སྲིད་པ་རྒན་པོའི་གཏམ་ཞེས་པར་དཔྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »སྲིད་པ་རྒན་པོའི་གཏམ་ཞེས་པར་དཔྱད་པ།
སྲིད་པ་རྒན་པོའི་གཏམ་ཞེས་པར་དཔྱད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-11ལྟ་ཀློག (7265)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངག་རྩོམ་རིང་མོ་ལས་སྲིད་པ་རྒན་པོའི་གཏམ་ཞེས་པར་དཔྱད་པ།

བན་ཤུལ་བྱམས་པ་རྒྱལ།

༼དཔྱད་རྩོམ་འདི་ནི༢༠༡༤ལོའི་མང་ཚོགས་སྒྱུ་རྩལ་དེབ་དང་པོ་རུ་བཀོད་ཡོད།༽

       སྲིད་པ་རྒན་པོའི་གཏམ་ཞེས་པ་འདི་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་ངག་ཐོག་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་ལ། རང་གི་ཐུན་མིན་གྱི་རྩོམ་སྲོལ་མངའ་བའི་རྩོམ་ལུས་རང་རྐྱ་བ་ཞིག་ཀྱང་ཡིན།ཉེ་ལམ་ང་ཚོ་བོད་ཀྱི་རྩོམ་རིག་ལའང་འཛམ་གླིང་གི་སྔོན་ཐོན་གྱི་རྒྱལ་ཁབ་དང་མི་རིགས་དག་གི་རྩོམ་རིག་ཞིབ་འཇུག་གི་ཁ་ཕྱོགས་དང་བྱེད་ཐབས། རིག་ལམ་སྣ་ཚོགས་ལ་དཔེ་ལྟོས་དང་ལད་མོ་བྱས་ཏེ།བྱེ་བྲག་གི་དབྱེ་བ་སྣ་ཚོགས་སུ་དགར་བཞིན་ཡོད་ལ།དེས་བོད་རང་གི་རྩོམ་ལུས་རིག་པ་འདི་ཡང་སྣ་མང་ཕུན་སུམ་ཚོགས་པའི་ཕྱོགས་སུ་སྤེལ་དང་སྤེལ་བཞིན་པ་རེད།ཡིན་ནའང་ད་དུང་ཞིབ་ཆ་དང་བྱེ་བྲག་གིས་ཞིབ་འཇུག་བྱས་པ་འདང་མིན་གྱི་ཆ་ནས།ཐུན་མིན་གྱི་རྩོམ་སྲོལ་དང་ནང་དོན། སྒྱུ་རྩལ་གྱི་མཚོན་ཐབས་ཁྱད་པར་ཅན་གྱི་བརྩམས་ཆོས་ལ་ལ་ཞིག ད་དུང་སྐབས་རེར་ཡར་སྦྱར་དང་སྐབས་རེར་མར་སྦྱར་བྱས་ནས།འཁྱེར་ས་དང་འཇོག་ས་རྙེད་ཀྱིན་མེད་པའི་ཚད་དུ་ལུས་ཡོད་པ་རེད།དཔེར་ན་ཐེངས་འདིར་བདག་གིས་བརྗོད་འདོད་ཀྱི་སྲིད་པ་རྒན་པའི་གཏམ་ཞེས་པ་འདི་ལྟ་བུ་རེད།།འདིའི་སྐོར་ལས་གནའ་རྒྱའི་ཚེ་ལོ་དང་ཡ་རུའི་ཨ་བསོད་གཉིས་ལ་ད་སྔ་དཔྱད་པ་རགས་ཙམ་རེ་བྱས་པའི་བརྩམས་ཆོས་རེ་གཉིས་ཙམ་མཐོང་ཡང་། དེ་དག་ཀྱང་བསྡུས་ཐལ་བ་དང་།དེ་ལས་གཞན་བོད་ཀྱི་རྩོམ་རིག་གི་རྣམ་བཞག་བརྗོད་པའི་བསྟན་བཅོས་དང་བརྩམས་ཆོས་མང་པོ་ཞིག་ཏུ་འདི་དག་གི་མིང་ཙམ་ཡང་གླེང་བར་མ་སྣང་ལ། ལྷག་པར་དུ་ཨ་བའི་བསྟན་དཔེ་དང་ཞང་ཞུང་ཉི་མ་ཤེས་ལྡན་སོགས་བརྩམས་ཆོས་གཞན་རྣམས་ལ་ད་རག་བར་དུ་དཔྱད་པ་བྱས་ཡོད་པ་གཅིག་ཀྱང་མེད་དོ།།

