མཚན་ཉིད་སྨྲ་བ་ཧེ་ཀེར་ངོ་སྤྲོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »མཚན་ཉིད་སྨྲ་བ་ཧེ་ཀེར་ངོ་སྤྲོད།
མཚན་ཉིད་སྨྲ་བ་ཧེ་ཀེར་ངོ་སྤྲོད།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-30ལྟ་ཀློག (4215)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།


ཧེ་ཀེར་གྱི་དུས་རབས་ཀྱི་རྒྱབ་ལྗོངས།

སྒྱུར་བ་བོ། གངས་ཅན་དབྱངས་འཚོ།

    ཧེ་ཀེར་(Georg Wilhelm FriedrchHegel,1770-1831)ལགས་ནི་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་སྐས་ཐེམ་ལས་ཆེས་གླེང་རིན་ཡོད་པའི་མི་སྣ་ཞིག་ཏུ་ལགས། དེ་ཡང་ཁོང་དགོངས་པ་རྫོགས་པ་དང་ནུབ་ཕྱོགས་ཉེ་རབས་མཚན་ཉིད་རིག་པ་མཇུག་གྲིལ་བ་རེད་ཅེས་གླེང་ཡང་ཆོག དེའི་རྒྱུ་མཚན་ནི་ཁོང་གི་མཚན་ཉིན་རིག་པའི་མ་ལག་དེ་འདས་ཟིན་པའི་གལ་ཆེའི་མཚན་ཉིད་རིག་པའི་འཕེལ་རྒྱས་དང་། ལྷག་པར་དུ་མཚན་ཉིད་སྨྲ་བ་ཏིས་ཁཱར་རྗེས་ཀྱི་ལོ་ངོ་ཉིས་བརྒྱ་ལྷག་གི་གྲུབ་འབྲས་དག་མཐའ་མའི་མཇུག་སྡོམ་གྱི་ཉིང་ཁུ་ཡིན་པས། འུ་ཅག་གིས་ངེས་པར་དུ་ཁོང་དང་ཁོང་གི་མཚན་ཉིད་རིག་པའི་ལྟ་ཕྱོགས་ཉུང་ཙམ་ཤེས་དགོས། འོན་ཀྱང་ཁོང་གི་བསམ་བློའི་རྒྱབ་ལྗོངས་ཧ་ཅང་རྙོག་འཛིང་ཆེ་བར་བརྟེན་མཚན་ཉིད་རིག་པའི་མ་ལག་གི་ཁྱབ་ཁོངས་ཀྱང་རྒྱ་ཤིན་ཏུ་ཆེ། དེ་བས་ང་ཚོས་ཁོང་གི་བསམ་བློའི་ཉིང་ཁུ་དང་མཚན་ཉིད་རིག་པའི་སྤྱི་རྣམ་ཙམ་ཞིག་སྟེ། ཁོང་གིས་སྤྱི་ཚོགས་དང་། ཆོས་ལུགས། སྒྱུ་རྩལ། མིའི་རིགས་ཀྱི་ཐད་ལ་གཞིགས་པའི་ཤེས་བྱ་ཕྲན་བུ་ཞིག་ལ་རྒྱུས་ལོན་བྱེད། ཐོག་མར་ཁོང་གི་མི་ཚེའི་བྱུང་བ་མདོར་བསྡུས་ཙམ་ཞིག་གླེང་བར་བྱ།

