མགུལ་རྒྱན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »མགུལ་རྒྱན།
མགུལ་རྒྱན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-12ལྟ་ཀློག (13871)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགུལ་རྒྱན།

མའོ་པོ་སང་གིས་བརྩམས།
 ཁ་སྒང་གཡང་འབུམ་ཚེ་རིང་གིས་རྒྱ་ཡིག་ལས་བསྒྱུར། 

    མོ་ཡང་མཛེས་ཤིང་ཡིད་དུ་འོང་བའི་བུ་མོ་ཞིག་རེད། སྔོན་བསགས་ཀྱི་ལས་དབང་དམན་སྟབས་ལག་ཤེས་པ་ཞིག་གི་ཁྱིམ་དུ་སྐྱེས། མོར་རྫོང་སྐལ་གྱི་རྒྱུ་ནོར་མེད་ལ། ཐབས་ཤེས་སྤྱད་ནས་འབྱོར་ལྡན་ངོ་སོ་ཆེ་བའི་མི་ཞིག་ལ་ངོ་ཤེས་དང་རྒྱུས་ལོན། དགའ་རུ་བཅུག་སྟེ་གཉེན་སྒྲིག་པ་སོགས་བྱེད་ཐབས་མེད། འོན་ཀྱང་། མཐའ་མར་མོས་སློབ་གསོ་ཚན་ཁག་གི་དྲུང་ཡིག་ཅིག་དང་གཉེན་བསྒྲིགས།   མོར་གྱོན་གོས་བབ་ཆགས་ལས་གོན་རྒྱུ་མེད་པས་མོས་མཛེས་རྒྱན་སྤྲས་པར་དོ་སྣང་བྱེད་མི་ཐུབ།དེ་བས། མོར་ཐོབ་ཐང་མར་ལྷུང་བ་དང་འདྲ་བར་སྡུག་བསྔལ་ཧ་ཅང་ཆེ། རྒྱུ་མཚན་ནི། མཛེས་སྡུག་དང་ལང་ཚོ། སྒེག་ཉམས་ལ་སོགས་ནི་བུད་མེད་ཚོའི་ཁྱད་ཆོས་གཙོ་བོ་ཡིན་ལ། སྐྱེས་ཐོབ་ཀྱི་ཤེས་རབ་དང་ཕུལ་བྱུང་གི་བློ་རིག་བཀྲ་བ། ཞི་ཞིང་འཇམ་པའི་ངང་རྒྱུད་བཅས་ནི་བུད་མེད་ཚོའི་འཇོན་ཐང་ཁོ་ན་ཡིན་པས་སོ།།
      མོས་མོ་འཇིག་རྟེན་འདིར་སྐྱེས་པ་ནི་རང་རློམ་དང་བག་མེད་རྒྱས་སྤྲོས་ཀྱི་འཚོ་བ་རོལ་རྒྱུའི་ཆེད་དུ་ཡིན་སྙམ་ཡོད། དེ་རྐྱེན་གྱིས་མོར་མུ་མཐུད་དུ་སྡུག་བསྔལ་གྱིས་མནར་ཞིང་བལྟ་བར་མི་བཟོད་པའི་འདུག་ཁང་དང་། ཞིག་རལ་དུ་གྱུར་བའི་གྱང་ལྡེབས། ཁྱིམ་ཆས་རྙིང་བ། གོས་ཀྱི་རྒྱུ་ཆ་ཐབས་ཆག་ཡིན་པ་སོགས་ཀྱིས་མོར་ཉོབ་སྣང་དྲག་པོ་བཟོ་བཞིན་ཡོད། དངོས་པོ་འདི་དག་མོ་དང་ཐོབ་ཐང་མཉམ་པའི་བུད་མེད་གཞན་གྱི་ཡིད་ལ་འཇགས་མི་སྲིད་མོད། འོན་ཀྱང་། རྐྱེན་དབང་དེས་མོར་དངོས་གནས་སྡུག་བསྔལ་ཞིང་སེམས་སྐྱོ་བར་བྱས། མོས་རང་ཉིད་ཀྱི་ཚབ་བྱས་ནས་ཁྱིམ་ལས་ཙག་ཙིག་ལས་མཁན་པོ་ལེ་ཏ་ཉེའུ་ཞིང་ཆེན་གྱི་གཡོག་མོ་ཆུང་ཆུང་དེར་བལྟས་ནས་སེམས་ལ་རང་དབང་མེད་པར་ན་ཟུག་ཅིག་བྱིན་པ་དང་རྙོག་འཛིང་གི་སྣང་བ་ཞིག་བྱུང་། མོ་དབེན་འཇགས་ཀྱི་ཚོམས་ཁང་དེ་དག་ལ་ཡིད་སྨོན་འཆོར། དེ་ཤར་ཕྱོགས་ཀྱི་ཡོལ་བས་བརྒྱན་ལ། མཁར་གློག་རྩ་ཆེན་རེ་བཀར་ཡོད། ད་དུང་རྐང་ཐུང་གྱོན་པའི་གཡོག་པོ་གཉིས་འདུག་པ་དེ་རྐུབ་སྟེགས་ཆེན་པོའི་སྟེང་ལོག་ནས་བསྡད་འདུག དྲོད་གཏོང་འཕྲུལ་ཆས་ཀྱི་དྲོད་འཇམ་གྱིས་མོ་གཉིད་ཡུར་རྒྱག་ཏུ་བཅུག མོ་ཁོད་ཡངས་པའི་མགྲོན་ཁང་དག་གི་ནང་ལ་ཡིད་དབང་ཤོར། དེར་གནའ་རབས་རྒྱན་རིས་ཀྱི་གྱོན་གོས་བཀལ་ཞིང་། མཚར་ཆེ་ཞིང་བཀོལ་བདེ་བའི་ཤིང་སྒྲོམ་འཛིན་ཆས། རྩ་ཆེན་གྱི་གནའ་རྫས་སོགས་འདུག མོའི་ཡིད་དབང་མཛེས་ཤིང་ཡིད་དུ་འོང་ཞིང་དྲི་བསུང་སྣ་ལ་འཐུལ་བའི་ཁང་ཆུང་ཞིག་གི་ནང་དུ་འཁོར། དེ་རིང་ཕྱི་དྲོའི་དུས་ཚོད་ལྔ་བའི་སྟེང་། མོས་མོའི་མཛའ་གྲོགས་དང་གླེང་མོལ་བྱས། ཡང་ན། ཡིད་སྨོན་འཆོར་སའི་སྤྱིར་བཏང་གི་བུད་མེད་དང་འགྲོགས་བདེའི་ཕོ་གསར་དག་དང་ཁོམ་གླེང་བྱས།
མོས་ཉིན་གསུམ་ལ་མ་བཀྲུས་པའི་སྒྲོག་ཁེབས་བཀབ་ཡོད་སའི་སྒྲོག་ཙེ་སྒོར་མོའི་འཁྲིས་སུ་དགོང་ཟས་ཟ་སྐབས་ཁ་གཏད་དུ་ཡོད་པའི་མོའི་སྐྱེས་པས་ཤ་ཁུ་སྐོལ་ཡོད་པའི་བ་མའི་ཁ་ཕྱེ་ནས་ཆེས་ཆེར་དགའ་བའི་རྣམ་འགྱུར་དང་བཅས་བཤད་རྒྱུར།"ཨ་ལ་ལ།འདི་འདྲའི་ཤ་ཁུ་ཞིམ་པོ་ཞིག་འདིའི་ཡན་ན་ད་ཟས་ཞིམ་པོ་ཡོད་རྒྱུ་མ་རེད།"སྐབས་དེར། མོ་ཁྱད་དུ་འཕགས་པའི་དགོང་ཟས་དང་འོད་ཆེམ་ཆེམ་འཕྲོ་བའི་དངུལ་ཆས་དེ་དག་གི་སྟེང་ལ་ཡིད་འཁོར། ད་དུང་གྱང་སྟེང་ལ་བཀལ་ཡོད་པའི་རྩིད་ལྭ་དེའི་སྟེང་དུ་གནའ་བོའི་ཆ་ལུགས་ཀྱི་མི་སྣའི་སྣང་བརྙན་བཞེངས་ཡོད་ཅིང་། དེའི་སྟེང་གི་ལྷ་ཡུལ་ལྟ་བུའི་མཛེས་ལྗོངས། ངོ་མཚར་ཆེ་བའི་འདབ་ཆགས་དག་ལ་ཡིད་འཁོར་ཞིང་། མོ་རྩ་ཆེ་བའི་སྡེར་མའི་ནང་གི་རོ་མཆོག་ཚལ་རིགས་སྟེང་དུ་ཡིད་འཁོར། མོས་ཕྱོགས་གཅིག་ནས་ལོ་ཉ་དམར་སྐྱའི་ཤ་ཟ་བ་དང་བྱ་གོང་མོའི་གཤོག་པ་ཟ་བ།ཕྱོགས་གཅིག་ནས་ཡིད་འཕྲོག་འཛུམ་མདངས་ཤིག་མངོན་བཞིན་མགྲོན་པོ་ཚོའི་གསང་གཏམ་ལ་རྣ་བ་གཏད།  མོར་གྱོན་ཆས་བཟང་བོ་དང་རིན་ཆེན་མུ་ཏིག་སོགས་ཅི་ཡང་མེད། འོན་ཀྱང་། མོ་ཏག་ཏག་འདི་དག་ལ་དགའ། མོའི་བསམ་པར་མོ་འཇིག་རྟེན་འདིར་གསོན་པ་ནི་འདི་དག་གི་ཆེད་དུ་ཡིན་པར་འདོད། མོས་ནམ་ཡང་། གཞན་སེམས་འགུག་རྒྱུ་དང་གཞན་ལ་ཡིད་སྨོན་འཆོར་འཇུག་རྒྱུ། ད་དུང་བསླུ་བྲིད་ཀྱིས་གཞན་གྱི་བརྩེ་དུང་ཐོབ་རྒྱུར་རེ་སྙེག་བྱེད་བཞིན་ཡོད། 
     མོར་གྲོགས་མོ་རྒྱུ་ཆེན་ཞིག་ཡོད། དེ་ནི་མོ་བུད་མེད་སློབ་གྲྭའི་སློབ་གསོའི་ཚན་ཁག་ན་ཡོད་པའི་སྐབས་ཀྱི་སློབ་གྲོགས་ཤིག་རེད། འོན་ཀྱང་། མོ་སློབ་གྲོགས་དེ་ལ་བལྟ་རུ་འགྲོ་མི་འདོད། རྒྱུ་མཚན་ནི། མོས་སློབ་གྲོགས་དེ་མཐོང་རྗེས་རང་ལ་སྡུག་བསྔལ་ཆེན་པོ་ཞིག་སྐྱེས་སྲིད་པར་དོགས། མོ་སེམས་སྐྱོ་བ་དང་ཁོང་ཁྲོ་ལངས་པ། འགྱོད་པ་སྐྱེས་པ། ཡིད་ཆད་དང་དཀའ་ངལ་ལ་འཕྲད་དེ་ཉིན་ཧྲིལ་བོ་འགའ་ལ་ངུས་ནས་འདུག་དགོས་བྱུང་།
ཡིན་ཡང་། ཉིན་ཞིག་གི་ས་སྲོད་ཀྱི་དུས་སུ། མོའི་སྐྱེས་པས་ལག་ཏུ་འཕྲིན་ཡིག་ཅིག་ཁྱེར་ནས་དགའ་སྣང་ཆེན་པོས་ཕྱིར་ཐོན་བྱུང་། "ལྟོས་དང་།"ཁོས་མི་མཐུད་དུ་བཤད་རྒྱུར་"འདིར་དངོས་པོ་ཆུང་ཆུང་ཞིག་ཡོད་པ་ཁྱོད་ལ་སྟེར"མོས་དགའ་དགའ་སྤྲོ་སྤྲོའི་ངང་ཡིག་ཐུམ་ཁ་ཕྱེས་ནས་གདན་ཞུ་ཡི་གེ་ཞིག་ཕྱིར་བླངས། དེའི་སྟེང་ཡི་གེ་འདི་དག་དཔར་ཡོད། "སློབ་གསོ་ཚན་ཁག་གི་འགོ་གཙོ་ཆོད་ཀྲི་ ལང་པོ་ནོ་ཅུའུ་(乔治.郎伯诺及)ལྕམ་མོས་སྐུ་ཞབས་ལོ་བཱ་ཙད་(路瓦栽)་དང་ཁོང་གི་ལྕམ་མོ་གཉིས་ཟླ་དང་བོའི་ཚེས་བཅོ་བརྒྱད་ཉིན་(གཟའ་ཟླ་བ)སློབ་གསོའི་ཚོགས་ཁང་ཆེན་མོར་ཕེབས་ནས་དགོང་ཚོགས་ལ་ཞུགས་པར་དགའ་བསུ་ཞུ།"
མོ་མོའི་སྐྱེས་པའི་ཚོད་དཔོག་བྱས་པ་ནང་བཞིན་ཞིག་དགའ་བོ་མ་བྱུང་། མོས་སུན་སྣང་གིས་གདན་ཞུ་ཡི་གེ་སྒྲོག་སྟེགས་སྟེང་དུ་གཡུགས་ནས། ཤུ་རིང་འདོན་བཞིན་བཤད་རྒྱུར།  "ཁྱོད་ཀྱིས་ང་ལ་འདི་བྱིན་ནས་ཅི་ཞིག་བྱེད།"“མ་རེད་ཡ། སྙིང་ཉེ་ལགས། ངས་མ་གཞི་ཁྱོད་དགའ་ངེས་ཡིན་སྙམ། ཁྱོད་ནམ་རྒྱུན་ཕྱིར་བུད་མྱོང་མེད་པས་འདི་གོ་སྐབས་ཤིག་རེད། གོ་སྐབས་བཟང་བོ་ཞིག་རེད། ངས་ནུས་ཤུགས་གང་ཡོད་བཏོན་ནས་ལག་ཏུ་ཐོན་པ་ཡིན། ཀུན་གྱིས་འདི་ཐོབ་པར་རེ་བ་བྱེད་བཞིན་ཡོད་མོད། འོན་ཀྱང་ཐོབ་དཀའ། རྒྱུན་དུ་ལས་ཚན་པར་བྱིན་པ་ཧ་ཅང་ཉུང་། ཁྱོད་ཀྱིས་དེར་ཡོན་བདག་གྲངས་མེད་ཅིག་མཐོང་ཐུབ།"མོ་འཚིག་པ་ཟོས་ནས་ཁོར་ལྟ་བཞིན། ཉོབ་སྣང་དང་བཅས་སྐད་ཤུགས་ཆེན་པོས་བཤད་རྒྱུར།"ཁྱོད་ཀྱིས་ང་