ཨ་མ་ཞིག་གི་ཡ་ང་བའི་དངོས་བྱུང་གཏམ་རྒྱུད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཨ་མ་ཞིག་གི་ཡ་ང་བའི་དངོས་བྱུང་གཏམ་རྒྱུད།
ཨ་མ་ཞིག་གི་ཡ་ང་བའི་དངོས་བྱུང་གཏམ་རྒྱུད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-27ལྟ་ཀློག (4599)རྩོམ་ཁུངས: གླིང་སྲས་དྲ་ཚིགས།པར་འདེབ།

སྤྱང་དམག་དང་འཕྲད་པའི་ཨ་མ་ཞིག་གི་ཡ་ང་བའི་དངོས་བྱུང་གཏམ་རྒྱུད།

རྩོམ་པ་པོ།    ནགས་ཚང་ནུས་བློ། 

   ས་ཆ་འདི་ནི་ཁངས་འབབ་ས་ཞིག་རེད། དེ་རིང་སྔ་མོ་ཡང་ཁངས་བབས་འདུག ཕ་དྲིན་ཅན་གྱིས་དེ་རིང་ངེད་ཚོ་མཉམ་དུ་འགྲོ་ཆོག་ཟེར་ནས་ང་རང་ཁོའི་རྟ་འཕོངས་ལ་བཞག ངེད་ཚོ་རྫ་ལུང་ཞིག་གི་མདོ་ལ་ཐོན་དུས། དབུས་པ་སྔར་ལྟར་ལུང་ཁོག་ནས་གཤར་གྱིན་འདུག མཚམས་ཤིག་ལ་སྔོན་ནས་བོའུ་སྐད་འགའ་རེ་གྲགས་སོང་། དེ་དུས་ལུང་པའི་སྲིབ་ངོའི་གདོང་ཐོག་ཏུ་སྤྱང་ཀི་བཅུ་ལྷག་བུད་བྱུང་། ཕ་དྲིན་ཅན་གྱིས་སྔ་བ་ཚོས་ལམ་ནང་ནས་སྤྱང་ཀི་དཀྲོག་པ་ཡིན་རྒྱུ་རེད་གོ་ཟེར་ལ།ཨ་ནེས་སྤྱང་ཀི་ལམ་ནང་ནས་མ་དཀྲོག་ན་ཡང་བྲོས་ལོས་འགྲོ་ཟེར། ཕ་དྲིན་ཅན་གྱིས་རི་དྭགས་འདྲ་ཟ་བཞིན་ཡོད་ན་མི་འགྲོ་ན་ཡང་ཐང་། ལྷག་ཏུ་སྤྱང་དམག་འདྲ་ཡིན་ན་རྩ་མོ་བྱེད་ཨེ་འགྲོ་མི་ཤེས་ཟེར། སྤྱང་དམག་ལ་བོའུ་རྒྱག་མི་ཉན་པ་མིན་ནམ་ཞེས་ཨ་ནེས་དེ་ལྟར་དྲིས་པ་ན། ཨ་ཕས་ཉིན་དཀར་ཅུང་དྲག་རྒྱུ་རེད་ཟེར་སྐབས། ཡང་བོའུ་ཆ་རེ་འཕངས་སོང་ལ། གདོང་ཐོག་ཏུ་ཡང་སྤྱང་ཀི་ཉི་ཤུ་ལྷག་བུད་བྱུང་། ཨ་བུ་འཇའ་པེས་ཨ་ཕ་ཡང་སྤྱང་དམག་ཐོན་བྱུང་ཟེར་བར། ཕ་དྲིན་ཅན་གྱིས་སྤྱང་དམག་ཨེ་ཡིན་ན་ཟེར་ཞོར་དུ་ཡར་སོང་། ལུང་པའི་སུམ་མདོ་ལ་ཐོན་དུས། ལག་གཡོན་པའི་ལུང་ཆུང་ཞིག་གི་མདའ་སྒོའི་དག་ཁུགས་ན། སྐྱ་མི་མང་པོ་ཞིག་དང་གྲྭ་པ་རེ་གཉིས་ཀྱིས་རྟ་ཐོག་ནས་གད་པ་སྐོར་ནས་ཅི་ཞིག་ལ་བལྟས་འདུག