      སྲིད་པ་རྒན་པོའི་གཏམ་ཞེས་པ་འདི་ནི་བོད་ཀྱི་རྩོམ་རིག་གི་མཁའ་ལ་འོད་ཀྱི་རྒྱ་མཚོ་བསྐྱིལ་བའི་ཉི་མ་དང་ཟླ་བ་ལྟ་བུ་མིན་ནའང་། རང་ལའང་རང་གི་བཀྲག་མདངས་དང་ཁྱད་ཆོས་ལྡན་ལ། རང་རེའི་རྩོམ་རིག་གི་ནམ་མཁའ་ཡངས་པོ་ལྷག་ཏུ་མཛེས་བར་བྱེད་པའི་མཁའ་རྒྱན་ཞིག་སྟེ། རང་འོད་འཚེར་བའི་རྒྱུ་སྐར་ཆུང་ཆུང་ཞིག་ཏུ་ངེས། ཡིན་ནའང་གོང་དུ་བཤད་པ་བཞིན་ད་རག་བར་དུ་ཡིད་དུ་འོང་ཞིང་མཛེས་སྡུག་ལྡན་པའི་སྐར་ཕྲན་འདི་ལ་དོ་སྣང་བྱེད་མཁན་མང་པོ་བྱུང་མེད་ལ། རེ་འགའ་བྱུང་བ་ཚོས་ཀྱང་གཟབ་ནན་དེ་འདྲ་བྱས་མེད་པར་སྙམ་པས།དགེ་ཆོས་ལགས་ཀྱིས།རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།རང་ཡུལ་ཁ་བ་ཅན་གྱི་མི་རྣམས་ལ།།རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབས།།ཞེས་གསུང་བ་བཞིན།འདི་ཙམ་གྱིས་ཀྱང་བོད་རང་གི་རིག་གནས་ཀྱི་ཆད་པ་ཞིག་ལ་ཁ་སྐོང་དང་།ཉམས་པ་སླར་གསོ།དགེ་མཚན་ཁྱབ་སྤེལ་ཙམ་རེ་ཡིན་ཡང་ཨེ་ཐུབ་སྙམ་པའི་ཀུན་སློང་དག་མ་ཞིག་གིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། འདིར་ཡང་རང་གི་རིག་པ་ཕྲ་མོའི་ནུས་ཚོད་ཀྱིས་རྩོམ་སྟངས་འདིའི་ཐད་ལ་དཔྱད་ཁུལ་ཙམ་ཞིག་བྱས་པ་ཡིན།

དང་པོ། མིང་གི་བཏགས་དོན།

        འདིར་བརྗོད་འདོད་ཀྱི་སྲིད་པ་རྒན་པོའི་གཏམ་ཞེས་པ་ནི་དམངས་ཁྲོད་རྩོམ་རིག་ལས། གནའ་རྒྱའི་ཚེ་ལོ་དང་ཡ་རུའི་ཨ་བསོད། ཨ་བའི་བསྟན་དཔེ་དང་ཉི་མ་ཤེས་ལྡན། ལྷ་ལྡན་རྣ་ལོ་སོགས་ལྟ་བུ། འཇིག་རྟེན་རྒན་པོ་རང་གི་མྱོང་བ་དང་སྦྱར་ཏེ་ཞལ་ཆེམས་ཀྱི་ཚུལ་དུ།དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ལུགས་གཉིས་སྒོ་ནས།བུ་ཕྱི་རབས་པ་ལ་གདམས་ངག་ཏུ་བསྩལ་བའི་ངག་རྩོམ་དེ་རིགས་ལ་ཟེར་ཞིང་།བརྩམས་ཆོས་འདིའི་རིགས་ལ་སྤྱི་མིང་ངམ་རིགས་ཀྱི་མིང་ཞིག་འདོགས་པ་ལ། ཉེ་སྔོན་ཡང་ལ་ལས་བསླབ་བྱ་དང་རྒན་པའི་བསླབ་བྱ། སྲིད་པའི་བསླབ་བྱ་སོགས་མིང་གི་ཟུར་ཅུང་ཙམ་རེ་མི་འདྲ་བའི་འདོགས་སྟངས་འགའ་རེ་བྱུང་ཡོད་ལ། འདི་ལྟར་བརྗོད་བྱ་དོན་གྱི་སྒོ་ནས་མིང་བཏགས་པ་ལའང་རིགས་པའི་གནོད་བྱེད་མེད་མོད། སྤྱིར་ང་ཚོས་དངོས་པོ་གང་ཞིག་ལ་མིང་གདག་པའི་ཚེ་ན། གདག་བྱའི་དངོས་པོ་དེ་ལ་གཞན་དང་ཆ་འདྲ་བའམ་དོན་མཐུན་པ།བྱེད་ལས་མཚུངས་པ་སོགས་རྒྱུ་མཚན་ཕྱོགས་རེ་བ་འགའ་ཞིག་ཁོ་ནས་དབང་དུ་བྱས་ཏེ། ཡོད་ཚད་ལ་མིང་གཅིག་གིས་ཁྱབ་པར་བྱས་ན་དགོད་བྲོ་བ་ཞིག་ཡིན་ཏེ།དཔེར་ན་རྒྱུ་རྫ་ལས་བྱས་པ་དང་། ཤེལ་ལས་བྱས་པ། ཤིང་དང་ལྕགས་ལས་བྱས་པའི་དཀར་ཡོལ་ཡོད་ཚད་ཀྱི་མིང་ལ་དཀར་ཡོལ་ལམ་འཐུང་སྤྱད་ཅེས་རིགས་མཐུན་པའམ་བྱེད་ལས་མཚུངས་པའི་རྒྱུ་མཚན་རེ་གཉིས་ཁོ་ནས།མིང་གཅིག་ཏུ་ཆགས་པར་བྱས་ན།ལངྐར་གཤེགས་པའི་མདོ་རུ།མིང་དུ་གདགས་པར་མ་མཛད་ན།།འཇིག་རྟེན་ཐམས་ཅད་རྨོངས་བར་འགྱུར།།ཞེས་པ་བཞིན།རང་རིགས་རྣམས་རྨོངས་བར་དང་གཞན་རིགས་ཀྱིས་ཁྲེལ་བའི་གནས་སུ་འདུག་གོ དེ་བཞིན་དུ་རྩོམ་རིག་གི་རིགས་དབྱེ་དེ་དག་ལ་མིང་གདག་པ་ནའང་། བརྗོད་བྱ་དོན་གྱི་སྒོ་ཁོ་ནས་མ་བྱས་པར།ཇོ་བོ་རྗེའི་ལམ་ཡིག་ལས། ཇོ་བོས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས། ཁྱེད་བོད་ན་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་ཅེས་བཀའ་རྨེད་པ་ན།བོད་སྟོན་རྣམས་ཀྱིས་དོན་ལ་མཚན་དུ་གསོལ་བ་དང་།དཔེ་དང་། ཡུལ་དང་། ཞུ་བ་བོ་ལ་སོགས་པ་འདོགས་ཞུས་པས།ཨ་ལེ་བོད་ན་རྒྱ་གར་ན་མེད་པའི་གཏམ་མང་པོ་ཡོད།①ཅེས་གསུངས་པ་བཞིན། བསྟན་བཅོས་ལ་མིང་གདག་པར་འདོགས་ལུགས་སྣ་ཚོགས་སུ་སྣང་ན། བསྟན་བཅོས་ལ་རིགས་སྤྱིའི་མིང་འདོགས་པ་ལའང་དཔེ་བཞིན་ཡིན་པར་མ་ཟད། སྔར་དེ་དག་ལ་མིང་ཅི་ལྟར་འབོད་པ་དང་། ཡང་ན་གནད་ལ་འཁེལ་བའི་མིང་གཅིག་དེ་ཀུན་ཀྱི་མིང་དུ་བཏགས་ཆོག་མིན་སོགས་རྒྱུ་མཚན་སྣ་ཚོགས་ཤིག་ལ་འདང་རྒྱག་དགོས་པ་ལས་དོན་གྱི་ཆ་གཅིག་པུའི་དབང་དུ་བྱས་ནས། ཀུན་པོ་གཅིག་ཏུ་བྱེད་པ་ནི་ཧ་ཅང་སླ་བཅོས་སུ་ཡང་སོང་བར་བསམ།

