག་གིས་ཀྱང་གློག་ཆས་དང་ཕྲ་མཐོང་ཆེ་ཤེལ་ལ་བརྟེན་ནས་ཕྲ་རྡུལ་རྫས་འགྱུར་གྱི་ནུས་པ་ཕྱིར་བཏོན་པའམ་འབྲས་བུ་གྲུབ་ཚུལ་ནི།གོང་དུ་ བཤད་པ་བཞིན་གྱི་རྒྱུ་འབྲས་ཀྱི་ལྟ་བ་ལྟར་ཁས་ལེན་པ་ཡིན། རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་ལས་གསལ།གཞན་ཡང་།ཚན་རིག་སྨྲ་བས་སེམས་དོན་རིག་པ།སྲོག་ཆགས་རིག་པ་དང་།སྲོག་ཆགས་རིག་པ་དེ་རྫས་སྦྱོར་རིག་པ།རྫས་སྦྱོར་རིག་པ་དེ་མཐར་དངོས་ཁམས་རིག་པའི་ངོ་བོར་བསྒྱུར་ཐུབ་པར་འདོད།འདི་ཡང་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ཚུལ་ཡིན་པས།དེས་ན་ཨུ་ཚུགས་ཀྱིས་རྒྱུ་འབྲས་ཆད་པར་ལྟ་བ་ཁས་ལེན་དོན་མེད་སྙམ།དེ་དག་ནི་རྒྱུ་འབྲས་ཀྱི་ངོ་བོའི་ཆ་ནས་ཡིན་ལ།གོ་རིམ་བརྒྱུད་པ་ལས་འབྱུང་བའི་དུས་ཀྱི་དབང་དུ་བྱས་ན།འདས་མ་འོངས་ད་ལྟ་བའི་དུས་གསུམ་སྟེ།ཁ་སང་གི་ཉི་མའི་བགྲོད་པ་ཚར་བ་ནས་དེ་རིང་གི་ཉི་མ་ཤར་ལ།འདི་རྫོགས་པ་ནས་སང་ཉིན་གྱི་ཉི་མ་ཐོན་དགོས་པ་ལྟར།ཟླ་བ་སྔ་ཕྱི་དང་ལོ་སྔ་ཕྱི།དེ་བཞིན་དུ་མིའི་སྐྱེ་བ་སྔ་ཕྱི་བརྒྱུད་ དགོས་པ་འདི།ནང་པ་སངས་རྒྱས་པའི་གཞུང་ལུགས་ཀྱི་སྐྱེ་བ་སྔ་ཕྱི་ཡོད་པའི་རྩ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་ཆགས་ཡོད། སྔ་ཕྱི་བརྒྱུད་པའི་གཞུང་ལུགས་ཀྱི་རིགས་པ་འདི།ཆོས་ལུགས་སློབ་གཉེར་བྱེད་པ་ཞིག་ལ་ངོ་སྤྲོད་བྱེད་སྐབས།དུས་རབས་བདུན་པའི་ནང་བྱུང་བའི་སློབ་དཔོན་ཆོས་གྲགས་ཀྱི་གཞུང་ལུགས་ཚད་མ་རྣམ་འགྲེལ་ལས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་གཏན་ ཚིགས་མང་པོ་བཤད་ཡོད་ཀྱང།དཔེར་ན།དུ་བ་ལས་ནི་མེར་ཤེས་དང་༎ཆུ་སྐྱར་ལས་ནི་ཆུར་ཤེས་དང་༎བྱང་ཆུབ་སེམས་དཔའ་བློ་ལྡན་གྱི༎རིགས་ནི་མཚན་ མ་དག་ལས་ཤེས༎ཞེས་རྒྱུ་འབྲས་སྟོན་པའི་རིགས་པ་འདི་ལས།ཐག་རིང་གི་དུ་བ་མཐོང་ནས་མེ་ཡོད་པར་ཤེས་ཐུབ་པ་ནི།ཐག་རིང་གི་རྩྭ་ཐང་དུ་དུ་བ་མཐོང་བ་ན་དེར་མི་གནས་སྡོད་ཡོད་པའང་དཔག་ཐུབ་པ་ལྟ་བུ།རྒྱུ་མཚན་གང་ཞིག་དངོས་སུ་མཐོང་བ་ལ་བརྟེན་ནས་ཅུང་ཙམ་ལྐོག་གྱུར་གྱི་བདེན་དོན་ཞིག་གཏན་ལ་འབེབས་ཐུབ་པ་བཞིན།ཉི་ཟླ་ལོ་ཡི་བགྲོད་པ་འདིས་སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་འབྲས་ཀྱི་གོ་རིམ་ལའང་ནི།ནང་བསྟན་གཞུང་ལུགས་དང་རྩོད་སྒྲུབ་རིག་པ།ཚན་རིག་གསུམ་ཆར་གྱིས་ཁས་ལེན་པའི་ལྟ་གྲུབ་ཐུན་མོང་བ་ཞིག་རེད། ནང་བསྟན་གཞུང་ལུགས་ཀྱིས།ལས་རྒྱུ་འབྲས་ཀྱི་གོ་རིམ་དང་རྒྱུ་ཡོངས་སུ་ཚོགས་པ་ན།འབྲས་བུ་མི་བསླུ་བ་ལ་བརྟེན་ནས་མིའི་སྐྱེ་བ་སྔ་ཕྱིའི་བརྒྱུད་རིམ་གཏན་ལ་ཕབས་ཤིང་།དེ་ལ་བརྟེན་ནས་དགེ་སྒྲུབ་སྡིག་སྤོང་གི་རྣམ་གཞག་སོགས་མིའི་ཀུན་སྤྱོད་བཟང་བོ་འཐུས་ཚང་དུ་གཏོང་བའི་ཐབས་ལམ་ཆ་ཚང་བར་གཏན་ལ་ཕབ་ཡོད། གསལ་བོར་ཤེས་རྒྱུ་ཞིག་ལ།ནང་བསྟན་གཞུང་ལུགས་ཀྱིས་ལྟ་གྲུབ་དང་རྣམ་གཞག་གཏན་ལ་འབེབས་བྱེད་ཀྱི་ཐབས་ལམ་གཙོ་བོ།རྒྱུ་མཚན་རིགས་པ་དང་རྗེས་དཔག་ཚད་མ་གཉིས་ཡིན་ལ།ཚན་རིག་གི་ལག་ཆ་གཙོ་བོ་འཕྲུལ་ཆས་དང་རྫས་སྦྱོར་གྱི་རིགས་པ་གཉིས་ལ་བརྟེན་ནས་མངོན་སུམ་ཚད་མས་ཐག་གཅོད་བྱེད་པ་ཡིན། གང་ལྟར་ནང་བསྟན་མཚན་ཉིད་རིགས་པ་དང་ཚན་རིག་གཉིས་ནི་བདེན་དོན་དང་གནས་ལུགས་འཚོལ་བའི་ཕྱོགས་སུ་ལག་རྡང་སྦྲེལ་ཏེ་འགྲོ་བཞིན་ཡོད་པས།དེ་གཉིས་ཀ་ཞིབ་འཇུག་ཁྲོད་དུ་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ཡོད།འོན་ཀྱང་གཏན་ལ་དབབ་བྱའི་ཆ་ནས།ནང་ཆོས་ཀྱིས་ནང་སེམས་ཁམས་རིག་པ་དང་ཚན་རིག་གིས་ཕྱི་དངོས་པོའི་རྣམ་གཞག་གཙོ་བོར་བསྒྲུབས་ཡོད་པས།གཞི་གཅིག་ཏུ་སྦྱར་མི་རུང་ལ། གལ་ཏེ་སྦྱར་ན་ལན་རེར་དེ་གཉིས་ཀྱི་བཤད་ཚུལ་ཤར་ནུབ་ཏུ་སོང་ནས་ ཉོག་པོར་འགྱུར་སྲིད།དཔེར་ན།ཆགས་སེམས་ལྟ་བུ་ལ་མཚོན་ན།ཚན་རིག་གིས་སྤྱི་ཚོགས་འཚོ་བའི་རང་གཤིས་དང་ཕོ་མོའ་ིབར་གྱི་བརྩེ་དུང་ལྟ་བུར་ངོས་བཟུང་ནས།ཇི་ལྟར་འཐུས་ཚང་དང་གཏན་འཇགས་ཕྱོགས་ལ་བརྩོན་ལེན་བྱས་ཡོད་ལ།ནང་ཆོས་ཀྱིས་སེམས་ཀྱི་འགྱུར་བ་མི་བརྟན་པར་སྐད་ཅིག་རེར་འགྱུར་འགྲོ་བ་དང་ཕོ་མོའ་ིབར་གྱི་བརྩེ་དུང་ལས་བྱུང་བའི་བདེ་སྣང་ཡང་སྐར་ཆ་ཙམ་རེ་མ་གཏོགས་མེད་ལ།ཟླ་འགའ་འམ་ལོ་འགའི་རྗེས་སུ་རིམ་གྱིས་འགྱུར་ཏེ་སྡུག་བསྔལ་གྱི་ངོ་བོར་འཕོས་འགྲོ་བ་ཤེས་ཏེ།དེ་ནི་འདོད་ཆགས་ཀྱིས་བསླུས་པའམ་འཁྲུལ་སྣང་གིས་དབང་བསྒྱུར་བ་ཞིག་ཏུ་ངོས་བཟུང་ནས།འདོད་ཆགས།ཞེ་སྡང་།གཏི་མུག་གསུམ་ལ་ཉོན་མོངས་ དུག་གསུམ་ཞེས་ཐ་སྙད་སྦྱར་ཡོད་པར་མ་ཟད།དཔལ་ཆོས་ཀྱི་གྲགས་པའི་ཚད་མའི་གཞུང་ལས།འདོད་དང་སྡང་སོགས་སྤངས་པ་ནི།།དེ་དག་ཡུལ་ལ་མ་མཐོང་བས།།ཡིན་གྱི་ཕྱི་ཚུལ་དག་གིས་མིན།།ཞེས་ཉོན་མོངས་དེ་དག་མངོན་གྱུར་མགོ་གནོན་པ་ནས་རྩ་བ་འཛིན་སྟངས་སུན་དབྱུང་བའི་བར་གཉེན་པོ་ཐབས་ལམ་ཆ་ཚང་བར་བསྟན་ཡོད།དེ་ལ་སངས་རྒྱས་ཀྱིས་འགྲོ་བ་རྣམས་སྐྱེ་འཆི་སོགས་སྡུག་བསྔལ་གྱིས་གཟིར་བ་འདི་ལས་ངེས་པར་ཐར་བའི་བདེ་བ་འཐོབ་དགོས་ན་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལྡོག་དགོས་པར་མཐོང་ནས།འགྲོ་བ་རིགས་དྲུག་ཀུན་འབྱུང་དང་སྡུག་ བསྔལ་ལས་ཐར་ཏེ་འགོག་བདེན་མངོན་དུ་བྱེད་ཚུལ་ལ་ལམ་བདེན་བསྟན་པ་འདི་ལ་བདེན་བཞིའི་རྣམ་གཞག་ཟེར།དཔེར་ན།མི་ཞིག་ལ་ཞེ་སྡང་དྲག་པོ་སྐྱེ་བའི་སྐབས་སུ་ནམ་རྒྱུན་དང་མི་འདྲ་བར་མིའི་ཁ་རླངས་དང་ལུས་ལ་དུག་ཡོད་པ་ཚན་རིག་གིས་ཀྱང་ཁས་བླངས་སོང་།འདོད་ཆགས།ཞེ་སྡང་།གཏི་མུག་གསུམ་ལ་ནང་བསྟན་གཞུང་ལུགས་ལས་ཉོན་མོངས་དུག་གསུམ་གྱི་ཐ་སྙད་སྦྱར་བ་འདི་ལ་གོ་བ་ཟབ་མོ་ཡོད།དེ་བས་འདི་ལ་ཞིབ་འཇུག་དང་རྒྱུན་དུ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེ། སྐྱེ་བ་སྔ་ཕྱི་ཟེར་བ་འདི་ལ་ཚན་རིག་གི་བརྟག་ཐབས་ཀྱིས་ངོས་འཛིན་གསལ་བོ་ཞིག་བྱས་པ་མེད་ཀྱང་།ཚན་རིག་གིས་བརྟགས་ཏེ་མ་རྙེད་པ་དང་།ཡང་ན་མེད་པར་རྙེད་པ་གཉིས་དོན་མི་གཅིག་པ་ཡིན།ཧིན་རྡུའི་ཆོས་ལུགས་གྱིས་དབང་ཕྱུག་ཆེན་པོ་ལྟ་བུའི་ལྷ་ཞིག་གིས།འཇིག་རྟེན་གོ་ལ་འདིའི་སྣོད་བཅུད་ཐམས་ཅད་བསྐྲུན་པར་བཤད་པ་ལྟ་བུ་ནི།ནང་བསྟན་གཞུང་ལུགས་དང་ཚན་རིག་གཉིས་ཆར་གྱིས་ཁས་མི་ལེན་པའམ་དེ་ལྟ་བུ་མེད་ཅེས་སྡོམ་ཚིག་འབྲི་ཐུབ།རྒྱུ་མཚན་ནི་ལྟ་གྲུབ་དེ་བདེན་པ་ ཡིན་པའི་བདེན་དོན་གྱི་གནས་ལུགས་ཁོ་ཚོར་བརྗོད་རྒྱུ་མེད་ལ།འཇིག་རྟེན་འདིའི་ཡོད་དོ་ཅོག་ཤིང་བཟོ་བས་ཤིང་གི་ཅ་ལག་བཟོས་པ་ལྟར་གང་ཟག་གཅིག་གིས་བཟོས་པ་ཞིག་མིན་པ་ང་ཚོས་འགྲེལ་བརྗོད་ཐུབ་པས་སོ། ནང་བསྟན་གཞུང་ལུགས་ཀྱིས།ལས་དབང་གིས་འཇིག་རྟེན་གྲུབ་པའམ་མཐར་གཏུགས་ན།བྱ་བྱེད་ལས་གསུམ་ཚང་བའི་རྒྱུ་རྐྱེན་གྱིས་འཇིག་རྟེན་གྲུབ་པར་འདོད།འདི་ལ་ཚན་རིག་གིས་ཀྱང་མི་མཐུན་པ་བརྗོད་མི་ཐུབ་ལ།དེ་བཞིན་སྐྱེ་བ་སྔ་ཕྱི་འདི་ཡང་ཚན་རིག་གིས་བརྟགས་ཏེ་མ་རྙེད་པ་མ་གཏོགས།ཁོས་ཀྱང་མེད་ཅེས་སྡོམ་ཚིག་འབྲི་མི་ཐུབ། ཚན་རིག་གིས་མི་རྙེད་པའི་རྒྱུ་མཚན་ནི།སྐྱེ་བ་སྔ་ཕྱི་བརྒྱུད་དེ་འགྲོ་མཁན་ནི་རྣམ་ཤེས་ཕྲ་མོ་ཞིག་ཡིན་ལ།དབང་ཤེས་རགས་པ་དང་ཡིད་ཤེས་ཕྲ་མོ་གཉིས་ལས་ཕྱི་མ་དེ་ཡིན།དེ་ནི་འབྱུང་བཞིའི་ནུས་པའམ་རྡུལ་རྫས་ཕྲ་རགས་དང་བྲལ་བ་ཡིན་པས་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ལས་འདས་པ་རེད།དཔེར་ན།ཏིང་ངེ་འཛིན་སྒོམ་སྐབས་ཀྱི་རྣམ་ཤེས་ཀྱི་སྤྲོ་བསྡུ་དང་།བསམ་གཏན་སྒྲུབ་ལུགས།ཚོགས་ཞིང་གསལ་འདེབས་པ་སོགས་ཀྱི་ཚེ།ཏིང་ངེ་འཛིན་དེའི་ངོ་བོ་གསལ་མིན་དང་།རྩལ་ཆེ་ཆུང་།ཡུན་རིང་ཐུང་སོགས་ལ་ཚན་རིག་གིས་ཚོད་དཔག་ཙམ་ཡང་བྱེད་མི་ཐུབ་པ་ལྟ་བུ་རེད།གཞན་ཡང་།མིའི་དབང་བོ་མི་དྭངས་པ་དང་།བློ་རིག་མི་གསལ་བ་ལྟ་བུ་ལ།ཚན་རིག་གིས་ངོ་བོའ་ིསྒོ་ནས་ཇེ་གསལ་ཇེ་དྭངས་ལ་གཏོང་མི་ཐུབ།ང་ཚོ་ཚང་མ་སྐྱེ་བ་སྔ་མ་ནས་མི་ཚེ་འདིར་འོངས་པ་དང་།འདི་ནས་སྐྱེ་བ་ཕྱི་མ་འཇིག་རྟེན་གཞན་པ་བརྒྱུད་ནས་འགྲོ་མཁན་ཞིག་ཡིན་ན།དེ་དག་ཐམས་ཅད་ཀྱི་སྐྱེ་བ་སྔ་ཕྱི་བརྒྱུད་ཚུལ་འདྲ་མཉམ་ཡིན་པའི་རྒྱུ་མཚན་ཇི་ལྟར་བཤད་ཅེ་ན།བོད་བརྒྱུད་ནང་བསྟན་ཀྱི་བཀའ་དང་བསྟན་བཅོས་རྣམས་སུ་ལུང་དང་རིགས་པའི་སྒྲུབ་བྱེད་མང་པོ་ཡོད་པར་མ་ཟད།ཁོས་རྣམ་ཤེས་ཀྱི་རྒྱུ་རྐྱེན།དམིགས་རྐྱེན།དེ་མ་ཐག་རྐྱེན་གསུམ་ལ་བརྟེན་ནས་རྣམ་ཤེས་སྐྱེ་བར་འདོད་ལ།དེ་མ་ཐག་རྐྱེན་ཟེར་བ་དེ་རྣམ་ཤེས་ཀྱི་སྔོན།དེ་མ་ཐག་ཏུ་ཡོད་པའི་གསལ་རིག་ཤེས་པ་ཞིག་ལ་བཤད།ཤེས་པ་མ་ཡིན་པའི་དངོས་པོ་གཞན་ལ་རྒྱུ་དེ་མེད་པར་བཤད།གསལ་བོར་བཤད་ན།རྣམ་ཤེས་ཀྱིས་རྣམ་ཤེས་བསྐྱེད་པ་མ་གཏོགས།གཟུགས་ཅན་གྱི་དངོས་པོ་གཞན་གྱིས་རྣམ་ཤེས་གསར་བ་བསྐྱེད་མི་ཐུབ་ཟེར་བ་དེ་རེད། འདི་དུས་རབས་བདུན་པའི་ནང་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མའི་ བསྟན་བཅོས་ལས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པའི་རིགས་པའི་སྡོམ་ཚིག་ཡིན་པར་མ་ཟད།རྣམ་ཤེས་ཇི་ལྟར་བྱུང་བའི་དཔྱད་པ་མཐར་ཐུག་ཀྱང་ཡིན།དེར་བརྟེན་རྒྱ་གར་དང་བོད་མི་རིགས་ཀྱིས་མཚོན་པའི་སྐྱེ་བ་སྔ་ཕྱི་འདོད་པ་ཚོས་ཞིབ་འཇུག་འདི་ལས་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་བྱེད།འོན་ཀྱང་།དེང་རབས་ཚད་ཆེས་མཐོ་བའི་ཚན་ རིག་རྫས་སྦྱོར་སྡེབ་བསྒྲིགས་ཀྱིས་ཁུ་ལུང་སྲོག་ལྡན་གསར་བ་བཟོས་པ་འདིས་ང་ཚོའི་སྡོམ་ཚིག་ལ་དྲི་བ་ཤིན་ཏུ་ཟབ་མོ་ཞིག་བཀོད་ཡོད་ཀྱང་གཤམ་དུ་འཆད། གཞན་ཡང་།སྐྱེ་བ་སྔ་ཕྱི་ཡོད་པ་འདི།དེང་རབས་དཔྱད་བརྗོད་དང་སྤྱི་ཚོགས་ཁྲོད་ཉམས་མྱོང་དངོས་སུ་བརྒྱུད་མྱོང་བའང་ཡོད་པ་རེད།འོན་ཀྱང་།སྔོན་བྱུང་གི་དངོས་ཡོད་གནས་ཚུལ་དང་དཔྱད་རྩོམ།ལོ་རྒྱུས་རྣམས་སུ་ཡོད་པ་རྣམས་ང་ཚོས་གཏམ་རྒྱུད་ལྟ་བུར་གོ་ནས་ཡིད་ཆེས་པར་བྱེད་པ་དཀའ་ཡང་།ད་ལྟའི་སྤྱི་ཚོགས་ཁྲོད་འབྱུང་ བཞིན་པའི་གནས་ཚུལ་ངོ་མ་དང་།རང་གི་ཉམས་མྱོང་བརྒྱུད་པ།ཡང་ན་དཔྱད་པ་ཞིབ་མོས་བདེན་དོན་རྙེད་པ་ཞིག་གི་སྒོ་ནས་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་པ་ནི་གནས་ལུགས་ཡིན་པས་བསྒྱུར་མི་བཏུབ།དཔེར་ན་ང་རང་ཆུང་དུས་སུ་རང་གི་སྐྱེ་བ་སྔ་མ་དྲན་པ་དང་ནམ་རྒྱུན་ཕ་མ་གཉིས་ལ་ཤོད་བཞིན་པའི་བྱིས་པའི་གཏམ་རྒྱུད་དེ་ལ།གྲོགས་པོ་མང་པོ་ཞིག་གིས་ཉན་འདོད་ཡོད་ཀྱང་།ད་ལྟའི་ངའི་འཚོ་བའི་ཁོར་ཡུག་ དང་ལས་ཀ་བྱེད་སྟངས།ཡང་ན་བསམ་བློའ་ིའཆར་གཞི་བཅས་དང་གཏན་དུ་མི་འདྲ་བ་ཞིག་ཡིན་པས་བཤད་མི་འདོད།དེ་ནི་སློབ་གསོ་དང་ཁོར་ཡུག སྤྱི་ཚོགས་བཅས་ ཀྱིས་ངའི་ལས་དབང་བསྒྱུར་སོང་བའི་གཏམ་རྒྱུད་ཅིག་ཡིན། སྔོན་མའི་བག་ཆགས་དཔྱིད་ཀྱི་ལང་ཚོ་ཤར།། གཟུང་འཛིན་གར་གྱི་མེ་ཏོག་འབུམ་ཕྲག་བཞད།། ཤེས་རིག་བཅུད་ལ་རོལ་པའི་གཏམ་རྒྱུད་དེ།། པད་མའི་ཚལ་ལ་བྲིས་པའི་མི་ཚེ་ཞིག ། སྐྱེ་བ་སྔོན་མར་བསགས་པའི་དགེ་སྡིག་གིས།། ད་ལྟའི་འཇིག་རྟེན་འདི་ལ་བདེ་སྡུག་བྲིས།། མི་ཚེ་རྨི་ལམ་རིང་བོ་ཡལ་བ་ན།། རང་ལ་དབང་བའི་དངོས་པོ་ཅི་ཞིག་མཆིས།།

གཉིས་པ། སྐྱེ་བ་སྔ་མ་དོར་བ། 

  འཛམ་གླིང་སྐྱེ་འགྲོ་ཀུན་གྱི་འཆི་བ་ནི་དབུགས་འདོར་ལེན་ཙམ་གྱིས་ཐག་གཅོད་དགོས་པའི་རང་བཞིན་དུ་ངེས་ལ།མཐོ་བླ་མ་དང་དཔོན་པོ།དམའ་བ་ཉམ་ཆུང་སྤྲང་བོ་དང་འབུ་སྦྲང་ཚུན་ཆད་ཀྱི་ལུས་ལྡན་སེམས་ཅན་ཐམས་ཅད་འཆི་བའི་མདུན་དུ་འདྲ་མཉམ་དུ་གནས་ལ།མི་འདོད་བཞིན་དུ་འཇིགས་སྐྲག་དང་སྡུག་བསྔལ་དེ་ཐོག་ཏུ་འབབ་ངེས་ཡིན།བསྟན་པའི་སྒྲོན་མེ་ཚང་གི་སྐབས་བཞི་བའི་སྡོམ་ལས།འཆི་བའི་ངོ་བོ་ཕྲ་རགས་འཆི་བདག་བདུད།།ཅེས་གསུངས་པ་ལྟར།མདོ་སྔགས་བསྟན་བཅོས་ཀྱི་གཞུང་ཤིན་ཏུ་མང་བོར་འཆི་བའི་ངོ་བོ་ངེས་བཟུང་བ་ནས་འཆི་བ་ལ་ཇི་ལྟར་གདོང་གཏད་པའི་ཐབས་ལམ་མང་དུ་གསུངས་ཡོད་པར་མ་ཟད།སྔགས་བླ་མེད་ཀྱི་བསྐྱེད་རིམ་སྐབས་སུ་འཆི་བ།བར་དོ།སྐྱེ་བ་གསུམ་ཇི་ལྟར་ཆོས་སྐུ་དང་།ལོངས་སྐུ།སྤྲུལ་སྐུ་གསུམ་དང་སྦྱར་བའི་ཉམས་ལེན་ལམ་དུ་འཁྱེར་ཚུལ་རྒྱས་པར་གསུངས།རླུང་དང་རྣམ་པར་ཤེས་པ་དབྱེར་མེད་ནས་ང་ཚོའི་ལུས་པོའི་གྲུབ་རྐྱེན་རྡུལ་རྫས་བཅུ་དང་ཕྱིའི་འཇིག་རྟེན་རང་བྱུང་གི་འབྱུང་བའི་བར་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་དེ།སྔགས་ལུགས་ཀྱི་རྩ་རླུང་སྒོམ་སྒྲུབ་ཀྱི་རྟོགས་པ་ཡོད་པ་དང་།ཡང་ན་ལྷན་སྐྱེས་ཀྱི་ཚོར་ཤེས་སྐྱེན་པའི་གང་ཟག་རིགས་གཅིག་གིས་འབྲེལ་བ་ཕྲ་མོ་དེ་རྟོགས་ཐུབ།རྣལ་འབྱོར་རྫོགས་པ་མཐོན་པོའ་ིསྐབས་སུའང་རྩ་ཐིག་རླུང་གསུམ་སྒོམ་སྟོབས་ཀྱིས་རླུང་དབུ་མར་བསྟིམ་པ་དང་ཁྱད་པར་སྒྱུ་ལུས་འོད་གསལ་ཟུང་དུ་འཇུག་པའི་ཏིང་འཛིན་གྱིས་འཆི་བ་ཕྲ་མོ་སྤངས་ཏེ་དོན་དམ་པའི་འབྲས་བུ་མངོན་དུ་བྱེད་ཚུལ་བཅས་གསལ་བར་ཡོད་མོད།ངས་ནི་གོ་སླ་བའི་དབང་དུ་བཏང་ནས་བོད་ཀྱི་གསོ་རིག་ལས་འབྱུང་བ་ལྟར་སྐྱེ་བ་སྔ་མ་དོར་ནས་ཕྱི་མ་ལེན་ཚུལ་ཉུང་ཙམ་བཤད། བོད་ལུགས་གསོ་རིག་གཞུང་ལུགས་ལས།ལུས་ཕུང་འཇིག་པའི་སྔ་ལྟས་ལ།རིང་བའི་ལྟས་དང་ཉེ་བའི་ལྟས།མ་ངེས་བའི་ལྟས།ངེས་པའི་ལྟས་བཞི་བཤད་ཀྱང་མཐའ་ གཅིག་ཏུ་ངེས་པ་མེད་པའི་རྒྱུ་མཚན་གྱིས་མི་བཤད།འཆི་བར་ཉེ་བའི་ལྟས་ནི།གསུར་སོགས་ཀྱི་དྲི་མ་མི་ཚོར་བ།དཔྲལ་བ་དང་མཆུ་སོར་ཟླ་ཚེས་ལྟ་བུའི་རི་མོ་རྩ་རིས་སུ་སྣང་བ།མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་རྒྱུན་ལྡན་མིན་པའི་གཟུགས་སྒྲ་སོགས་མཐོང་བའམ་ཐོས་པ།རང་གི་ལག་ངར་སྨིན་མའི་བར་དུ་གྱེན་ལ་བསླངས་ནས་ཆེད་དུ་གཏད་པ་མིག་གིས་མི་མཐོང་བའམ་ཆད་པ་ལྟར་སྣང་བ།མིག་བཙིར་ནས་བལྟས་ན་འོད་ཟེར་གྱི་དྲ་བ་མེད་ཅིང་འབྱེད་འཛུམ་ཆེར་མི་བྱེད་པ་སོགས་ནི་སའི་ཁམས་ཀྱི་ནུས་པ་ཉམས་པའི་རྟགས་ཡིན།དེ་བཞིན་ཆུའི་ཁམས་ཀྱི་ནུས་པ་ཉམས་པས།སྣ་བུག་ཆེར་གདངས་ཤིང་སྣ་སྒོར་སྐྱ་ཐལ་ཆགས་པ།ལྕེ་གཞུང་ནག་ལ་སྐམ་པ།ཡ་མཆུ་གྱེན་དུ་བརྫེས་པ་སོགས་འབྱུང་།མེ་ཡི་ནུས་པ་ཉམས་པས་མེ་དྲོད་སྡུད་པ་དང་རླུང་གི་ནུས་པ་ཉམས་པས་གདོང་ལ་འཕྲལ་དུ་རྡུལ་ཆགས་པ་དང་དབུགས་ཀྱི་རྒྱུ་བ་གྲང་ལ་སོ་དྲེག་ནག་པོ་ཆགས་པ།གྱེན་དུ་དབུགས་བརྩེགས་ཀྱང་ནང་དུ་སྡུད་མི་ཐུབ་པ་སོགས་མང་ལ།གཞན་ཡང་གྲང་བའི་ནད་ཀྱིས་གདུང་བ་ལ་མེ་སོགས་ཚ་བ་མི་འདོད་པ།ཚ་བའི་ནད་ཀྱིས་གདུང་བ་ལ་གྲང་རེག་སྤོང་བ།སྨན་དཔྱད།ཟས་སྤྱོད།བཅའ་བ་རིམ་གྲོ་སོགས་ཅི་ཙམ་བྱས་ཀྱང་ནད་ལ་དྲག་སྐྱེད་མེད་ཅིང་ད་དུང་ལོག་པར་འགྱུར་བ་ལྟ་བུ་དེ་དག་ནི་འཆི་བདག་གི་དབང་དུ་སོང་བའི་རྟགས་འཁྲུལ་བ་མེད་པ་ཡིན། འཆི་བར་ཤིན་ཏུ་ཉེ་བའི་ལྟས་ནི།འབྱུང་བ་ལྔ་ཐིམ་པ་ཕྱིའི་ལྟས་དང་དབང་པོ་ལྔ་ཐིམ་པ་ནང་གི་ལྟས།ས།ཆུ།མེ།རླུང་།ནམ་མཁའ་དང་བཅས་འབྱུང་བ་ལྔའི་རང་བཞིན་ལས་གྲུབ་པའི་ལུས་རྟེན་འདི་ཉིད་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ།ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པས་སྔ་མ་ཕྱི་མ་ལ་འཐིམ་པར་འགྱུར་ཏེ།སའི་ནུས་པ་སྲ་བ་དང་བརྟན་པ་སོགས་ཆུ་ལ་ཐིམ་པས་ལུས་ཟུངས་ཟད་ལ་གཟུགས་ཀྱི་རྣམ་པ་ཕྲ་རགས་རྣམས་མི་མཐོང་།ཆུའི་ནུས་པ་བརླན་གཤེར་དང་བསིལ་བ་སོགས་མེ་ལ་ཐིམ་པས་རྟགས་སུ་ཕྱི་ནང་གི་བུ་ག་རྣམས་སྐམ་པར་འགྱུར།མེའི་ནུས་པ་ཚ་བ་དང་རྣོ་བ་སོགས་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་རྣམས་མཐའ་ནས་བསྡུ་བ་དང་།རླུང་གི་ནུས་པ་བསྐྱོད་ཅིང་གཡོ་བ་སོགས་ནམ་མཁའ་ལ་ཐིམ་པས་རྟགས་སུ་ཕྱི་དབུགས་ཀྱི་རྒྱུ་བ་ཆད་པར་འགྱུར་ཏེ། མཐར་འབྱུང་བ་བཞིའི་ནུས་པ་ཐམས་ཅད་ནུས་མེད་རང་བཞིན་དུ་འགྱུར། དབང་པོ་ལྔ་ཐིམ་པའི་ལྟས་ནི།འབྱུང་བ་ལྔས་བསྐྱེད་པའི་དབང་བོ་ལྔ་བོ་འདི་ཡང་རིམ་གྱིས་གཅིག་གཅིག་ལ་ཐིམ་ཚུལ་སྔ་མ་དང་མཚུངས་པར། ཐོག་མར་མིག་གི་དབང་བོ་ཉམས་པར་གྱུར་བའི་དབང་གིས་ཕྱི་རོལ་གྱི་གཟུགས་རྣམས་མི་གསལ་ཞིང་འགག་པར་འགྱུར་ཏེ།གཟུགས་དེ་ཡང་སྒྲའི་རང་བཞིན་དང་དབྱེར་མེད་དུ་ཐིམ་པའི་ཚུལ་ནས་ལུས་དབང་ཉམས་པས་རེག་བྱ་མི་ཚོར་ཏེ།མཐར་སྲོག་གི་རླུང་ཉིད་ལ་ཐིམ་པར་འགྱུར་བ་དང་།དེ་ཡང་ཡིད་ཀྱི་རྣམ་ཤེས་ལ་ཐིམ་པར་གྱུར་ནས་སྲིད་པ་གཞན་བར་དོ་ཟེར་བ་དེ་ཉམས་སུ་མྱོང་བར་འགྱུར་བ་ཡིན།བར་དོའ་ིལུས་ནི་ལུས་ལ་རགས་པ།ཕྲ་བ།ཤིན་ཏུ་ཕྲ་བ་གསུམ་དབྱེ་བའི་ནང་གི་ཕྲ་བ་ཡིན་པས་དབང་བོའ་ིསྤྱོད་ཡུལ་ལས་འདས་མོད།འོན་ཀྱང་།དབང་བོ་ཀུན་ཚང་ཐོགས་མེད་རྒྱུ།།ལུས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན།།མི་ཟློག་དེ་ནི་དྲི་ཟའོ།།ཞེས་སློབ་དཔོན་དབྱིག་གཉེན་གྱི་མཛོད་ལས་གསུངས་པ་ལྟར་དབང་བོ་ལྔ་ལྡན་གྱི་རྣམ་པ་ཅན་དུ་གསལ་ལོ།། ངེས་པར་འཆི་བའི་ལྟས་ནི།ཕྱིའི་སྲོག་དང་།ནང་གི་སྲོག