     ཧེ་ཀེར་ལགས་ཀྱི་བྱིས་དུས་དཔེ་ཀློག་ཁྲོད་ནས་གནའ་བོའི་གྷི་རིག་གི་སྐྱོ་སྣང་ཟློས་གར་ལ་ཉམས་ཞིབ་མང་ཙམ་བྱས། སློབ་ཆེན་གྱི་སྐབས་སུ་སློབ་གྲོགས་དང་ལྷན་དུ་མཚན་ཉིད་རིག་པ་བ་རོ་ཟོན་ལ་ཞིབ་འཇུག་བགྱིད་བཞིན་ཧྥ་རན་སིའི་གསར་བརྗེ་ཆེན་མོའི་བརྩེ་དགའ་ཕན་ཚུན་གྱིས་ལོངས་སུ་སྤྱད། སློབ་མཐར་ཕྱིན་ཚེ་ཁོང་གི་མཐར་ཕྱིན་དཔང་ཡིག་ཏུ་འཁོད་པ་ལྟར་ཀུན་སྤྱོད་བཟང་བོའི་ཐོག་ནས་ལྷ་རིག་དང་སྐད་བརྡ་རིག་པའི་ཆུ་ཚད་བཟང་ཡང་མཚན་ཉིད་རིག་པའི་ཤེས་བྱ་ད་དུང་འདང་ངེས་ཤིག་ཆགས་མེད། འོན་ཏེ་སྐབས་དེར་ ཁོང་ལ་མཚན་ཉིད་རིག་པ་དང་ལྷ་རིག་གཉིས་ཀྱི་འབྲེལ་བའི་དོགས་བློ་སྣ་ཚོགས་ཤིག་འཁྲུངས་ཡོད། ༡༨༠༡ལོར་ཁོང་གིས་ཡེ་ནཱ་སློབ་ཆེན་དུ་ཕྱག་ལས་གནང་ཞིང་། ༡༨༠༧ལོར་《དབང་རྩའི་སྣང་ཚུལ་རིག་པ་》ཞེས་པ་དེ་དཔར་དུ་བསྐྲུན་པས་མཚན་སྙན་རབ་ཏུ་རྒྱས། རྗེས་ནས་ནོ་རམ་བྷོར་སློབ་འབྲིང་གི་སློབ་གཙོའི་འགན་བཞེས་ཏེ་གནའ་དཔེའི་སྐད་ཡིག་སྦྱོང་བརྡར་གྱི་ཞོར་ནས་ཁོང་གིས་མཚན་ཉིད་རིག་པའི་རྨང་གཞིའི་སློབ་ཁྲིད་བགྱིས། དུས་སྐབས་དེར་ཁོང་གིས་《གཏན་ཚིགས་རིག་པ་》གསར་རྩོམ་གནང་བ་རེད། ༡༨༠༩ལོ་ནས་༡༨༣༡ལོ་སྟེ་སྐུ་ཚེའི་འཕེན་པ་མ་རྫོགས་ཀྱི་བར་དུ་པོ་ལན་སློབ་ཆེན་དུ་མཚན་ཉིད་རིག་པའི་འཆད་ཁྲིད་གཅིག་པུའི་འགན་བཞེས་པ་རེད། ལོ་ངོ་བཅུ་གསུམ་འདི་དག་གི་རིང་པོ་ལན་དུ་ཞལ་བཞུགས་མཛད་པ་ཙམ་མིན་པར་འཇར་མན་གྱི་མཚན་ཉིད་རིག་པའི་སྟི་གནས་ཀུན་དུ་ཆིབས་བསྒྱུར་གནང་བ་རེད། སྤྱིར་ཁོང་ནི་གཞུང་ཕྱོགས་མཚན་ཉིད་སྨྲ་བ་ཞིག་གི་ཆོས་ཁྱད་ཆོས་ལྡན་ན་ཡང་། ཤུགས་རྐྱེན་ཟབ་པའི་རྒྱུ་གཙོ་བོ་ནི་གཏིང་མཐུག་པའི་མཚན་ཉིད་ཀྱི་གཏན་ཚིགས་དང་ཞིབ་འཇུག་གི་སྤྱད་ཐབས་བླ་ན་མ་མཆིས་པ་ལྡན་པས་རེད། ཁོང་གི་ལྗགས་རྩོམ་གྱི་ཁྲོད་དུ་སྒྱུ་རྩལ་མཚན་ཉིད་རིག་པ་དང་ཆོས་ལུགས་མཚན་ཉིད་རིག་པ། མཚན་ཉིད་རིག་པའི་བྱུང་བ་དང་ལོ་རྒྱུས་མཚན་ཉིད་རིག་པ་སོགས་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་མང་ངོ་།།