      བསླབ་བྱ་ཞེས་ན་ཡིག་ཐོག་དང་ངག་ཐོག་གི་བསླབ་བའི་སྐོར་གྱི་རྩོམ་ཡིག་མཐའ་ཐག་ལ་ཁྱབ་པས་མིང་གི་བསྟན་དོན་གྱི་ཁྱབ་རྒྱ་ཆེ་སྟེ་བྱེ་བྲག་ལ་འབབ་དཀའ་བ་ཞིག་དང་། དེ་ལས་རྒན་པོའི་བསླབ་བྱ་དང་སྲིད་པའི་བསླབ་བྱ་ཞེས་པས་མིང་གི་བསྟན་དོན་གྱི་ཁྱབ་རྒྱ་ཅུང་ཇེ་ཆུང་དུ་བཏང་སྟེ།ཅུང་བྱེ་བྲག་ལ་བབས་པ། ལྷག་པར་རྒན་པོ་དང་སྲིད་པ་ཞེས་སྦྱར་བས་དམངས་ཁྲོད་རྩོམ་རིག་ཏུ་གོ་བ་འདྲ་བ་ཞིག་ཆགས་ཡོད་ནའང་། སྤྱིར་བསླབ་བྱ་ཞེས་པ་ནི་ཡིག་སྐད་དང་ཁ་སྐད་གཉིས་ལས་ཡིག་སྐད་ལ་གཞོལ་བས། ཡིག་སྐད་དུ་བྱས་པའི་བསླབ་བྱའི་སྐོར་གྱི་སྤྱི་མིང་དུ་བྱས་ན་འགྲིག་པར་བསམ་ལ། ཁ་སྐད་དུ་ཁ་ཏ་སློབ་གསོ་གཏོང་བ་འདིའི་སྐོར་ལ་རྒྱུན་དུ་ཁ་ཏ་དང་ཞལ་ཏ། ཡང་ན་ཁ་ཏ་སློབ་གསོ་ཞེས་དམངས་ཁྲོད་དུ་གྲགས་པ་ལྟར་བས། རྒན་པོའི་ཞལ་ཏ་དང་སྲིད་པའི་ཞལ་ཏ་ཞེས་བོས་ཀྱང་ཆོག་མོད། དེ་ལའང་ད་དུང་ཞིབ་ཏུ་བསམ་ན།སྤྱིར་ཞལ་ཏ་དང་གཏམ་གཉིས་གང་ལ་མཚོན་ནའང་ཚིགས་བཅད་ལྷུག་དང་སྦྱོར་བ་རིང་ཐུང་ཅི་རིགས་སུ་བྱས་ཆོག་པར་འདྲ་ཡང་། བཤད་བྱའི་ཡུལ་གྱི་ཆ་ནས་ཞལ་ཏ་ནི་མི་སྒེར་དང་སྤྱི། མི་ཉུང་འདུས་སའི་ཁྱིམ་དང་མི་མང་ཚོགས་པའི་ཁྲོམ། ནང་གཏམ་དང་ཕྱི་གཏམ།དོན་གྱི་རྒྱས་བསྡུས་སོགས་གང་དུའང་བྱས་ཆོག་པས་ཚིག་གི་རྣམ་པ་སྤྱིར་བཏང་དུ་གྱུར་བ་དང་། གཏམ་ཞེས་པ་ནི་ནང་དོན་གྱི་ཆ་ནས་སློབ་གསོ་ཡིན་མིན་གཉིས་ཀ་ཡོད་ཀྱང་། ཞལ་ཏ་ལས་ཅུང་སྤྱི་སྒེར་གཉིས་ལས་སྤྱི་དང་། ཁྱིམ་ཁྲོམ་གཉིས་ལས་ཁྲོམ། རྒྱས་དང་བསྡུས་ལས་རྒྱས་པ།ཚིག་རྗེན་པ་ལས་ལྟོས་འཇོག་གིས་རྒྱན་གྱིས་སྤྲས་ཤིང་དཔེ་འཇོག་མང་བ། ནང་དོན་ཅུང་རྒྱ་ཆེ་ཞིང་མང་པོ་འཚོགས་སར། ཁ་མཁས་པ། དོན་ཆེ་བ། གནས་ལུགས་ཟབ་པ། ཉན་སྤྲོ་བའི་རྣམ་པ་ཅན་དུ་བརྗོད་པའི་རིགས་ཏེ། ཁ་དཔེར་ཡང་།གཏམ་བཤད་ན་ཁ་ལྕེ་བདེ་དགོས།། ལྷ་བྲིས་ན་ལག་པ་འཇོན་དགོས།།ཞེས་དང་། གཞན་ཡང་རྒན་པོ་ལ་ལས།དེ་ལོས་བདེན་སྲིད་པ་རྒན་པོའི་གཏམ། དེ་ལ་ནོར་བ་མེད།སོགས་ཟེར་བར་བརྟགས་ན། སྲིད་པའི་གཏམ་ཞེས་བརྗོད་ན་ཚིག་གི་ངམ་མཐོ་བ་དང་། བརྗིད་ཆེ་བ། དོན་བདེན་པ། ཚིག་སྙན་པ། རྒྱ་ཆེ་བ། ཁྲོམ་བཤད་ཀྱི་ཉམས་དང་ལྡན་པ་ཞིག་ཏུ་མ་ཟད། ཡོངས་གྲགས་དང་མཐུན་ལ་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་ཀྱང་ཐོན་པར་སྙམ་ནས་འདི་རིགས་ལ་སྲིད་པ་རྒན་པོའི་གཏམ་ཞེས་བཏགས་སོ།།