གསང་བའི་སྲོག་གསུམ་གྱི་ཟུངས་ནི།རིམ་པ་བཞིན་དུ་ཤ་དང་ཟས་དང་རྩ་དང་གསུམ་ཡིན་པས་དེ་གསུམ་ཉམས་ན་ངེས་པར་འཆི།ཤ་ཤོར་བ་མུར་གོང་སོགས་ཀྱི་ཤ་སྐམ་པ།ཟས་ཤོར་བ་ཡི་ག་མེད་ཅིང་མི་འཇུ་བ།བྱེད་པ་ཉམས་ཤིང་སྡོད་པ་སོགས་ཡིན།དེ་ལྟ་བུའི་ནད་པ་གང་ཡིན་འཆི་པར་འགྱུར།དེ་བཞིན་གསོ་དཔྱད་དང་རིམ་གྲོ་གང་གིས་ཀྱང་མི་ཕན་པ་བཅོས་ཐབས་མེད་པ་དག་ཀྱང་འཆི་བར་ངེས་པ་ཡིན། འོ་ན།འབྱུང་བ་ལྔའི་རང་བཞིན་གྱི་ལུས་ཀྱི་ཕུང་པོ་འདི་ཉིད་ངེས་པར་འཇིག་པ་གང་ལ་ཐུག་ཞེ་ན། དེ་ཡང་རླུང་མཁྲིས་བད་ཀན་སོགས་ནད་དང་།དྭངས་མ་ལ་སོགས་པའི་ལུས་ཟུངས་དང་།བཤང་གཅི་སོགས་དྲི་མ་རྣམས་རང་རང་གི་གནས་དང་ལྡང་ཚད་རྣམས་འཆོལ་བར་གྱུར་ནས་ཕན་ཚུན་འཁྲུགས་ཏེ་གཅིག་ལ་གཅིག་གིས་གནོད་ དེ་སྲོག་གི་དབང་བོ་ལུས་དང་བཅས་པ་འཇིག་པར་བྱེད་པ་ཡིན། དཔེར་ན། ས་རྐོ་རྡོ་སློག ནགས་ཚལ་འབྲེག་པ།ཆུ་བོའི་བཞུར་རྒྱུན་གཅོད་པ།གཏེར་ཁ་སྔོགས་འདོན་ བྱེད་པ་སོགས་བྱས་པས།འབྱུང་བ་ཆེན་པོ་རྣམས་མ་སྙོམས་པར་བྱེད་ལས་གཞན་དུ་གྱུར་བའི་དབང་གིས་ཐན་པ་འབྱུང་བ།མེ་འབར་བ།ས་འགུལ་འབྱུང་བ།ཆར་ཆུའི་གནོད་པ་སོགས་སྣོད་ཀྱི་འཇིག་རྟེན་འཇིག་པར་བྱེད་པ་དང་ཆེས་མཚུངས་པ་ཡིན། དེ་ལྟར་འཇིག་རྟེན་གྱི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པའི་དུས་ཚོད་རྫོགས་པའམ་ཚེ་ཟད་པ། ཡང་ན།ནད་དང་རྐྱེན་གྱི་དབང་གིས་ལུས་སེམས་རྟེན་དང་བརྟེན་ པའི་འབྲེལ་བ་ཆད་པ་ལ་ཤི་བ་ཞེས་ཐ་སྙད་སྦྱར་བ་ཡིན་ཏེ།ནམ་ཞིག་གང་ཟག་དེའི་ ལུས་སེམས་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་ཆད་དེ་ཕུང་པོ་དོར་བ་དང་དྲོད་ཡལ་བ་དང་སྲོག་ཀྱང་འགགས་པས་གང་ཟག་དེ་ཤི་བ་ཡིན་ནོ།། དེ་ལྟར་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་བོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ་ལས། འཆི་བ་གང་ཞེ་ན།སེམས་ཅན་གང་ཡིན་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཕོས་པ་དང་།འཕོ་བ་ཉིད་དང་།ཞིག་པ་དང་།ནང་ཉམས་པ་དང་།ཚེ་ཉམས་པ་དང་།དྲོད་ཡལ་བ་དང་།སྲོག་གི་དབང་པོ་འགགས་པ་དང་།ཕུང་པོ་རྣམས་འདོར་བ་དང་།ཤི་བ་དང་།དུས་བྱེད་པ་འདི་ནི་ཤི་བ་ཞེས་བྱ་སྟེ། ཞེས་གསུངས་པ་ལྟར་རོ།།    མུ་འགོད། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5870364
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号