དེ་དུས་མགོ་ལོག་སྦས་དགའ་ཡིས། ཨ་ལུ་འདུར་ཁོ། ཁྱོད་འདིར་ཤོག་དང་། ཟེར་ནས་ལག་གཡུག་བྱེད་ཞོར་དུ་འབོད་བཞིན་འདུགཕ་དྲིན་ཅན་ངེད་གཉིས་ཡར་ཁོང་ཚོ་ཡོད་སར་སོང་། ཨ་ནེ་དང་ཨ་བུ་གཉིས་དབུས་པའི་རྗེས་ནས་བུད་སོང་། དེའི་སྐབས་རི་ངོས་གདོང་ཐོག་གྱེན་ན་སྤྱང་ཀི་བཅུ་ལྷག་ད་རུང་ཁྱི་མོ་འོང་ཚུགས་བྱས་ནས་བསྡད་འདུགངེད་གཉིས་ཁོང་ཚོའི་རྩིབ་ཏུ་ཐོན་དུས་ངས་ཕར་བལྟས་པ་ན་གད་ཁུགས་སུ་མི་ཞིག་ཤི་ཡོད་པ་འདྲ། གད་ཐོག་གད་ཞབས་ཡོད་ཚད་ཀྱི་ཁངས་ཁྲག་གིས་དམར་པོ་བྱས་འདུག དེར་ཐོན་པ་ན། ཕ་དྲིན་ཅན་རྟ་ཐོག་ནས་བབས་ཏེ་རོ་དེའི་རྩིབ་ཏུ་སོང་། དེ་དུས་སྐྱ་མི་བཅུ་ལྷག་དང་གྲྭ་པ་གཉིས་གསུམ་ཡོད་པ་གཅིག་ཀྱང་རྟ་གོང་ནས་བབས་མི་འདུག ངའི་རྟ་ཁ་ཕ་དྲིན་ཅན་གྱིས་ཁྲིད་ཡོད་པས་ང་ནི་རྩིབ་དག་དག་ལ་ཐོན་སོང་། ཨ་ཁ་ཁ། ད་ནི་ངའི་མིག་ངོ་མ་འཁྲུལ་སོང་། ཁོང་ཚོས་སྐོར་ཡོད་པ་ནི་རོ་ཞིག་མིན་པར་རུམ་ནང་དུ་བྱིས་པ་ལོ་ཁ་གང་མེད་པ་ཞིག་བཟུང་ཡོད་པའི་ནག་མོ་ཞིག་རེད།མོའི་མགོའི་སྐྲ་ནག་སྦར་རེ་འདུག་ཅིང་། ལུང་ཡོངས་རྫོགས་གང་ལ་བལྟས་ན་ཡང་ཁྲག་གིས་སྦགས་འདུགརས་ཆོན་སྔོ་དམར་གཉིས་རྒྱག་བྱས་ཡོད་པའི་སློག་པ་ནི་སྐེད་པར་སྐེ་རགས་བསྡམ་ཡོད་སར་ཅུང་ཙམ་མ་གཏོགས་ལྷག་མེད་པར་གཞན་ཡོད་ཚད་གཙབ་ཤ་ཐེད་ཐོ་ཕུད་ཚར་འདུག མོའི་རྒྱབ་དང་ཁོག་སྨད། བརླ་ཤ ལག་པ་གཡས་གཡོན་གྱི་དཔུང་ཤ་ཐམས་ཅད་སྤྱང་ཀིས་བཟུང་ནས་བཀོག་ཚར་ལ། ཤ་དང་རྒྱུ་པ་ཤར་རི་ཤར་རེ་གཡུག་འདུག རྒྱབ་ཀྱི་སོག་པའི་ཞབས་དང་རྩིབ་གུའི་བར་གྱི་ཤ་ཡང་བཀོག་ཚར་ནས་གློ་ཐོག་ལ་རྨ་བྱས་ཡོད་པས་མོས་དབུགས་ལེན་དུས་ཁྲག་ནི་ཙུར་སྒྲ་གྲགས་ནས་བཞུར་ཡོང་གིན་འདུག