གཉིས་པ། རྩོམ་ལུས་རང་རྐྱ་བ་ཞིག་ཡིན་པའི་རྒྱུ་མཚན།།

      སྲིད་པ་རྒན་པའི་གཏམ་ཞེས་པ་འདི་ཡང་ད་ལྟ་ང་ཚོས་རྩོམ་རིག་གི་ལུས་ཀྱི་དབྱེ་བ་ལ།སྒྲུང་དང་གཏམ་རྒྱུད།མགུར་མ། སྲིད་པ། གླུ་དང་གཏམ་དཔེ་སོགས་སྣ་ཚོགས་སུ་འབྱེད་བཞིན་པ་ལྟར་དུ།བོད་རང་གི་རྩོམ་ལུས་རིག་པའི་སྣ་ཚོགས་འདབ་བརྒྱ་ལྷུག་པོར་འཛུམ་པའི་དཔལ་ལས།རང་ལ་རང་གི་བཀྲག་དང་དྲི་ཡིས་ཕྱུག་ཅིང་།རོ་དང་ནུས་པ་ཐུན་མིན་དུ་ལྡན་པའི་མཛེས་སྡུག་གི་མེ་ཏོག་ཅིག་ཏེ།རྩོམ་ལུས་རང་རྐྱ་བའམ་རྩོམ་ལུས་ཡན་གར་བ་ཞིག་ཏུ་བྱས་ནས་དེ་ལ་སྲིད་པ་རྒན་པོའི་གཏམ་ཞེས་མཚན་ཀྱང་གསོལ་བར་མཛད་ལ། དེ་ལྟར་ཡིན་པའི་རྒྱུ་མཚན་སོགས་ཀྱང་གོང་དུ་ཐོར་རེ་ཙམ་གླེང་སོང་མོད། ད་ནི་འདི་དག་རྩོམ་ལུས་རང་རྐྱ་བ་ཞིག་ཏུ་འགྲོ་བའི་རྒྱུ་མཚན་གནས་ལུགས་དེར་དཔྱད་པ་ཅུང་ཙམ་ཞིབ་མོར་བཏང་ན།ང་ཚོས་དུས་རྒྱུན་འདི་རིགས་ནི་ངག་གི་དབྱངས་རྟ་ཞིག་ལ་བསྐྱོན་དགོས་པས་དང་འཚོ་བའི་ཕམ་ཁ་ཞིག་གམ་དར་བའི་མཐའ་ལ་རྒུད་པའི་ཆོས་ཉིད་མངོན་སུམ་དུ་གྱུར་བའི་མི་ཚེའི་གཏམ་རྒྱུད་ཅིག་ལ་རྒྱུ་བྱས་ཏེ་བརྗོད་ཀྱིན་པ། གཏམ་དཔེ་དང་བསྟོད་པ་སོགས་ཀྱི་ཚིག་དང་རྩོམ་སྟངས་གང་བྱུང་དུ་བཀོལ་སྤྱོད་གནང་ཡོད་པ།དངོས་ཤུགས་དང་མངོན་ལྐོག་གང་རུང་གི་སྒོ་ནས་སྤྱི་ཚོགས་ལ་བསླབ་བྱའམ་སློབ་གསོའི་ནུས་པ་ངེས་ཅན་ཞིག་ཐོན་གྱིན་པ་སོགས་ཀྱི་ཆ་ནས་དམངས་ཁྲོད་རྩོམ་རིག་ལས་རོགས་འཐེན་དང་མནར་སྡུག་གི་སྐྱོ་གླུ། བཤད་པ་དང་བསྟོད་པ།སྲོག་ཆགས་ཀྱི་སྐྱོ་གླུ་སོགས་དང་དབྱེ་བ་གསལ་བོ་མ་ཕྱེས་བར་ནོར་བའམ་གཅིག་ཏུ་བསྲེས་ཏེ།ལ་ལས་བསླབ་བྱ་དང་ལ་ལས་སྐྱོ་གླུ་ཞེས་ཐམས་ཅད་མཉམ་གཅིག་ཏུ་བརྗོད་བཞིན་པས།འདི་དག་གི་ཁྱད་པར་ལ་ངེས་ཤེས་གསལ་བོ་ཞིག་འདྲོངས་རྒྱུ་ནི་ཧ་ཅང་གལ་ཆེ་བསམ་སྟེ་བསྡུར་བ་རེ་བྱས་ན།