     ཁོང་ནི་གཟབ་ནན་དང་སྒམ་བརླིང་གིས་ཐུགས་རྒྱུད་ཕྱུག་པའི་སྐྱེས་བུ་ཞིག་ཡིན། ནམ་རྒྱུན་སྤྱི་ཚོགས་དང་ཁོང་གི་ཁོར་ཡུག་ལ་མི་གཤིས་ཀྱི་ཐད་ནས་ཁྲ་ཁྲ་ཟང་ཟིང་གི་བག་ཆགས་གང་ཡང་འཇོག་མ་མྱོང་བ་མ་ཟད། ལྷག་བསམ་རྣམ་དག་གི་སྒོ་ནས་ཁོང་གིས་སློབ་གྲྭ་ཆེན་མོར་འཆད་ཁྲིད་རྒྱུན་སྐྱོང་གནང་བ་དེས་ཁོར་ཡུག་གི་མི་དམངས་ལ་བྱམས་བརྩེ་དང་ཤེས་རབ་ཀྱི་ཤུགས་རྐྱེན་གང་འཚམ་ཐེབས་ཡོད། ད་དུང་ཁོང་གི་ཐུན་མིན་གྱི་ལྟ་བས་འཛམ་གླིང་སྤྱི་དང་མིའི་རིགས་ཀྱི་ལོ་རྒྱུས་དུས་རིམ་ཁྲོད་རིན་ཐང་ལྡན་པའི་ཕྱག་རྗེས་ཀྱང་བཞག་ཡོད། ཁོང་གིས་གཞལ་བྱ་ལྐོག་གྱུར་མངོན་སུམ་དུ་མཐོང་བ་དང་དེས་དྲངས་པའི་ངེས་ཡོད་པར་ཁས་མི་ལེན་པར་རྗེས་དཔག་གི་ནུས་པ་རྨང་གཞིར་བྱས་ཏེ་“ཕྱི་དོན་དང་ནང་དོན་ལྷན་”དུ་དཔོག་ནུས་པར་ཡིད་ཆེས་འཆང་བཞིན་ཡོད་དེ། ནང་དོན་ནམ་བདེན་དོན་ནི་མ་ལག་དང་དོན་སྤྱིའི་རྣམ་པ་གཞན་ཞིག་ཏུ་གནས་པ་ཙམ་ཡིན་ཚེ་དེ་དག་གཞི་ནས་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་འདུ་བ་རེད། གལ་ཏེ་དངོས་ཡོད་དེ་རྗེས་དཔག་གི་སྣང་ཚུལ་ལྟར་ལགས་ན་རྗེས་དཔག་ཀྱང་ཚན་མར་འཛིན་ཆོག་སྟེ། ང་ཚོས་དངོས་ཡོད་ཀྱི་ཁམས་དེ་ཉིད་སླར་ཡང་རྗེས་དཔག་གི་རྟོག་ངོར་བཞེངས་བསྐྲུན་བྱས་པར་རྟོགས་ཐུབ་པས་སོ།། ད་དུང་ང་ཚོས་ཁོང་གི་མཚན་ཉིད་རིག་པའི་ལྟ་གྲུབ་ལས་མཚན་ཉིད་རིག་པའི་ལོ་རྒྱུས་ཐོག་ཆེས་གཟི་བརྗིད་ལྡན་པ་དང་ཤུགས་རྐྱེན་ཆེས་ཟབ་པའི་ལྟད་མོའང་མང་དུ་མཐོང་ཐུབ་བོ།།

     ཧེ་ཀེར་ལགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལས་དམིགས་བསལ་གྱི་ཁྱད་ཆོས་གཉིས་མཐོང་བ་ནི་བློ་འབྱེད་ལས་འགུལ་དང་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་རེད།