ལ་ཅི་ཞིག་གྱོན་དུ་འཇུག་རྩིས་ཡོད་དམ།"ཁོང་གིས་དེ་ཕྱོགས་ལ་བསམ་བློ་བཏང་ཡོད་པས་ངག་ལྡབ་ལྡིབ་ཀྱིས་བཤད་རྒྱུར།"ཁྱོད་ཀྱིས་ཟློས་གར་ཁང་ལ་འགྲོ་སྐབས་གྱོན་པའི་ལྭ་བ་དེ་གྱོན་དང་། ངས་བལྟས་ན་དེ་ཧ་ཅང་ཡག"ཁོ་སྐྲག་ཐག་ཆོད་ནས་ག་བྱེད་འདི་བྱེད་མ་ཤེས་པར་ཁ་རོག་གེར་བསྡད། རྒྱུ་མཚན་ནི་ཁོང་གི་ཆུང་མ་ངུས་བྱུང་། མིག་ཆུ་རྡོག་པོ་ཆེན་པོ་གཉིས་མིག་མཐའ་བརྒྱུད་ནས་འདྲིལ་ཏེ་མཆུའི་འགྲམ་དུ་བཞུར། ཁོང་གིས་ངག་འདར་འདར་གྱིས་བཤད་རྒྱུར།"ཁྱོད་ཅི་རེད། ཅི་རེད།"ཁོང་གིས་ནུས་ཤུགས་གང་ཡོད་བཏོན་ནས་ད་གཟོད་སྐྱོ་སྣང་ཆེན་པོར་བཟོད་བསྲན་བྱེད་ཐུབ་པ་བྱུང་། མོས་འགྲམ་པའི་སྟེང་གི་མིག་ཆུ་ཕྱིས་རྗེས་ངག་འཇམ་པོས་བཤད་རྒྱུར།"ཅང་མ་རེད། གྱོན་གོས་ཡག་པོ་ཞིག་གྱོན་རྒྱུ་མེད་པས་ང་དགོང་ཚོགས་དེར་ཞུགས་མི་ཐུབ་ཁྱོད་ཀྱི་ལས་གྲོགས་ཁྲོད་སུའི་ཆུང་མས་རྒྱན་ཆ་སྤྲས་པ་ང་ལས་ལྷག་ན། གདན་ཞུ་ཡི་གེ་དེར་བྱིན་ཅིག"
ཁོང་གིས་དེར་མ་བཟོད་པར་མུ་མཐུད་དུ་བཤད་རྒྱུར།"ཆོག་གི། མ་ཏེ་ཨར་ཏི་(玛蒂尔德)ཁྱོད་ལ་ཚོགས་ར་གཞན་ནས་ཀྱང་གྱོན་ཆོག་ལ་བབ་ཆགས་པའི་འོས་འཚམ་གྱི་ལྭ་བ་སྟབས་བདེ་ཞིག་བཟོ་རུ་བཅུག་ན་སྒོར་ག་ཚོད་དགོས་སམ།"མོས་སྐར་ཆ་འགའ་ལ་འདང་བརྒྱབ་རྗེས་གྲངས་ཀ་ཞིག་སྡོམ་རྩིས་བྱས། མོས་གྲངས་ཀ་འདི་གླེང་ན། གྲོན་ཆུང་བྱེད་པར་དགའ་བའི་དྲུང་ཡིག་གིས་གློ་བུར་དུ་ཁས་མི་ལེན་པ་དང་དངངས་སྐྲག་སྐྱེས་ནས་སྐད་བརྒྱབ་མི་ཡོང་ངམ་སྙམ།   མཇུག་མཐར། མོས་སོམ་ཉིའི་ངང་ལན་བཏབ།
     "རིན་གོང་དངོས་དེ་ངས་མི་ཤེས། འོན་ཀྱང་། ངས་བསམ་པར་ཧྥ་སྒོར་བཞི་བརྒྱས་འདང་ངེས།"ཁོང་གི་ངོ་གདོང་སྐྱ་བོར་གྱུར། ཏག་ཏག་ཁོང་གིས་སྒོར་འདི་ཙམ་ཞིག་དངུལ་ཁང་དུ་བཅོལ་ཡོད་ལ། དེ་ཡིས་རྔོན་མདའ་ཞིག་ཉོས་ཏེ་དབྱར་དུས་ཀྱི་གཟའ་ཉི་མར་གྲོགས་འགའ་དང་མཉམ་དུ་ནན་ཏད་ཨར(南代尔)རྩྭ་ཐང་ལ་རི་བྱིའུ་རྔོན་དུ་འགྲོ་རྒྱུར་གྲ་སྒྲིག་བྱས་ཡོད།ཡིན་ན་ཡང་། ཁོང་གིས་བཤད་རྒྱུར་"འདི་ལྟར་བྱེད། ངས་ཁྱོད་ལ་ཧྥ་སྒོར་བཞི་བརྒྱ་སྟེར། འོན་ཀྱང་ཁྱོད་ཀྱིས་ངེས་པར་དུ་སྨད་གཡོག་ཡག་པོ་ཞིག་བཟོ་རུ་ཆུགས།"དགོང་ཚོགས་ཀྱི་དུས་ཚོད་ཐོན་ལ་ཉེ་ཞིང་མོའི་ལྭ་བ་ཡང་བཟོས་ཚར། འོན་ཀྱང་ལོ་བཱ་ཙད་(路瓦栽)ཡིད་མུག་པ་དང་བློ་མི་བདེ་བ། སེམས་ཁྲལ་ཆེ་རུ་གྱུར། ཉིན་ཞིག་གི་མཚན་མོར་མོའི་སྐྱེས་པས་བཤད་རྒྱུར། "ཅི་རེད། ལྟོས་དང་། ཉིན་འདི་དག་ཏུ་ཁྱོད་ཧ་ཅང་ཡ་མཚན་ཞིག་རེད།"མོས་ལན་དུ་"ང་ཡིད་མུག་པ་ནི་མུ་ཏིག་དང་ནོར་བུ་སོགས་ཅི་ཡང་འདོག་རྒྱུ་མེད་པས་རེད། ངས་གང་སར་དབུལ་ཕོངས་ཀྱི་ཉམས་ཤིག་བཏོན་ནས་དགོང་ཚོགས་འདིར་ངོ་མ་ཞུགས་མི་འདོད།"ཁོས་བཤད་རྒྱུར། "མེ་ཏོག་གསར་སྐྱེས་འགའ་ཐོགས་དང་། དུས་ཚིགས་འདིར་མེ་ཏོག་ཧ་ཅང་སྐབས་མཐུན་རེད། ཧྥ་སྒོར་བཅུས་རྒྱ་སེ་མེ་ཏོག་ཐུན་མོང་མ་ཡིན་པ་འགའ་ཉོ་ཐུབ་ངེས།"མོའི་བློ་ཐོག་ཏུ་མ་ཁེལ་བར"མི་ཆོག་ལྕམ་མོ་ཆེན་པོའི་ཁྲོད་ནས་དབུལ་བོའི་རྣམ་པ་མངོན་ཚེ་བཟོད་དཀའ་བར་འདུག"མོའི་སྐྱེས་པས་སྐད་ཆེན་པོས་"ཁྱོད་འདི་ཅི་འདྲའི་གླེན་མ་ཞིག་རེད། ཁྱོད་ཀྱིས་ཁྱོད་ཀྱི་གྲོགས་མོ་ཧྥོ་ལེ་སི་ཅེ (佛来思节)ལྕམ་མོའི་འཁྲིས་ལ་བཅར་ནས། མོ་ལ་མུ་ཏིག་འགའ་གཡོར་དང་། ཁྱོད་གཉིས་ཀྱི་འདང་བརྩེ་ཟབ་པས་བྱ་བ་འདི་ཙམ་ཞིག་ལ་མོས་རོགས་རམ་བྱེད་ཐུབ་རྒྱུ་རེད།"མོས་དགའ་སྣང་ཆེན་པོས་བཤད་རྒྱུར། "ངོ་མ་རེད། ངས་འདི་ཅི་ལ་མ་དྲན་པ་རེད་དམ།"ཉིན་གཉིས་པར། མོ་མོའི་གྲོགས་མོའི་ཁྱིམ་དུ་སོང་ནས་རང་ཉིད་ཀྱི་སྐྱོ་སྣང་མོར་བཤད།
ཧྥོ་ལེ་སི་ཅེ་(佛来思节)ལྕམ་མོ་མེ་ལོང་གིས་བརྒྱན་ཡོད་པའི་གོོས་སྒམ་གྱི་འཁྲིས་སུ་སོང་ནས། སྒམ་ཆེན་པོ་ཞིག་བླངས་ཏེ་ཁ་ཕྱེས་ནས་ལོ་བཱ་ཙད་ཀྱི་ལྕམ་མོར་བཤད་རྒྱུར་"འདེམས་དང་། སྙིང་ཉེ་ལགས། མོས་སྔོན་ལ་ལག་གདུབ་འགར་ལྟོས་པ་དང་ཡང་མུ་ཏིག་གི་མགུལ་རྒྱན་ཞིག་ལ་བལྟས། དེའི་རྗེས་ལ་བཱེ་ཉེ་སུ་(威尼斯)ཡི་རྣམ་པ་ཅན་གྱི་རིན་པོ་ཆེས་བརྒྱན་པའི་གསེར་གྱི་རྒྱ་གྲམ་ཞིག་ལ་ལྟོས། དེ་བཟོས་པ་ཧ་ཅང་ཞིབ་ཚགས་རེད། མོས་མེ་ལོང་མདུན་དུ་རྒྱན་ཆ་དག་ལ་ཚོད་ལྟ་བྱས་ཏེ་གང་ཞིག་འཁྱེར་རྒྱུ་དང་གང་ཞིག་འཇོག་རྒྱུར་སོམ་ཉིའི་ངང་ཐག་མ་ཆོད། དེའི་ཕྱིར་དེ་དག་ཕྱིར་བཞག་སྟེ་མུ་མཐུད་དུ་འདྲི་རྒྱུར།""ད་འདི་ལས་གཞན་མེད་དམ།"
"ད་དུང་ཡོད་ཡ། ཁྱོད་རང་གིས་ཚོལ་དང་། ངས་ཁྱོད་ཀྱིས་གང་ཞིག་བློར་འབབ་པ་མི་ཤེས།"སྐབས་དེར་མོས་གློ་བུར་དུ་གོས་སྔོན་པོས་བཏུམས་པའི་སྒམ་ཆུང་ཞིག་ལས་མུ་ཏིག་གི་མགུལ་རྒྱན་ཞིག་མཐོང་བྱུང་། མོ་དགའ་དྲགས་ནས་གནམ་ལྡིང་ས་ལྡིང་བྱེད་ཞོར་ལག་ཟུང་གིས་མགུལ་རྒྱན་བཟུང་ནས་འདར་བྱུང་། མགུལ་རྒྱན་སྐེ་ལ་བཏགས་ནས་གོང་བ་རིང་བོ་དེའི་སྟེང་དཔྱངས་ཏེ་མེ་ལོང་མདུན་དུ་རང་ཉིད་ཀྱི་གཟུགས་རིས་ལ་བལྟས་ཏེ་ཧོན་ཐོར་ནས་ཡུན་རིང་ལུས།"མཇུག་མཐར། མོས་ཐེ་ཚོམ་ངང་འཚབ་འཚུབ་ཀྱིས་འདྲི་རྒྱུར།""ཁྱོད་ཀྱིས་ང་ལ་འདི་གཡོར་ནུས་སམ། ངས་འདི་ཁོ་ན་གཡོར་རྒྱུ་ཡིན།""ལོས་ཆོག"མོ་དགའ་དྲགས་ཤིང་བརྩེ་བ་ཟབ་མོས་གྲོགས་མོའི་སྐེ་ལ་འཐམ་ནས་འོ་ཞིག་བྱས་རྗེས། རིན་པོ་ཆེ་ཁྱེར་ནས་བུད་སོང་། དགོང་ཚོགས་ལ་བསླེབས་བྱུང་། ལོ་བཱ་ཙད་ལྕམ་མོའི་བསམ་ཚུལ་ཡང་འགྲུབ་སོང་། མོ་བུད་མེད་མགྲོན་པོ་གཞན་ལས་མཛེས་ཤིང་གཟི་བརྗིད་ཆེ་ལ། ཡིད་དབང་འཕྲོག་པ་ཞིག་རེད། མོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་དགའ་སྤྲོ་ཚད་མེད་སྐྱེས། ཕོ་གསར་ཚང་མས་མོར་མིག་ཟུར་འཕེན་པ་དང་མོའི་མིང་འདྲི་བ། གཞན་ལ་རེ་བ་ཞུས་ནས་མཚམས་སྦྱོར་བྱེད་དུ་བཅུག ཚན་ཁག་དེའི་མི་རྣམས་ཀྱིས་གོ་སྐབས་བཙལ་ཏེ་མོ་དང་མཉམ་དུ་ཞབས་བྲོ་འཁྲབ་པར་བརྩོན། ཐ་ན་ཚོགས་གཙོས་ཀྱང་མོར་མཉམ་འཇོག་བྱེད།མོ་དགའ་ནས་སྨྱོས་པ་ལྟར་ཞབས་བྲོ་འཁྲབ་ཅིང་བསམ་རྒྱུ་ཅི་ཡང་མེད་པར་བདེ་སྣང་ཁྲོད་མགོ་བོ་གཡེང་། མོ་རང་ཉིད་ཀྱི་མཛེས་སྡུག་བུད་མེད་མགྲོན་པོ་གཞན་ལས་རྒྱལ་བ་དང་། ལེགས་འགྲུབ་བྱུང་བའི་གཟི་བརྗིད། ཚང་མས་མོར་བསྟོད་བསྔགས་དང་སྨོན་པ་འཆོར་བ། ཕྲག་དོག་བྱེད་པ་སོགས་ཀྱི་བདེ་སྣང་གི་སྨུག་སྤྲིན་ཁྲོད་བཟི་བ་དང་བུད་མེད་ཚང་མས་ཆེས་ཡིད་དུ་འོང་བ་དང་དོན་དང་ལྡན་པར་འདོད་པའི་རྒྱལ་ཁའི་འོག་བཟི་ཡོད།   མོ་སྔ་དྲོའི་དུས་ཚོད་བཞི་བའི་སྟེང་ས་འདི་དང་ཁ་བྲལ། མོའི་སྐྱེས་པ་ནམ་ཕྱེད་ནས་བཟུང་མགྲོན་པོ་གསུམ་དང་མཉམ་དུ་འཁྱག་སིབ་སིབ་ཀྱི་མགྲོན་ཁང་ཆུང་ཆུང་ཞིག་ཏུ་གཉིད་ལ་ཤོར། སྐབས་དེར། མགྲོན་པོ་འདི་གསུམ་པོའི་ཆུང་མ་ཡང་ཞབས་བྲོ་འཁྲབ་ནས་བདེ་བར་རོལ་བསྡད་པའི་སྒང་ཡིན།