1སྲིད་པ་རྒན་པོའི་གཏམ་དང་རོགས་འཐེན་གྱི་ཁྱད་པར།

      སྤྱིར་རོགས་འཐེན་ཞེས་པ་ནི་གཞོན་ནུ་ཕོ་མོའི་བརྩེ་དུང་གི་རེ་བ་དང་ཕུགས་བསམ་ལ་གནོད་གེག་གམ་རྐྱེན་ངན་གྱིས་བར་ཆད་ཐེབས་པ་ལ་བརྟེན་ནས།འདོད་ཐོག་ཏུ་མ་སོང་བའི་སྡུག་བསྔལ་དེ་སྟོན་ཕྱིར།དབྱངས་རྟ་ངེས་ཅན་ཞིག་ལ་བསྐྱོན་ཏེ།ཚིགས་སུ་བཅད་པའི་སྒོ་ནས་བརྩེ་དུང་གི་ལོ་རྒྱུས་དང་སྡུག་བསྔལ་གྱི་སྐྱེས་རིམ་རྣམས་གླུ་རུ་འཐེན་པ་ཞིག་ཡིན་ལ། ཡང་ལ་ལས་རོགས་མཐུན་ཞེས་ཀྱང་འབྲི་མོད།འདི་ནི་དབྱངས་ལ་གྱེར་ནས་གླུ་རུ་ལེན་པ་ཞིག་ཡིན་སྟབས།འཐེན་ཞེས་བརྗོད་ན་ནོར་མེད་དུ་འདོད།མཐུན་ཞེས་ན་ལ་གཞས་རང་གི་ཁྲོད་དུའང་རོགས་འགྲོགས་པའི་སྐོར་དང་མཐུན་པའི་སྐོར། འགལ་བའི་སྐོར་དང་སྨྲེང་བའི་སྐོར། དྲན་པའི་སྐོར་སོགས་རིགས་འགར་དབྱེ་བ་ཡོད་པས། འདི་ལས་མཐུན་པའི་སྐོར་ཞེས་པ་དེ་དང་ནོར་ཉེན་ཡོད་ཀྱང་སྐབས་སུ་མ་བབས་པས་བསྐྱུར་ཞོག དེས་ན་རོགས་འཐེན་ནི་གོང་དུ་བརྗོད་པ་བཞིན་དོན་གྱི་བྱུང་རིམ་ཡོད་ལ། སེམས་ཀྱི་འཆར་ཡན་གློད་པ་ཞིག་ཀྱང་ཡིན་པ་ལས།ཐད་ཀར་གཞན་ལ་སྐྱོན་ཡོན་གྱི་བླང་དོར་འདོམས་པའམ་②།རྩོམ་པ་པོས་གཙོ་ཆེར་རང་བཞིན་བརྗོད་པའི་ཐབས་ལ་བརྟེན་ནས་དེ་སྐྱོན་དང་དེ་འདོར་བྱ། འདི་ཡོན་ཏན་དང་བླང་བྱ་ཞེས་ཐད་ཀར་དམར་རྗེན་དུ་སྟོན③པའི་སྲིད་པ་རྒན་པོའི་གཏམ་དང་མི་འདྲའོ།།

2སྲིད་པའི་རྒན་པོའི་གཏམ་དང་མནར་སྡུག་གི་སྐྱོ་གླུའི་ཁྱད་པར།

       མནར་སྡུག་གི་སྐྱོ་གླུ་ཞེས་པ་ནི་སྤྱི་ཚོགས་ཀྱི་གནས་བབ་ངེས་ཅན་ཞིག་གི་འོག་ཏུ།ཁྲིམས་མེད་ལུགས་མེད་དང་དགེ་སྡུག་སྤང་བླང་གི་ཚུལ་ལུགས་གོ་ལྡོག་སྟེ།ཉེས་མེད་ལ་ཉེས་འགེལ་དང་གཉོམ་ཆུང་ལ་བཙན་ཚུགས་ཀྱིས་མནར་གཅོད་དང་བརྙེས་བཅོས་མྱོང་དུ་བཅུག་པའི་སྐོར་དོན་གྱི་བྱུང་རིམ་དང་འབྱུང་རྐྱེན། མཇུག་འབྲས་ཡོད་པའི་སྒོ་ནས་མི་ག་གེ་མོ་ཞིག་གི་སྡུག་གི་ལོ་རྒྱུས་ཀྱི་བྱུང་བ་དེ་བརྗོད་པ་ཞིག་ཡིན་ལ། དམིགས་ཡུལ་གཙོ་བོ་ནི་གདུག་རྩུབ་ཆེ་ཞིང་གནས་ལུགས་ལ་རྡོག་བརྫིས་གཏོང་བའི་དུས་སྐབས་ཤིག་གམ་གྲལ་རིམ་ཞིག ཡང་ན་ཚོགས་པ་ཁ་ཅིག་གི་བྱ་བྱེད་ལ་སུན་འབྱིན་དྲག་པོ་གཏོང་བ་ཞིག་ཡིན་པར་མ་ཟད།སྲིད་པ་རྒན་པོའི་གཏམ་དང་བསྡུར་ན་ཡིད་འགྱུར་གྱི་ཐད་ནས་ཀྱང་ཤུགས་དྲག་པོ་དང་ལྡན་པ་ཞིག་རེད།

3སྲིད་པ་རྒན་པོའི་གཏམ་དང་བཤད་པ།སྲོག་ཆགས་ཀྱི་སྐྱོ་གླུའི་བར་གྱི་ཁྱད་པར།

      རོགས་འཐེན་དང་མནར་སྡུག་གི་སྐྱོ་གླུ། སྲིད་པ་རྒན་པོའི་གཏམ་དང་བཤད་པ་སོགས་གང་ཡིན་ཡང་བཤད་པའི་ཚེ་དབྱངས་རྟ་ལ་བསྐྱོན་དགོས་པར་འདྲ་སྟེ། དབྱངས་ལ་བཀུག་ནས་ལེན་པར་མ་བྱས་ན་རྩོམ་ཡིག་རང་སྟེང་གི་ཚིག་གི་སྙན་ཆ་དང་དོན་གྱི་གོ་བ། ཡིད་ཀྱི་འགྱུར་བ་སོགས་བྲོ་བ་ཁྱད་པར་བ་དག་རང་བཞིན་གྱིས་ཉམས་སྨད་པར་བྱེད་པ་ལྟ་བུ་རེད་མོད། འདི་དག་ལ་རང་རང་དང་མཐུན་པའི་དབྱངས་རྟ་ངེས་ཅན་ཞིག་ཡོད་པས་ཐམས་ཅད་པོ་དབྱངས་རྟ་གཅིག་གཅིག་གི་ལམ་དུ་འཁྱེར་དཀའ་བར་འདུག སྲིད་པ་རྒན་པོའི་གཏམ་དང་སྲོག་ཆགས་ཀྱི་སྐྱོ་གླུ་གཉིས་ནི་མགོ་ནས་མཇུག་བར་དབྱངས་རྟ་གཅིག་གིས་བསྐྱོན་ཀྱང་ཆོག་པར། རྐང་བ་རེ་རེའི་ཚེག་བར་གྱི་གྲངས་དང་ཆ་ཡ་སྡེབ་སྟངས་ཀྱང་ཕལ་ཆེར་དོ་མཉམ་པོར་ཡོད།ཡིན་ནའང་སྲོག་ཆགས་ཀྱི་སྐྱོ་གླུའི་སྐོར་ནི་དཔེར་ན། རི་དྭགས་སྐྱོ་གླུ་དང་འབྲི་མོའི་དྲིན་སྒྲུང་། བེའུ་ཆུང་གི་སྐྱོ་གླུ། འབྲི་ཐུལ་མའི་ཁེར་བཤད། ཁྱི་དོམ་བུའི་སྨྲེང་གླུ་སོགས་ལྟ་བུ་རེད་ལ། འདི་དག་གི་རི་དྭགས་དང་སྒོ་ཕྱུགས་ལ་སོགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་བྱ་བ་སྤྱོད་སྟངས་ག་གེ་མོར་ཡི་མ་རེངས་བའམ་སུན་འབྱིན་པའི་ཚུལ་དུ་རབ་བཏགས་བྱས་པ་ཞིག་ཡིན་པས་སྲིད་པ་རྒན་པོའི་གཏམ་དང་མི་འདྲ་བ་ནི་མངོན་གསལ་རེད།