     བློ་འབྱེད་ལས་འགུལ་ནི་དུས་རབས་བཅུ་བདུན་དང་བཅྭོ་བརྒྱད་པའི་ནང་བྱུང་བ་ཡིན་ལ། དེའི་རྒྱུ་རྐྱེན་གཙོ་བོ་ཡང་ཚན་རིག་མྱུར་མགྱོགས་ངང་དར་རྒྱས་སུ་སོང་བ་དང་རྗེས་དཔག་དང་སློབ་གསོ་ལྷན་དུ་བརྒྱུད་བསྒྲགས་བྱས་པས་ཨོ་གླིང་མི་དམངས་ལ་དད་སེམས་ཁྱད་པར་བ་ཞིག་འཁྲུངས་སུ་བཅུག  ཁོང་ཅག་གིས་“བློ་འབྱེད་”(གཞལ་བྱ་ཐམས་ཅད་རྗེས་དཔག་གིས་གཞལ་ནུས་པའི་དོན།)ཡོད་པ་ནས་ཆོས་ལུགས་སྒྲིབ་གཡོག་ལས་གྲོལ་ཐུབ་པ་མ་ཟད་ཤེས་བྱའི་རྣམས་གྲངས་ཀུན་ལ་མངའ་དབང་བསྒྱུར་ནུས་པར་སེམས། བློ་འབྱེད་ཀྱི་“བློ་”ནི་དང་ཐོག་ཆོས་དད་ལ་གོ་བ་ཡིན་མོད་ཆོས་དད་ཀྱིས་མིའི་རྒྱུད་ལ་རྨོངས་དད་བསྐྱེད་སླ་བས་དེ་ལྟའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་ནས། དེང་སྐབས་“རྗེས་དཔག་”གིས་མཚོན་པའི་ཤེས་རྟོགས་ལ་སྤྱོད་བཞིན་ཡོད་པ་དང་། ཆོས་ལུགས་ཀྱི་རྨོངས་མུན་དེ་འོད་སྣང་འབའ་ཞིག་ཏུ་བསྒྱུར་ཏེ་མིའི་རིགས་ཀྱི་མ་འོངས་པར་ལམ་སྟོན་བྱེད་པའི་སྒྲོན་མེ་ལྟ་བུར་ཆགས་ཡོད།

     དུས་རབས་བཅུ་མདུན་དང་བཅྭོ་བརྒྱད་པའི་ནང་གི་ཨོ་གླིང་སྤྱི་ཚོགས་ལ་ཡར་ཐོན་གྱི་འདུ་ཤེས་འཁྲུངས་པ་དང་མིའི་རིགས་ཀྱི་ཕུགས་མདུན་ལ་འོད་སྣང་དང་རེ་བས་ཕྱུག་པར་ཡིད་ཆེས་བྱས། འདི་ལྟ་བུའི་སྤྲོ་སྣང་གི་བསམ་བློའི་རླབས་རྒྱུན་ལས་རིམ་བཞིན་བློ་འབྱེད་ལས་འགུལ་བསླངས་པ་རེད། འོན་ཏེ་སྐབས་དེ་དུས་མངོན་པར་གསལ་བའི་མཚན་ཉིད་རིག་པ་ནི་རྗེས་དཔག་རིང་ལུགས་དང་ཉམས་མྱོང་རིང་ལུགས་ལྟ་བུར་ཆགས་ཡོད་དེ། ཀུན་གྱིས་རྗེས་དཔག་གི་རིགས་པ་སྤྱད་དེ་དོགས་གནད་ཐམས་ཅད་ཐག་གཅོད་བྱེད་བཞིན་ཡོད་ལ། ཁོང་ཅག་གིས་མཐར་ཐུག་གི་དམིགས་ཡུལ་དངོས་ནི་“མིིའི་རིགས་ཀྱི་བདེ་སྐྱིད་འཚོལ་སྙེག་”གི་ལམ་ཁ་དེར་གཏད་ཡོད། དེའང་མིའི་བདེ་སྐྱིད་འཚོལ་དགོས་ཚེ་མཐའ་གཅིག་ཏུ་ཆོས་དད་ལ་བརྟེན་དགོས་པ་མིན་པར་རྗེས་དཔག་གི་ནུས་སྟོབས་མཐའ་དག་བཀོལ་ནས་འཛམ་གླིང་ལེགས་ལམ་དུ་བསྒྱུར་ཏེ་མིའི་རིགས་ཀྱི་རྨི་ལམ་དང་མཐུན་པའི་ལམ་ཁ་གཞན་ཡང་ཡོད་པར་རྟོགས།

     འོན་ཀྱང་དུས་སྐབས་ཤིག་ནས་“རྗེས་དཔག་“ཁོ་ན་ནན་བཤད་བྱས་པ་ལས་ཚོར་སྣང་དང་འདུ་ཤེས་(སྙིང་སྟོབས་དང་སྤོབས་པ)ཏེ་རྗེས་དཔག་ལས་གཞན་པའི་བློ་རིག་སྣང་མེད་དུ་བཏང་བས། བློ་འབྱེད་ལས་འགུལ་ཡང་མི་འགྱངས་པར་ཉེན་ཁའི་གནས་སུ་ལྷུང་ལ་ཉེ། གཞན་ཡང་། སྐབས་དེར་ཨོ་གླིང་ལ་མཚོན་ནའང་ཧ་ཅང་གཏན་འཇགས་མིན་པའི་སྣང་ཚུལ་མངོན་གྱིན་ཡོད་དེ། དཔེར་ན་མི་རིགས་རྒྱལ་ཁབ་ཏུ་གྲུབ་མ་ཐག་པ་ཡིན་ཡང་ཕན་ཚུན་གྱི་བར་དུ་ད་དུང་འཁྲུགས་རྩོད་རྒྱུན་ཆད་ཀྱིན་མེད་པ་དང་། ནཱ་ཕོ་ལོན་ཅོན་ཞི་ གཙོས་པའི་ཨོ་གླིང་གི་སྐམ་ས་ཆེན་མོ་ཡོངས་ལ་འཇན་མན་པས་ཤུགས་རྐྱེན་ཆེས་ཆེར་བཟོ་བཞིན་ཡོད། འཇར་མན་པས་(སྐབས་དེར་ཕི་རུ་སི་ཞེས་འབོད་ཀྱིན་ཡོད་)ཧྥ་རན་སི་བ་ལ་སྐད་ཡིག་སློབ་སྦྱོང་གི་སླད་དུ་དད་བཀུར་བྱེད་བཞིན་ཡོད། སྐབས་དེར་འཇར་མན་གྱི་མཚན་ཉིད་སྨྲ་བ་གང་མང་ཞིག་སྡུག་བསྔལ་གྱི་གནས་སུ་གྱར་ཡོད་དེ། ལྷག་པར་དུ་ཧྥེ་ཞི་ཐི་(J.G.Fichte,1762-1814)ལགས་ཧྥར་དམག་གི་བལྟ་སྲུང་འོག་པོ་ལན་སློབ་ཆེན་གྱི་མདུན་ནས་གཏམ་བཤད་ཐེངས་བཅུ་བཞི་སྤེལ་ཞིང་། གཏམ་བཤད་ཀྱི་ཁ་བྱང་ལ་《སྟོབས་ལྡན་འཇར་མན་པའི་རྒྱལ་དམངས་ལ་ཕུལ་བའི་གཏམ་》ཟེར། བསྟན་དོན་གཙོ་བོ་ནི་འཇར་མན་ནི་ཧྥ་རན་སིལས་དམན་པ་ཞིག་མིན་པ་དང་འཇར་ཡིག་ལའང་གདོད་མའི་ལོ་རྒྱུས་དང་ཁྱད་ཆོས་ལྡན་པས་མཐའ་གཅིག་ཏུ་ཧྥར་ཡིག་སློབ་ཆེད་དུ་ངོ་ཚ་མྱོང་མི་དགོས་པ་བསྟན་ཡོད། ཁོང་གིས་བརྩོན་སེམས་ཆེན་པོས་འཇར་མན་པ་ལ་འབོད་ སྐུལ་བྱ་རྒྱུ་གཞན་ཞིག་ནི། འཇར་མན་པས་བདག་ཉིད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་སློབ་གསོ་གསར་བའི་ལམ་ཁ་ཞིག་འདེམས་དགོས་པར་མ་ཟད། སྐྱེས་བུ་ཐུན་མོང་གིས་རང་ས་ནས་གསར་དུ་འགོ་བརྩམས་ཏེ་དེང་རབས་ཀྱི་དཔལ་འབར་བའི་རྒྱལ་དམངས་ཤིག་འཛུགས་དགོས་པའི་རེ་བ་བཏོན། འདི་ནི་མཚན་ཉིད་སྨྲ་བ་རང་གི་གཞི་རྩའི་མཚན་ཉིད་ཀྱི་ལྟ་ཕྱོགས་ཤིག་ཡིན་པར་བརྟེན་བདག་ཉིད་ཅེས་པ་ཏག་ཏག་འཕེལ་རྒྱས་ཀྱི་གཞི་རྩར་བཟུང་ཡོད།

     མཚན་ཉིད་རིག་པའི་ངོས་ཐད་ནས་གླེང་ན་ཁཱང་དྷིའི་རྗེས་ནས་འཕེལ་རྒྱས་དང་ཚད་དང་ལྡན་པའི་འགྱུར་ལྡོག་བྱུང་བ་རེད། ཀུན་གྱིས་མཁྱེན་གསལ་ལྟར་མཚན་ཉིད་སྨྲ་བ་ཁཱང་དྷི་ལགས་ཀྱིས་མིའི་རྗེས་དཔག་ནན་བཤད་བྱེད་ཀྱིན་ཡོད་ནའང་། རྗེས་དཔག་གིས་གཞལ་བྱའི་སྣང་ཚུལ་ཙམ་རྟོགས་ཐོབ་ཀྱང་“དེ་ཉིད་”དམ་“དངོས་པོའི་དེ་ཉིད་”ཚུལ་བཞིན་རྟོགས་མི་ནུས་པར་བཞེད། དེར་བརྟེན། ང་ཚོས་ཀུན་སྤྱོད་ལག་ལེན་གྱི་ལམ་བུ་བརྒྱུད་ནས་བདག་ཉིད་འཚོལ་དགོས་པར་གདམས། འོན་ཀྱང་ཧྥེ་ཞི་ཐི་ལགས་ཀྱི་དགོངས་བཞེད་ལྟར་ན་ལྟ་ཚུལ་འདིར་མི་འཐད་དེ། ཁོང་གིས་བདག་ཉིད་མངོན་སུམ་དུ་རྟོགས་ནས་དེའི་རིན་ཐང་གཏན་ཁེལ་བྱེད་པ་ལ་ངེས་པར་དུ་བདེན་དཔང་ཡོད་མི་དགོས་པར་བཞེད། སུ་ཞིག་གིས་དང་ཐོག་བསམ་གཞིག་གཏོང་སྐབས་ནས་བདག་ཉིད་ཅེས་པ་གསལ་ཐག་ཆོད་པ་ཞིག་ངོས་འཛིན་ཐུབ་བམ། དེ་བས་ད་དུང་མཚན་ཉིད་སྨྲ་བ་ཞོའོ་མོ་ལགས་ཀྱི་དགོངས་བཞེད་ལྟར་བདག་ཉིད་ནི་སྣང་ཚུལ་ཙམ་ཞིག་དུ་འདོད་པ་དེའང་ཧྥེ་ཞི་ཐིའི་ལྟ་སྤྱོད་དང་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད།