མོའི་སྔོན་རྒྱབ་ཀྱི་ཐང་ཐོག་ཀུན་ཏུ་ཁྲག་དང་། སློག་པ་ཐེད་ཐོ་གང་སར་གཏོར་འདུག མོས་ལག་གཡོན་པས་བྱིས་པ་དེ་མོ་རང་གི་བྲང་ཁར་བཅར་ནས་བཟུང་འདུག ལག་གཡས་པའི་ནང་དུ་དངུལ་གྱི་ཕོག་གི་བསྒྲིགས་ཡོད་པའི་ཆབ་མ་ཞིག་བཟུང་འདུག དེ་དུས་མོས་ཕ་དྲིན་ཅན་ལ་མིག་གཅེར་ནས་བལྟས་འདུག ཧ་ཅང་མཚར་བ་ཞིག་ནི་མོའི་བྲང་ཁ་ལ་བཅར་ཏེ་བཟུང་ཡོད་པའི་བྱིས་པ་དེའི་མགོ་ལུས་ཡོད་ཚད་ལ་ཁྲག་གིས་གང་ཡང་ངུ་བཞིན་མེད་པར་ཕ་དྲིན་ཅན་ལ་མིག་ཁྲ་གོར་རེ་བལྟས་ནས་བསྡད་འདུག མི་སྔོན་མ་ཞིག་གིས་ངེད་ཚོས་རིག་དུས་སྤྱང་དམག་གིས་མོ་འཐེན་རྒྱང་བྱེད་ཀྱིན་འདུག་ལ་མོས་ཆབ་མ་མགོ་ལ་སྐོར་ནས་གཡུག་གིན་འདུག ངེད་ཚོས་སྤྱང་དམག་བོའུ་ཤད་ཚར་དུས་རྩིབ་ན་ཐོན་ཡང་སུ་གཅིག་རྟ་གོང་ནས་བབས་མ་ཕོད་པར་རྒྱང་ནས་བལྟས་ནས་བསྡད་ཟེར། ཕ་དྲིན་ཅན་རྩིབ་ལ་ཐོན་དུས། མོས་ཁ་གྲགས་མི་ཐུབ་ཀྱང་བྲང་གི་བྱིས་པ་ལ་མཛུབ་མོ་བཙུགས་ཏེ་མཐེ་བོང་བསྒྲེངས་ནས་བྱིས་པ་འཁྱེར་རོགས་ཟེར་བའི་བརྡ་བྱེད། ཕ་དྲིན་ཅན་གྱིས་བྱིས་པ་དེ་ཚུར་བླངས་ནས་ཁ་ངོ་དང་ལུས་ཐོག་གི་ཁྲག་ཕྱིས། དེ་ནི་ཞི་ལུ་ཞིག་རེད། ཁོའི་ལུས་ཐོག་ཏུ་རྨ་ཅུང་ཙམ་བྱས་མི་འདུག དེ་དུས་མགོ་ལོག་སྦས་དགས་བྱིས་པ་ཅི་བྱས་མེད་ན་ངས་འཁྱེར་འགྲོ།དཔོན་ཚང་ཚང་གིས་བདག་བྱ་རྒྱུ་རེད་ཟེར། ཕ་དྲིན་ཅན་གྱིས་ཞི་ལུ་དེ་སྦས་དགའི་ལག་ཏུ་བཞག ཁོས་ཞི་ལུ་རུམ་ནང་བཅུགས་ནས་གྲྭ་པ་ཚོ་དང་མཉམ་དུ་བུད་སོང་། ནག་མོ་དེས་ཁོང་ཚོ་འགྲོ་སར་བལྟས་ནས་ངོ་ལ་འཛུམ་མདངས་ཤིག་ཤར་ཞིང་མིག་ནས་མཆི་མ་བཞུར་ཞོར་དུ་ཕ་དྲིན་ཅན་ལ་མཐེ་བོང་སྟོན་གྱིན་འདུགད་ངེད་ཚོ་སྐྱ་མི་ལྔ་དྲུག་ཅིག་ལྷག་ཡོད། དེ་དུས་མི་ཞིག་གིས་ཨ་ཁ་ད་སྡུག་དེ། འདི་ད་དུང་ཡུན་རིང་ཞིག་ལ་ཤི་རྒྱུ་མ་རེད། ཡང་སྤྱང་དམག་ཡོང་ནས་ཟ་རྒྱུ་རེད་ཟེར། ཡང་གཅིག་གིས། ད་བསྐྱུར་རྒྱུ་མ་གཏོགས་ངེད་ཚོས་འདི་ཤི་སྒུག་བྱེད་ཡུམ་ཐུབ་ན་ཞེས་སོགས་འདྲ་མིན་མང་པོ་བཤད། དེའི་སྐབས་སུ་ནག་མོ་དེས་མགོ་ཡར་བཀྱགས་ཐུབ་ཀྱིན་མི་འདུག་ལ་མོས་ཡང་ནས་ཡང་དུ་ཕ་དྲིན་ཅན་ལ་མཐེ་བོང་སྟོན་ཞིང་ཕ་དྲིན་ཅན་གྱི་བོའུ་ལ་མཛུབ་བརྡ་བྱེད་ཀྱིན་འདུག དེར་ཡོད་ཐམས་ཅད་ལ་ཧ་ཅང་གསལ་འདུག་ལ། ངས་ཀྱང་ཧ་གོ་སོང་། མོ་ལ་བོའུ་རྒྱག་རོགས་ཟེར་གྱིན་འདུག མི་ཞིག་གིས་ཨ་ཁ་བོའུ་བཀའ་འགྱུར་རྒྱག་རྒྱུ་ཡོད་ན། བསྐྱུར་བཞག་ལ་ག་ལེར་ཤི་རྒྱུ་རེད་ཟེར།ཡང་གཅིག་གིས་བོའུ་བརྒྱབ་ན་དགའ་རྒྱུ་རེད། དེ་མིན་ཡང་སྤྱང་དམག་གིས་ཟ་རྒྱུ་རེད་ཟེར། དེ་དུས་མོའི་མིག་ནས་མཆི་མ་བཞུར་ཞོར་ཕ་དྲིན་ཅན་ལ་མཐེ་བོང་བསྟན་གྱིན་འདུག ཨ་ཞང་མགོན་ཚེ་ཡིས། ཡ་འདུར་ཁོ། ཅི་ཡིན་ན་ཡིན། མྱུར་བ་དབུགས་རྔ་བླངས་བཞག་ན་དགའ་བ་འདྲ། ཟེར་བ། ཕ་དྲིན་ཅན་གྱིས་བོའུ་ཡར་བཀྱགས་ནས་ཁོག་ལ་མདའ་དེད། རྟ་བ་ཀུན་ཕར་བཀྱེད། མོས་སྔར་ལྟར་ཕ་དྲིན་ཅན་ལ་བལྟས་ནས་མཐེ་བོང་སྟོན་གྱིན་འདུགཕ་དྲིན་ཅན་གྱིས་བོའུ་མར་བཞག་ནས། གསེར་ཡུམ་འདོན་ལག་འགུལ་ཐུབ་ཀྱིན་མི་འདུག་ཟེར་ཞོར་མོའི་རྩིབ་ཏུ་སོང་ནས་སློག་པ་ཐེད་པོ་མོའི་ཐོག་ལ་བཀབས།མོའི་ལུས་སྟོད་སྨད་ཀུན་ན་ཤ་མང་པོ་ལྷག་མི་འདུག རྒྱུ་མ་ཡང་ས་ཐོག་ན་ནར་འདུག ངའི་སེམས་སུ་བླ་མ་དཀོན་མཆོགའདི་འདྲ་ཡིན་ན་མི་ཟེར་བ་ཤི་རྒྱུ་དེ་འདྲ་སླ་མོ་ཞིག་མིན་པ་འདུག