མོའི་སྐྱེས་པས་ཕ་ཡུལ་ནས་ཁྱེར་ཡོང་ཞིང་ཆེད་དུ་མོ་འགྲོ་ཁར་ཁ་སྣོན་དུ་གྱོན་རྒྱུར་གྲ་སྒྲིག་བྱས་ཡོད་པའི་ལྭ་བ་དེ་མོའི་ཕྲག་སྟེང་དུ་བཀབ། འདི་ནི་ཕ་ཡུལ་ནས་རྒྱུན་དུ་གྱོན་པའི་བབ་ཆགས་ཀྱི་ལྭ་བ་དེ་རེད། མདོག་ཡལ་བའི་ལྭ་བ་འདི་དང་བྲོ་གར་ཚོགས་འདུའི་སྟེང་གྱོན་པའི་ཤོམ་ལྭ་གཉིས་བསྡུར་ཐབས་མེད་པ་མོས་ཚོར་བ་དང་གོས་ལྭ་རྩ་ཆེན་གྱོན་པའི་བུད་མེད་གཞན་གྱིས་མི་མཐོང་བར་གཡོལ་ཕྱིར། འབྲོ་དགོས་སྙམ།  ལོ་བཱ་ཙད་ཀྱིས་མོ་བཀག་ནས་བཤད་རྒྱུར་"ཅུང་ཙམ་སྒུགས་དང་། ཁྱོད་ཕྱི་ལ་སོང་ན་དྲོས་འཁྱག་འབྱུང་སྲིད། ང་འགྲོ་ལ་ཤིང་རྟ་ཞིག་བོས་ནས་འོང་།"འོན་ཀྱང་མོས་ཅི་ལ་ཡང་མི་ཉན། འཚབ་འཚུབ་ངང་སྟེགས་བུ་ལས་མར་བབས། ཁོ་ཚོ་སྲང་ལམ་དུ་ཐོན་སོང་། ཤིང་རྟ་གཅིག་ཀྱང་མཐོང་རྒྱུ་མི་འདུག ཁོ་ཚོས་གང་སར་བཙལ། རྒྱང་རིང་ས་ནས་ཤིང་རྟ་འདྲུད་མཁན་མཐོང་ན་སྐད་བརྒྱབ་སྟེ་བོས། ཁོ་ཚོ་བློ་ཕམ་ངང་སེའུ་ན་(塞纳)གཙང་བོ་བརྒྱུད་ཏེ་སོང་། གྲང་ནས་གྲང་འདར་བརྒྱབ། མཐར་གཙང་བོའི་འགྲམ་དུ་འཕྱི་སྐྱོད་བྱེད་བཞིན་པའི་ཤིང་རྟ་འཁོར་ལོ་ཞིག་དང་འཕྲད། ཤིང་རྟ་འཁོར་ལོ་འདིའི་རིགས་པཱ་ལེ(巴黎)ནས་དགོང་མོ་མ་གཏོགས་མཐོང་མི་ཐུབ། ཉིན་མོར་དེ་ཚོ་བཟོ་ལྟ་ཉེས་པས་ངོ་ཚ་སྐྱེས་པ་དང་འདྲ་བར་ཕྱིར་མི་འབུད། ཤིང་རྟ་འཁོར་ལོ་དེས་ཁོ་ཚོ་ཐད་ཀར་མ་ཏིན(马丁)སྲང་ལམ་གྱི་སྡོད་ཁང་སྒོ་ཁར་བསྐྱལ། ཁོ་ཚོ་བློ་ཕམ་ངང་ནང་དུ་ལོག མོར་མཚོན་ན་བྱ་བ་ཆེན་པོ་ཞིག་འགྲུབ་ཡོད། འོ་ན་མོའི་སྐྱེས་པ། དུས་ཚོད་བཅུ་བའི་སྟེང་ཚན་ཁག་ཏུ་འགྲོ་བར་བསམས། མོས་ཕྲག་སྟེང་གི་ལྭ་བ་ཕུད་ནས་མེ་ལོང་དུ་བལྟས། གཟི་དཔལ་འབར་བའི་མཛེས་སྤྲས་ད་དུང་ལུས་སྟེང་ན་འདུག་པས་རང་ཉིད་ལ་ཞིབ་ལྟ་ཐེངས་ཤིག་བྱས། འོན་ཀྱང་། གློ་བུར་དུ་མོས་སྐད་བརྒྱབ་བྱུང་། སྐེ་ལ་དཔྱངས་པའི་མུ་ཏིག་གི་མགུལ་རྒྱན་མི་འདུག    མའི་སྐྱེས་པས་གོན་པ་ཁ་ཤས་ཕུད་ཚར་ནས་འདྲི་རྒྱུར། "དོན་དག་ཅི་ཞིག་རེད།"མོ་སྐྲག་ནས་དྲན་པ་ཐོར་ཏེ་སྐྱེས་པའི་ཕྱོགས་སུ་འཁོར་ནས།  "ངས། ངས། ངས་ཧྥོ་ལེ་སི་ཅེའི་ལྕམ་མོའི་མགུལ་རྒྱན་བོར་སོང་།"ཁོ་སྐྲག་ཐག་ཆོད་ནས་ག་བྱེད་འདི་བྱེད་མ་ཤེས་པར་ཧད་དེ་བསྡད།"ཅི་ཟེར། ཅི་རེད། དོན་དག་འདི་འདྲ་ཞིག་གང་ན་ཡོད།"ཁོ་གཉིས་ཀྱིས་སྨད་གཡོགས་ཀྱི་ཁུགས་དང་གོས་ཆེན་གྱི་ཁུགས། ཁུག་མ་ཡོད་ཚད་ཀྱི་ནང་དུ་བཙལ་ཡང་དངོས་གནས་མ་རྙེད། ཁོས་འདྲི་རྒྱུར།"ཁྱོད་བྲོ་གར་ཁང་དང་ཁ་འབྲལ་དུས་མགུལ་རྒྱན་སྐེ་རུ་ཡོད་པ་ཐག་གིས་ཆོད་དམ།""ཐག་ཆོད་ཡིན། སློབ་གསོ་ཚན་ཁག་གི་བར་ཁྱམས་ནས་ངས་ད་དུང་དེ་ལ་རེག་པ་ཡིན།""འོན་ཀྱང་། གལ་ཏེ་སྲང་ལམ་ནས་བོར་བ་ཡིན་ན་ང་ཚོས་དེ་ས་ལ་ལྷུང་བའི་སྒྲ་ཐོས་ཐུབ། རླངས་འཁོར་ནང་དུ་བོར་བ་ཐག་གིས་ཆོད།""རེད། ཡིན་ལས་ཆེ། ཁྱོད་ཀྱིས་ཤིང་རྟའི་ཨང་གྲངས་དྲན་ནམ།""མི་དྲན། འོ་ན་ཁྱོད་ཀྱིས། ཁྱོད་ཀྱིས་མཉམ་འཇོག་མ་བྱས་སམ།""མཉམ་མ་བཞག"ཁོ་གཉིས་དངངས་སྐྲག་སྐྱེས་ནས་ག་བྱེད་འདི་བྱེད་མ་ཤེས་པར་ཕན་ཚུན་ལ་ཅེར་ནས་བསྡད། མཐའ་མར་ལོ་བཱ་ཙད་ཀྱིས་གྱོན་པ་ཡང་བསྐྱར་གོན་ནས་ "ང་འགྲོ།" ཁོས་བཤད་རྒྱུར་ "ང་ཚོ་ཡོང་ཤུལ་ལ་ཡང་བསྐྱར་ཐེངས་གཅིག་སོང་ནས་ཨེ་རྙེད་ལྟ།"ཁོ་ཕྱི་རུ་བུད་སོང་། མོས་དགོང་ཚོགས་ལ་ཞུགས་སྐབས་གྱོན་པའི་ལྭ་བ་དེ་གྱོན་བཞིན་ཐ་ན་མལ་ཁྲིའི་སྟེང་དུ་བུད་ནས་ཉལ་རྒྱུའི་ཤུགས་ཙམ་ཡང་མེད་པས། རྐུབ་སྟེགས་ཤིག་གི་སྟེང་དུ་ཧད་དེ་བསྡད། སྙིང་སྟོབས་ཅུང་ཟད་ཙམ་ཡང་བསྐྱེད་མི་ཐུབ་ལ་ཅི་ཡང་བསམ་མ་ནུས།དུས་ཚོད་བདུན་པ་ཡར་མར་ཞིག་ལ། མོའི་སྐྱེས་པས་ཅི་ཡང་མ་རྙེད་པར་ཕྱིར་ཐོན་བྱུང་།
      མཇུག་མཐར། ཁོ་རྟོག་ཞིབ་ཁང་དང་ཚགས་པར་ཁང་སོ་སོར་སོང་ནས་འཚོལ་རོགས་ཞུས་ཏེ་འཁོར་ལོའི་ལས་རིགས་ཡོད་ཚད་ལ་སོང་སྟེ་བཙལ། མདོར་ན། རེ་བ་ཏོག་ཙམ་ཡོད་ས་ཚང་མར་ཁོ་སོང་ནས་བཙལ་བ་རེད།
མོས་མི་ལེགས་པའི་ཆག་སྒོ་འདི་ལ་རྒོལ་སྐབས། ཉིན་ཧྲིལ་བོར་ངང་སྒུག་དང་འཇིགས་སྣང་གི་རྣམ་པའི་ཁྲོད་མ་ཐར། མཚན་མོར།  ལོ་བཱ་ཙད་ལ་ཅི་ཡང་མ་ཐོབ་པར་སྐམ་རིད་ཀྱི་ངོ་གདོང་སྐྱ་བོར་གྱུར་ནས་ཕྱིར་ལོག
"ཁྱོད་ཀྱིས་གྲོགས་མོར་འཕྲིན་ཞིག་བྲིས་ན་འོས།"ཁོས་མུ་མཐུད་དུ་བཤད་རྒྱུར་"ཁྱོད་ཀྱིས་མགུལ་རྒྱན་གྱི་མཐུད་མཚམས་ལ་ཆག་སྐྱོན་བཟོས་སོང་བས་ཞིག་གསོ་བྱེད་པའི་སྒང་ཡིན་ཞེས་བཤད་ན། ང་ཚོར་ད་གཟོད་གཟའ་འཁོར་གཅིག་གི་དུས་ཚོད་ཡོད།"མོས་ཁོས་བཤད་པ་ལྟར་འཕྲིན་ཡིག་བྲིས། གཟའ་འཁོར་གཅིག་འདས་སོང་། ཁོ་ཚོའི་རེ་བ་ཡོད་ཚད་སྟོང་བར་གྱུར།ལོ་བཱ་ཙད་ལོ་ལྔའི་ཆེ་རུ་ཕྱིན་པ་དང་འདྲ། ཁོས་བློ་ཐག་བཅད་ནས་བཤད་རྒྱུར་ "ཐབས་ཤེས་སྤྱད་དེ་རྒྱན་ཆའི་སྐྱིན་ཚབ་སྤྲོད་པའི་ཉིན་གཉིས་པར། ཁོ་གཉིས་ཀྱིས་མགུལ་རྒྱན་རྩ་ཆེན་དེའི་སྒམ་ཁྱེར་ནས་དེའི་མཚོན་རྟགས་ཨང་གྲངས་ལྟར་དེ་བཙོང་སའི་མུ་ཏིག་ཚོང་ཁང་དུ་ཕྱིན། ཚོག་བདག་གིས་རྩིས་ཐོ་མང་བོར་ཞིབ་ལྟ་ཞིག་བྱས་ནས་བཤད་རྒྱུར།""བདག་མོ། ངས་སྒམ་འདི་ཁོ་ན་བཙོང་བ་ལས་མགུལ་རྒྱན་མ་བཙོང་།"དེ་བས་ཁོ་གཉིས་མུ་ཏིག་ཚོང་ཁང་འདི་ནས་མུ་ཏིག་ཚོང་ཁང་གཞན་ལ་སོང་ནས་མགུལ་རྒྱན་དེ་དང་འདྲ་བ་ཞིག་འཚོལ། ཁོ་གཉིས་ཀྱིས་དཀའ་ལས་མང་པོ་བརྒྱབ་པས་ནད་ཀྱིས་ཟིན་ལ་ཁད་དུ་གྱུར།  གོང་མའི་ཕོ་བྲང་གི་སྲང་ལམ་གྱི་ཚོང་ཁང་ཞིག་ཏུ་ཁོ་གཉིས་ཀྱིས་འཚོལ་བའི་མགུལ་རྒྱན་དེ་དང་ཨ་ན་མ་ན་ཞིག་མཐོང་། རིན་གོང་ཧྥ་སྒོར་ཁྲི་བཞི་རེད། ཚོང་བདག་གིས་རིན་ཅུང་མར་ཕབ་ནས་ཧྥ་སྒོར་ཁྲི་གསུམ་སྟོང་དྲུག་བྱེད།  ཁོང་གཉིས་ཀྱིས་ཚོང་བདག་ལ་ཉིན་གསུམ་གྱི་ནང་གཞན་ལ་མི་བཙོང་བར་རེ་བ་ཞུས་ཤིང་ཆིངས་ཡིག་བཞག གལ་ཏེ་ཁོ་གཉིས་ཀྱིས་སྔོན་གྱི་མགུལ་རྒྱན་ཟླ་གཉིས་ཀྱི་ནང་ཚུད་དུ་རྙེད་བྱུང་ན། ཚོང་བདག་གིས་ཧྥ་སྒོར་ཁྲི་གསུམ་སྟོང་བཞིི་བྱས་ནས་ཉོ་རྒྱུ་བྱས།
     ལོ་བཱ་ཙད་ལ་ད་ལྟ་ཁོའི་ཨ་ཕས་ཤུལ་བཞག་གི་ཧྥ་སྒོར་ཁྲི་གཅིག་སྟོང་བརྒྱད་ཡོད། དེའི་འཕྲོ་མ་ཁོས་བསྐྱི་དགོས། ཁོས་སྒོར་མོ་སྐྱི་འགོ་བརྩམས་བྱུང་། འདི་ལ་ཧྥ་སྒོར་སྟོང་གཅིག་དང་དེ་ལ་ཧྥ་སྒོར་ལྔ་བརྒྱ་བསྐྱིས། འདི་ནས་ལུ་ཤུ་ལྔ་དང་དེ་ནས་ལུ་ཤུ་གསུམ་བསྐྱིས། ཁོས་དོམ་བྱས་མིང་རྟགས་མང་དུ་བཀོད་ཅིང་ཁྱིམ་ཚང་སྟོང་བར་འགྱུར་བའི་གན་རྒྱ་མོད་པོ་བཞག ཁོས་སྐྱེད་ལུའི་བུ་ལོན་མཁན་(高利贷的人)དང་རྒྱལ་ཁོངས་མི་འདྲ་བའི་བུ་ལོན་འཇོག་མཁན་སོ་སོར་འབྲེལ་བ་བྱས། ཁོའི་མི་ཚེའི་ཕྱེད་ཕྱི་མ་འཚོ་ཐུབ་མིན་ལ་འཛེམ་ཟོན་མ་བྱས། ཉེན་ཁར་མི་འཛེམ་པར་གང་སར་མིང་རྟགས་བཀོད། འོན་ཀྱང་ཁོས་ཡིད་ཆེས་ཀྱིས་རྒྱུན་འཁྱོངས་བྱེད་ཐུབ་མིན་ཤེས་དཀའ། མ་འོངས་པའི་དཀའ་སྡུག་སྟེ་ཡ་ང་བའི་དབུལ་ཕོངས་ཀྱིས་ལུས་སྟེང་ལ་མནན་ནས་འོང་། ལུས་ཀྱི་ལྭ་བ་དང་སྤོབས་པའི་མནར་གཅོད་སོགས་འཇིགས་སྣང་ཡོད་ཚད་འོག ཁོང་གིས་ཧྥ་སྒོར་ཁྲི་གསུམ་སྟོང་དྲུག་ཚོང་སྒྲོམ་སྟེང་བཞག་ནས་མགུལ་རྒྱན་གསར་བ་དེ་ལེན་ཐུབ་སོང་། ལོ་བཱ་ཙད་ལྕམ་མོའི་མགུལ་རྒྱན་ཕྱིར་སྤྲོད་སྐབས་ཧྥོ་ལ་སི་ཅེའི་ལྕམ་མོས་ཡིད་ཚིམས་དཀའ་བའི་རྣམ་འགྱུར་གྱིས་བཤད་རྒྱུར་"