     གཞན་ཡང་གང་འདྲ་ཞིག་ལ་འཆར་ཡན་རིང་ལུགས་ཟེར་ཞེ་ན། རིང་ལུགས་འདི་ནི་དུས་རབས་བཅོ་བརྒྱད་པ་ནས་བཅུ་དགུ་པའི་སྟོད་ཙམ་དུ་དར་བ་ཞིག་ཡིན་ལ། འདིའི་ལངས་ཕྱོགས་ནི་བློ་འབྱེད་ལས་འགུལ་ཁྲོད་ཀྱི་རྗེས་དཔག་རིང་ལུགས་དང་ཉམས་མྱོང་རིང་ལུགས་བར་གྱི་རྒོལ་གཏམ་ཡིན། དེའང་རྗེས་རབས་པ་གང་མང་གིས་རྗེས་དཔག་ལ་ཡིད་རྟོན་བཅོལ་བས་རིང་ལུགས་འདིའི་ལྟ་བ་འཁྱོག་བཤད་དང་སྒྲིག་འཛུགས་ཁ་རལ་དུ་སོང་བ་རེད།

    འཆར་ཡན་རིང་ལུགས་ཀྱི་བཤད་བྱ་གཙོ་བོ་ནི་བརྩེ་དུང་དང་། འཆར་སྣང་། འདུན་པ་སོགས་ཡིན་ལ། སེམས་གཙོའི་ལྟ་ཕྱོགས་ལ་གཙིགས་འཛིན་བྱེད་ཀྱིན་ཡོད་སྟབས་ཡུལ་གྱི་ཚོད་འཛིན་ལ་འབྲེལ་བ་མེད་པར་བདག་ཉིད་ཀྱི་རྣམ་ཤེས་སམ་རྣམ་ཤེས་ཀྱི་ནུས་སྟོབས་ལ་མཐའ་མེད། ང་ཚོའི་འཇིག་རྟེན་ཉམས་མྱོང་ཕལ་ཆེ་བ་རྗེས་དཔག་ལ་བརྟེན་པ་བདེན་ཡང་དེ་དང་དུས་མཚུངས་སུ་འཇིག་རྟེན་ཉམས་མྱོང་ལས་འདས་པའི་རིགས་ཤིག་ལའང་བརྩི་བཀུར་ཞུ་འོས་ཏེ། གསར་རྩོམ་གྲུབ་པ་ནས་སྙན་ངག་དང་སྒྱུ་རྩལ་ལ་ལྟ་མཐོང་ཆེན་པོ་འཐོབ་པར་བཞེད་ཅིང་ཚབ་མཚོན་ཆེས་རྩེ་གྲས་ནི་ཀིརྟི་ལགས་ཀྱི་《ཧྥུ་ཧྲི་དྷི་》ཞེས་པའི་བརྩམས་ཆོས་དེའོ། ། མདོར་ན་མིའི་སྣང་བརྙན་དང་སྒྱུ་རྩལ་གྱི་ཁྱད་ཆོས། རིན་ཐང་བཅས་ནི་འཆར་ཡན་རིང་ལུགས་ཀྱི་རྩ་ལག་ཡིན།

    བློ་འབྱེད་ལས་འགུལ་ནས་འཆར་ཡན་རིང་ལུགས་བར་གྱི་དུས་སྐབས་ནི་ཧེ་ཀེར་གྱི་རིག་སྟོབས་ནར་སོན་པའི་དུས་རབས་ཀྱི་རྒྱབ་ལྗོངས་ཡིན།

  • གསལ་བཤད།

    འཕྲིན་སྟེགས་འདི་ནས་གསན་བསྟར་ཞུས་པའི་རྩོམ་ཡིག་དག་ལས་ནུབ་ཕྱོགས་མཚན་ཉིད་རིག་པའི་སྐོར་གྱི་འགྱུར་རྩོམ་རྣམས་དྲྭ་ཚིགས་དང་དུས་དེབ་སོགས་སུ་འགོད་པ་ལ་དངོས་སུ་རྩོམ་པ་བོའི་ཆོག་མཆན་འཐོབ་དགོས།


  • རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23650699
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།