ཅི་ཡིན་ནམ། འདི་ནི་བྱིས་པ་སེམས་སུ་དྲན་ནས་ཤི་མ་ཐུབ་པ་ཡིན་རྒྱུ་རེད། སྙིང་རྗེ་སོགས་བསམ་བྱུང་། དེ་དུས་ཕ་དྲིན་ཅན་གྱིས་སྐད་མཐོན་པོས་ནག་མོ་དེ་ལ། ཞི་ལུ་ཁྱོས་སེམས་ཁྲལ་བྱེད་མི་དགོས། ཁྱོད་ཤི་ཚར་དུས་ངས་ཁྱོད་ཀྱི་ཅོ་ཏོ་དགའ་ལྡན་དུར་ཁྲོད་དུ་འཁྱེར་འགྲོ་ཟེར་བར། མོའི་ངོ་ལ་འཛུམ་ཞིག་ཤར་ཞོར་དུ་ཕ་དྲིན་ཅན་ལ་བལྟས་ནས་མཐེ་བོང་བསྟན་འདུག དེ་དུས་ཡང་ཨ་ཞང་གིས། ཡ་ཁོ་རེ། ད་ཅི་ཡིན་ན་ཡིན་དེའི་དབུགས་རྔ་ལོངས་ཤོག སྤྱང་ཀིས་ངན་གསོད་བྱེད་པ་ལས་དགའ་རྒྱུ་རེད་ཟེར། ཨ་ཞང་གིས་སྐད་ཆ་བཤད་མ་ཚར་གོང་ནས་བོའུ་སྐད་གྲགས་བྱུང་། ངས་ཕར་བལྟས་པ་ན། ནག་མོ་དེའི་ཐོད་པའི་ཐོག་ལ་བོའུ་བརྒྱབ་ནས་མགོ་གཏོར་འདུགདེར་ཡོད་ཐམས་ཅད་ཀྱིས་མ་ཎི་འདོན། ཕ་དྲིན་ཅན་གྱིས་གྲི་བླངས་ནས་ནག་མོ་དེའི་མགོའི་སྐྲ་ཅུང་ཟད་བཅད་དེ་རུམ་ནང་དུ་བཅུགས། དེ་ནས་ངེད་གཉིས་རྟ་ཞོན་ནས་རོགས་པ་ཚོ་དང་མཉམ་དུ་བུད་སོང་། ཕ་དྲིན་ཅན་གྱིས་རྟ་ཞོན་སྐབས་ཅི་དྲན་པ་ཡིན་མ་ཤེས་ཀྱང་མིག་ནས་མཆི་མ་ལྷུང་གིན་འདུག ཡང་ཅུང་ཟད་སོང་རྗེས་ངས་རྟ་འཕོངས་ནས་ཕྱིར་བལྟས་ཤིག་བྱས་པས་ནག་མོ་དེ་ཡོད་སའི་གད་ཁུགས་སུ་སྤྱང་དམག་ཚུར་ཡོང་གིན་འདུག ངའི་སེམས་ལ། ད་རེད་སོང་། མོ་སྤྱང་ཀིས་ངན་གསོད་བྱེད་པ་ལས་ན་ཚ་མེད་པའི་བོའུ་བརྒྱབ་ནས་བསད་བཞག་པ་དགའ་སོགས་བསམ། ཡང་ཅུང་སོང་རྗེས་ངའི་སེམས་སུ། མ་དྲིན་ཅན་ཟེར་བ་སྙིང་རྗེ། སྤྱང་དམག་གི་ཁ་ནས་རང་གི་ལུས་ཐོག་ན་ཤ་ལག་མཐིལ་འདྲ་ལྷག་མེད་ལ། ཁོག་སྟོད་སྨད་ཐམས་ཅད་སྤྱང་ཀིས་བཟུང་ནས་སྟོད་ཀྱི་གློ་བ་རིག་འདུག་ཅིང་སྨད་ཀྱི་རྒྱུ་མ་ས་ལ་དྲུད་འདུགའོན་ཀྱང། མོས་བྲང་ཁར་བཅར་ཏེ་བཟུང་ཡོད་པའི་བུ་ཆུང་ནི་སྤྱང་དམག་གིས་སོ་ཁམ་གཅིག་བྱེད་ཐུབ་མི་འདུག་པ་འདི་ནི་ང་རང་གིས་མིག་གིས་དངོས་སུ་རིག་པ་མིན་ན་དྲིན་ཆེན་ཕ་མ་འདྲ་ཞིག་གིས་བཤད་ཀྱང་བདེན་པར་བཟུང་རྒྱུ་མ་རེད། དེ་རིང་གཞན་གྱིས་བཤད་མི་དགོས་པར་ང་རང་གིས་རིག་སོང་། ངས་མོ་རང་གི་ལུས་ཤ་ཁྲག་སྤྱང་ཀིས་ཟོས་ཀྱང་བྱིས་པ་མོ་རང་གི་བྲང་ཁ་ལ་བཅར་ནས་བཟུང་ཡོད་པ་རིག་སོང་། ངས་མོ་རང་སྤྱང་དམག་གིས་འཐེན་རྒྱང་བྱས་ཏེ་གཙབ་ཤ་འཁོར་ལོ་བྱས་འདུག་ཀྱང་བྱིས་པ་ནི་སོ་ཁམ་གཅིག་གོས་མེད་པ་རིག་སོང་། ངས་མོས་ཕ་དྲིན་ཅན་ལ་བྱིས་པ་ཁུར་རོགས་ཟེར་བའི་རེ་བའི་མིག་བརྡ་བྱེད་པ་རིག་སོང་ལ་བྱིས་པ་ལག་ནས་ཁུར་རྗེས། མོ་བློ་སེམས་བདེ་བའི་འཛུམ་མདངས་ཀྱི་མིག་ཆུ་ཡང་རིག་སོང་། མོ་རྨས་སྐྱོན་འདི་འདྲའི་ཚབས་ཆེན་ཞིག་ཕོག་ཀྱང་ཤི་མི་ཐུབ་པའི་ཚེ་སྲོག་གི་སྟོབས་ཤུགས་འདི་འདྲ་ཞིག་གང་ནས་ཡོང་བ་རེད། མོ་རང་སྤྱང་དམག་གིས་གཙབ་ཤ་འཁོར་ལོ་བྱས་ཀྱང་མོས་ཆབ་མ་ཞིག་གཡུག་ནས་བུ་ཆུང་ལ་རྨས་སེན་ཁ་འདྲ་ཞིག་དང་། ཁྲག་ཐིགས་པ་གཅིག་བཞུར་མ་ཤོར་བ་འདི་འདྲའི་དཔའ་ངར་གྱི་ནུས་སྟོབས་ཤིག་གང་ནས་ཐོན་པ་ཡིན་ནམ་སྙམ། འདི་ཚང་མ་ལ་ལན་ཞིག་མེད་པ་གང་ནས་སྲིད་དེ། མོ་ནི་ཨ་མ་རེད། འདི་ནི་མ་དྲིན་ཆེན་གྱི་རླབས་ཆེ་བའི་སྙིང་རྗེ་དང་། བརྩེ་གདུང་གི་སྟོབས་ཤུགས་རེད། འདི་ནི་མ་དྲིན་ཆེན་གྱི་རླབས་ཆེ་བའི་གཅེས་དུང་གི་ནུས་སྟོབས་རེད། ཕ་དྲིན་ཅན་གྱིས་མི་གསོད་རྟ་འདེད་ཅི་འདྲ་ཞིག་བྱས་མེད། མིག་ནས་མཆི་ལ་ཞིག་བཞུར་ག་ལ་མྱོང་། དེ་རིང་ཁོས་མིག་ནས་མཆི་མ་ཤོར་དོན་ནི། རྒྱུ་མཚན་འདི་དག་དྲན་པ་ཡིན་རྒྱུུ་རེད་མ་གཏོགས། ནག་མོ་ཞིག་གི་ཤི་སྡིག་ལ་སྐྲག་ནས་མིག་ནས་མཆི་མ་མི་ཤོར་ཁོ་ཐག་ཡིན་པ་རེད་སོགས་སེམས་སུ་མི་དྲན་དགུ་དྲན་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501537
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།