ཁྱོད་ཀྱིས་སྔ་མོ་ནས་ཕྱིར་བྱིན་ན་འོས། ངས་སྔ་མོ་ནས་དེ་བཀོལ་སྤྱོད་བྱ་དགོས་ངེས།"ཧྥོ་ལེ་སི་ཅེ་ལྕམ་མོས་སྒམ་ཁ་མ་ཕྱེ། མོའི་གྲོགས་མོའི་མོས་སྒམ་ཁ་ཕྱེ་བར་དོགས་ནས་སེམས་ཁུར་ཆེན་པོ་བྱས། གལ་ཏེ་མོས་མགུལ་རྒྱན་ནི་ཚབ་བཞག་པ་ཞིག་ཡིན་པ་མཐོང་ཚེ། ཅི་ལྟར་བསམ་མམ། ཅི་ཞིག་ཟེར་རམ། མོའི་གྲོགས་མོ་རྐུན་མ་ཞིག་ཏུ་མི་བརྩིའམ།ལོ་བཱ་ཙད་ལྕམ་མོས་དབུལ་ཕོངས་ཀྱི་འཚོ་བའི་དཀའ་ངལ་རྟོགས་ནས་དེ་མ་ཐག་དཔའ་བོའི་བློ་སྟོབས་ཤིག་མངོན་ནས། བློ་ཐག་རྦད་ཆོད་ཀྱིས་བསམ་ཚུལ་བཏོན། མོས་བུ་ལོན་དྲག་པོ་འཇལ་བར་བསམ་ནས་ཐབས་ཤེས་སྤྱད་ནས་བུ་ལོན་ཕྱིར་སྤྲོད་བྱེད་རྒྱུ་བྱས། མོས་གཡོག་མོ་ཕྱིར་ཕུད་པ་དང་སྡོད་གནས་ཤིང་ཁང་ཐོག་སོ་ཅན་ཞིག་ཏུ་སྤར་ནས་འཚོ་བ་སྐྱེལ། མོས་ཐབས་རྡུགས་ཀྱི་འཚོ་བ་དང་ཇ་ཁང་ནང་གི་སུན་སྣང་སྐྱེད་པར་བྱེད་པའི་རྙོག་འཛིང་གི་བྱ་བ་དག་ཞེ་ལ་ཤར། མོས་ཕོར་བ་དང་སྡེར་མ། དཀར་ཡོལ་སོགས་བཀྲུས། ཁ་ངོ་བཀྲུ་བྱེད་ཀྱི་སྡེར་མའི་ཁ་ཡི་ཞགས་རྩི་དང་བ་མའི་ཞབས་ཀྱིས་མོའི་འཇམ་མཉེན་གྱི་མཛུབ་མོ་རྩུབ་པོར་བཟོས། མོས་འདག་རྫས་སྤྱད་ནས་གཡོག་གོས་དང་ཡོལ་བ་བཀྲུས་ནས་ཐག་པའི་སྟེང་དུ་དཔྱངས། ཉིན་རྒྱུན་ཞོགས་པར་མོས་གད་སྙིགས་ཐོག་ཁང་ནས་མར་སྲང་ལམ་སྟེང་ཁྱེར་བ་དང་། ཆུ་འོག་ཁང་ནས་སྟེང་ཁང་དུ་ཁྱེར། ཁང་རྩེག་གཅིག་ལ་ཕྱིན་རྗེས་དབུགས་འཚངས་ནས་ལངས་ཏེ་བསྡད། མོས་དབུལ་བོའི་བུ་མོ་ཞིག་དང་འདྲ་བའི་གོན་པ་གོན་ཡོད། ལག་གཟེབ་མཆན་ལ་བཟུང་ནས་ཤིང་ཏོག་ཚོང་ཁང་ནས་སྣ་འཛོམས་ཚོང་ཁང་། དེ་ནས་ཤ་ཚོང་ཁང་སོགས་སུ་ཕྱིན་ཏེ་རིན་གོང་གཏམ། གཞན་གྱིས་འཕྱ་སྨོད་བྱས། དོང་ཙེ་གཅིག་རེ་གཅིག་རེ་དཀའ་ངལ་གྱིས་གྲོན་ཆུང་བྱས། ཟླ་རེ་རེར་བུ་ལོན་སྔུན་བསབས་བྱས་ནས་གསར་བ་གཡར། འདི་ལྟར་བུ་ལོན་གཙང་སེལ་བྱེད་པར་དུས་འགྱངས་བྱས།  མོའི་སྐྱེས་པས་མཚན་མོར་བསླེབས་ཚེ་ཚོང་བ་ཞིག་ལ་རྩིས་ཐོ་བྲིས། རྒྱུན་པར་ནམ་གུང་བསླེབས་ཚེ་ད་དུང་ཤོག་གྲངས་གཅིག་ལ་དོང་ཙེ་ལྔ་རེ་བླངས་ནས་ཐོ་འགོད་བྱས།  འདི་ལྟར་ལོ་བཅུའི་འཚོ་བ་ཕར་བསྐྱལ།  ལོ་བཅུ་བའི་ལོ་མཇུག་ཏུ་བུ་ལོན་ཡོད་ཚད་གཙང་སེལ་བྱས་ཚར། ཐ་ན་ཚད་མཐོ་བའི་སྐྱེད་ཀ་དང་བསྐྱིས་གླ་ཡོད་ཚད་གཙང་མར་བསབས།  ལོ་བཱ་ཙད་ལྕམ་མོར་རྒས་ཉམས་མངོན་འདུག མོ་དབུལ་བོའི་ཁྱིམ་ཚང་གི་གཟུགས་སྟོབས་ཆེ་ཞིང་དཀའ་ཐུབ་ཅན་གྱི་བུད་མེད་ཅིག་ཏུ་གྱུར། མོའི་སྐྲ་ལོ་འཛིང་འཛིང་དེ་བསྡམས་ཤིང་སྨད་གཡོགས་འཁྱོག་ནས་གྱོན། དམར་ཤེད་ཆེ་བའི་ལག་ཟུང་མངོན་བཞིན་སྐད་གསེང་མཐོན་པོས་ཁ་བརྡ་བྱེད་པ། སྣོད་ཆེན་པོར་ཆུ་བླངས་ནས་པང་གཅལ་བཀྲུས། འོན་ཀྱང་། སྐབས་རེར། མོའི་སྐྱེས་པ་གཞུང་དོན་སྒྲུབ་ཏུ་ཕྱིན་རྗེས། མོ་གཅིག་པུ་སྒེའུ་ཁུང་འགྲམ་དུ་བསྡད་དེ་དགོང་ཚོགས་དེར་ཕྱིར་དྲན་བྱས། མཚན་མོ་དེར། མོ་ནི་ཅི་འདྲའི་མཛེས་པ་དང་གཞན་ཡིད་འཕྲོག་པ་ཞིག་རེད་ཨང་།
    གལ་ཏེ་སྐབས་དེར་མགུལ་རྒྱན་དེ་བོར་མེད་པ་ཡིན་ན་ད་ལྟ་མོའི་གནས་ཚུལ་ཅི་འདྲ་ཞིག་ཡིན་ནམ། སུས་ཤེས་སམ། མི་ཚེ་ནི་ཅི་འདྲའི་ཡ་མཚན་ཞིང་འགྱུར་ལྡོག་ཆེ་བ་ཞིག་རེད་ཨང་། དོན་ཆུང་ཞིག་གིས་ཀྱང་ཁྱོད་ཕུང་བར་སྦྱོར་ཐུབ་ལ་མཐུན་རྐྱེན་ལ་རམ་འདེགས་བྱེད་ཐུབ།  གཟའ་ཉི་མ་ཞིག་ལ་མོ་སྤྲོ་དགའི་སྤྱི་གླིང་(极乐公园)ནང་འཆམ་འཆམ་དུ་སོང་ནས་གཟའ་འཁོར་གཅིག་རིང་གི་ངལ་དུབ་བསང་། སྐབས་དེར། མོས་གློ་བུར་དུ་བུད་མེད་ཅིག་གིས་བྱིས་པ་ཞིག་ཁྲིད་དེ་འཆམ་འཆམ་དུ་འགྲོ་བཞིན་པ་མཐོང་། མ་གཞི་མོ་ནི་ཧྥོ་ལེ་སི་ཅེ་ལྕམ་མོ་རེད། མོ་སྔར་བཞིན་གཞོན་ཞིང་ཡིད་དབང་འཕྲོག་པ་ཞིག་རེད། ལོ་བཱ་ཙད་ལྕམ་མོར་སེམས་འགུལ་ཚད་མེད་ཐེབས་སོང་། མོ་སོང་ནས་མོར་ཁ་བརྡ་ཞིག་བྱས་ན་འགྲིག་གམ། ལོས་ཡིན། ངེས་པར་འགྲོ་དགོས། དེ་མ་ཟད་མོས་ད་ལྟ་བུ་ལོན་གཙང་སེལ་བྱས་ཡོད་པས་དོན་དེ་དག་ཡོད་ཚད་མོར་བཤད་ན་འོས། མི་འོས་པ་སྲིད་དམ།
མོ་མོའི་མདུན་དུ་བསྐྱོད་ནས་"ཀྲིན་ཉེ(珍妮)ཁྱོད་བདེ་བར་མཆིས་སམ།"བསམ་ཡུལ་ལས་འདས་པ་ཞིག་ལ་མོས་ཅུང་ཟད་ཀྱང་ངོ་མི་ཤེས་པའི་མི་སེར་དཀྱུས་མའི་ལྕམ་མོ་ཞིག་གིས་སྙིང་ཉེ་བའི་ངང་མོའི་མིང་ནས་བོས་པས་མོ་ཧ་ཅང་ཡ་མཚན་སྐྱེས། མོ་ཅུང་ཟད་ལྐུགས་ནས་བཤད་རྒྱུར་"འོན་ཀྱང། བདག་མོ། ངས་ཁྱོད་ངོ་མི་ཤེས། ཁྱོད་མི་འཆུགས་སོང་བ་ཡིན་ཁོ་ཐག་རེད།" "འཆུགས་མེད། ང་ནི་མ་ཏི་ཨར་ཏིག་ལོ་བཱ་ཙད་(玛蒂尔德)ཀྱི་ལྕམ་མོ་ཡིན།"མོའི་གྲོགས་མོས་སྐད་བརྒྱབ་བྱུང་།"ཨ། ངས་སྙིང་ཉེ་བའི་མ་ཏི་ཨར་ཏིག ཁྱོད་ཅིའི་ཕྱིར་འདི་འདྲ་ཞིག་ཏུ་གྱུར་བ་རེད་དམ།""རེད། ལོ་མང་བོར་ཕྲད་མེད། ལོ་འདི་དག་གི་ནང་དུ་ངས་དཀའ་ངལ་མང་བོ་མྱངས། འོན་ཀྱང་། ཡོད་ཚད་ཁྱེད་ཀྱི་ཆེད་དུ་ཡིན།""ངའི་ཆེད་དུ། འདི་ཇི་ལྟར་འགྲེལ་ལམ།""ཁྱོད་ཀྱིས་ང་ལ་གཡར་བའི་མགུལ་རྒྱན་དེ་ཡིད་ལ་དྲན་ངེས་ཡིན། ངས་སློབ་གསོ་ཚན་ཁག་གི་དགོང་ཚོགས་ལ་ཞུགས་སྐབས་བཏགས་པ་དེ།"
"ཡིད་ལ་དྲན། ཅི་རེད།""ཅི་འདྲ་ཡིན་རྒྱུ། དེ་བོར་སོང་།""དེ་འདྲ་ཞིག་གང་ན་ཡོད། ཁྱོད་ཀྱིས་ང་ལ་ཕྱིར་སྤྲད་པ་མིན་ནམ།""ངས་ཁྱོད་ལ་ཕྱིར་སྤྲད་པ་གཞན་ཞིག་ཡིན། ཁྱོད་ཀྱི་མགུལ་རྒྱན་དང་ཨ་ན་མ་ན་ཡིན། ཁྱོད་ཀྱིས་ལྟོས་དང་། ང་ཚོས་ལོ་བཅུའི་རྩོལ་བ་ལ་བརྟེན་ནས་ད་གཟོད་དེའི་རིན་བསབས་ཐུབ་བྱུང་། ཁྱེད་ཀྱིས་ཤེས་གསལ་ལྟར་ང་ཚོ་ལྟ་བུ་ཅང་མེད་དབུལ་བོར་དོན་འདི་སླ་མོ་ཞིག་མ་རེད། འོན་ཀྱང་། བྱ་བ་ལེགས་འགྲུབ་བྱུང་སོང་བས་ང་ཧ་ཅང་དགའ།"ཧྥོ་ལེ་སི་ཅེ་ལྕམ་མོས་གོམ་པ་སྤོ་མཚམས་བཞག་ནས་བཤད་རྒྱུར་"ཁྱོད་ཀྱིས་བཤད་པ་ཡིན་ན་ཁྱོད་ཀྱིས་མུ་ཏིག་གི་མགུལ་རྒྱན་ཞིག་ཉོས་ནས་ང་ལ་སྐྱིན་ཚབ་སྤྲད་པ་ཡིན་ནམ།""ཡིན། ཁྱོད་ཀྱིས་སྐབས་དེར་མ་ཤེས་ཐལ། དངོས་གནས་ཁྱོད་ཀྱི་མགུལ་རྒྱན་དང་ཨ་ན་མ་ན་ཡིན་དེ་བས་མོས་ཡིད་ཚིམས་ཤིང་ལྷད་མེད་ཀྱི་བརྩེ་མདངས་ཤིག་མངོན་བཞིན་བགད་བྱུང་།"ཧྥོ་ལེ་སི་ཅེ་ལྕམ་མོ་ཧ་ཅང་སེམས་འགུལ་ཐེབས་ནས་མོའི་ལག་པ་ནས་བཟུང་སྟེ་བཤད་རྒྱུར།"ཀྱི་ཧུད། ངའི་སྙིང་ཉེ་བའི་མ་ཏི་ཨར་ཏིག འོན་ཀྱང་མགུལ་རྒྱན་དེ་རྫུན་མ་ཡིན། མང་མཐར་ཡང་ཧྥ་སྒོར་ལྔ་བརྒྱའི་རིན་ལས་མེད།"
རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།   མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ge6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504053
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།