      གཞན་ཡང་བཤད་པ་ལྟ་བུ་ནི་ང་ཚོས་དགའ་སྟོན་རྟེན་འབྲེལ་སྒྲིག་པའི་དུས་སུ་བཤད་པའི་སྟོན་བཤད་སྣ་ཚོགས་དང་མཚོན་ཆ་མདའ་གྲི་མདུང་གསུམ་གྱི་བཤད་པ། ཆང་བཤད་དང་ནས་བཤད། ཇ་བཤད་ལ་སོགས་པ་ལྟ་བུ་བཟའ་བཏུང་གི་རིགས་ཀྱི་བཤད་པ་སོགས་རེད་ལ། འདི་དག་ལ་གཏམ་བཤད་མཁན་གྱི་དབུགས་ཀྱི་ལེན་མཚམས་དང་སྐད་ཀྱི་མཐོ་དམའ། བར་གྱི་ངལ་གསོ། ཚན་པ་རེ་རེའི་མཇུག་བསྡུ་སྟངས་དང་ཚན་པ་རྗེས་མ་རེ་རེའི་མགོ་རྩོམ་སྟངས་སོགས་ལྟར། ཚིག་ལ་རིང་བ་དང་ཐུང་བ། འབྲིང་བ་དང་མཉམ་པ་སོགས་སྐབས་བབ་དང་བསྟུན་ནས་འགྱུར་ལྡོག་གི་ཆ་མང་དུ་སྣང་བ་ཞིག་ཡིན་ལ།སྲིད་པ་རྒན་པོའི་གཏམ་ནི་དེ་དང་བསྡུར་ན།ཚིག་གི་རིང་ཐུང་ལ་འགྱུར་བ་ཆེར་མེད་པ་དང་། མགོ་ནས་མཇུག་བར་ངེས་ཅན་གྱི་དབྱངས་རྟ་ཞིག་ལ་བསྐྱོན་ཞིང་དེ་འང་། གོང་གི་བཤད་པ་དང་བསྡུར་ན་དབྱངས་ཀྱི་འདེགས་འཇོག་དེའང་ཅུང་མཐོ་བ། ཐ་ན་གླུའི་ཚུལ་དུ་ལེན་དགོས་པ་ཞིག་སྟེ། དེ་མིན་དེའི་དོན་དང་སྒྱུ་རྩལ་གྱི་ཆ་ལ་རོལ་མྱོངས་བྱ་དཀའ་བ་ཞིག་ཏུ་ཆགས་འདུག་པ་དང་། དོན་གྱི་ཆ་ནས་ཀྱང་བསྟོད་པ་བྱེད་པ་དང་སློབ་གསོ་གཏོང་བ་སོགས་ཀྱི་ཁྱད་པར་ཡོད་དོ།

བཞི་པ། བརྗོད་བྱ་དོན་གྱི་ཁྱད་ཆོས།

ང་ཚོ་བོད་མི་རང་གི་ཐུན་མིན་གྱི་ཁྱད་ཆོས་ཏེ། ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་རོལ་སྟངས། བསམ་གཞིགས་ཀྱི་ཁྱད་ཆོས། མཛེས་སྡུག་གི་ལྟ་སྟངས།རིན་ཐང་གི་ལྟ་བ། སེམས་ཁམས་དང་ཆ་ལུགས་ལ་སོགས་དུས་སྔ་མོ་ནས་གྲུབ་པའི་མི་རིགས་རང་མཚན་པའི་རིག་གནས་ཀྱི་ཁྱད་རྟགས་སྣ་ཚོགས་ཀྱི་བང་མཛོད་ནི་གཙོ་བོ་བོད་རང་གི་དམངས་ཁྲོད་རྩོམ་རིག་ཡིན་པ་ནང་བཞིན། སྲིད་པ་རྒན་པོའི་གཏམ་ཞེས་པ་འདི་ཡང་བོད་པ་རང་གི་རིག་གནས་སྣ་ཚོགས་ཀུན་འདུས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཡིན་པས། རེ་རེ་བཞིན་ཞིབ་ཅིང་རྒྱས་པར་གླེང་བ་ན་ཧ་ཅང་བགྲང་གིས་མི་ལངས་ལ། གླེང་མཁན་རང་གི་རིག་པའི་རྩལ་དང་དུས་ཚོད་ཀྱིས་ཀྱང་མི་འདང་བ་ནི་སྨོས་མ་དགོས་པ་རེད།དེ་བས་ད་སྔ་སྲིད་པ་རྒན་པོའི་གཏམ་གྱི་སྐོར་རང་གི་ལག་ཏུ་སོན་པ་ལ། གནའ་རྒྱའི་ཚེ་ལོ་དང་ཡ་རིའི་ཨ་བསོད། སྲིད་པའི་ཅང་རྒན་ནམ་ཨ་བའི་བསྟན་དཔེ།ཞང་ཞུང་ཉི་མ་ཤེས་ལྡན་དང་ལྷ་ལྡན་རྣ་ལོ།རྣ་རུ་དཀོན་མཆོག་ཚེ་འབུམ་སོགས་ཡོད་ལ། རྩོམ་ཡིག་འདི་དག་ལ་གཞན་དུ་ཁ་བྱང་འདྲ་མིན་སྣ་ཚོགས་ཤིག་བསྐྱོན་ཡོད་མོད། དམངས་ཁྲོད་དུའང་གནའ་རྒྱའི་ཚེ་ལོ་དང་ཡ་རིའི་ཨ་བསོད་ཅེས་རྩོམ་པ་པོའམ་གཏམ་མཁན་རང་གི་མཚན་གྱི་སྒོ་ནས་མིང་བཏགས་ཡོད་པའི་སྲོལ་འདི་བདེ་བར་བསམས་ཏེ། བརྩམས་ཆོས་གཞན་དག་ལའང་དཔེ་དེ་བཞིན་དུ་བྱས་པ་དང་། རྩོམ་ཡིག་འདི་དག་གི་བརྗོད་བྱའི་དོན་གྱི་ཁྱད་ཆོས་གླེང་བ་ལའང་ཁ་དཔེ་རུ།སྐུད་རིང་ན་ཆད་འགྲོ།།སྐད་ཆ་མང་ན་འཆོལ་འགྲོ།།ཟེར་བ་བཞིན་མང་བ་ཉུང་བསྡུས་ཀྱིས་ཅུང་ཙམ་གླེང་ན།

1གཏམ་གྱི་དབྱེ་བ་དང་ཁྱད་ཆོས། ཇི་ལྟར་གཏམ་པའི་ཐབས་སོགས་བཤད་པ།

       སྤྱིར་སྐད་ཆ་ཅེས་པ་ནི་འབྲེལ་འདྲིས་དམིགས་ཡུལ་དུ་བྱས་པའི་ནང་སེམས་ཀྱི་འཆར་སྒོ་སྣ་ཚོགས་དེ་མི་དང་མིའི་བར་ཕན་ཚུན་སྒྲའི་སྒོ་ནས་གོ་བརྡ་ངེས་ཅན་ཞིག་སྤྲོད་ཐུབ་པ་ལ་ཟེར་ཞིང་། དེ་ཕུན་སུམ་ཇེ་ཚོགས་སུ་གྱུར་བ་དང་བསྟུན་ནས་ནང་དོན་སོ་སོ་ལ་སོ་སོའི་བརྡ་དང་ཐ་སྙད། བརྗོད་ཐབས་སོགས་ཀྱང་དེ་བསྟུན་གྱི་ཁྱད་ཆོས་ཅན་དུ་གྱུར་དང་འགྱུར་བཞིན་པ་ན། ང་ཚོས་རྒྱུན་དུ་ཤོད་བཞིན་པའི་གཏམ་ལ་མཁས་མིན་གྱི་ཁྱད་པར་དེ་ཡང་བྱུང་བ་རེད། དེས་ན་གཏམ་བཤད་པ་ལ་ནང་དོན་དང་གཏམ་སའི་ཡུལ། ཇི་ལྟར་གཏམ་པའི་ཐབས་སོགས་ལ་མཁས་བར་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པ་རེད། འདིའི་ཐད་དུ་ཨ་བའི་བསྟན་དཔེ་རུ།ད་འཇིག་རྟེན་འདི་ན། །ཚིག་གཅིག་ཚིག་གཉིས་ཚིག་དང་གསུམ།།ཚིག་གསུམ་པོ་དེ་གང་ཡིན། །ཕྱི་ལོ་མ་བརྒྱད་ཀྱི་ཚིག་དང་གཅིག །བར་རང་ཉིད་ཁྲམ་གསུམ་གྱི་ཚིག་དང་གཉིས། །ནང་འབྲུ་དོན་ཆེན་གྱི་ཚིག་དང་གསུམ། །④ཞེས་གཏམ་ལ་ནང་དོན་གྱི་ཆ་ནས། དཀར་པོ་དགེ་སྒྲུབ་ཀྱི་དུས་སུ་གཏམ་པའི་ཆོས་གཏམ་དང་། གྱོད་སྣ་ཁ་མཆུའི་དུས་གཏམ་པའི་ཁྲམ་གཏམ། གཉེན་ཉེ་རིང་དང་གྲོགས་ཕན་ཚུན་གྱི་བར་དུ་གཏམ་པའི་སྙིང་གཏམ་བཅས་དབྱེ་བ་རྣམ་པ་གསུམ་དུ་ཕྱེས་ཤིང་།ཡང་།ད་ཕྱི་ལོ་མ་བརྒྱད་ཀྱི་ཚིག་དེ། །ལས་དཀར་དགེ་བའི་ཉིན་པར་གཏམ།།བར་རང་ཉིད་ཁྲམ་གསུམ་གྱི་ཚིག་དེ། །གྱོད་སྣ་ཁ་མཆུའི་དུས་སུ་གཏམ། །ནང་འབྲུ་དོན་ཆེན་གྱི་ཚིག་དེ། ། ཉེ་དགེ་ལས་གསུམ་གྱི་དུས་སུ་གཏམ། །⑤ཞེས་སྐབས་ག་འདྲ་ལ་གཏམ་ཅི་འདྲ་ཤོད་དགོས་པའང་བསྟན་ཡོད། གཞན་ཡང་། འདུན་གཏམ་ལ་ཁྲ་བོ་ཡོད། །ཉེ་གཏམ་ལ་ཞི་དུལ་ཡོད། །འདུན་གཏམ་ལ་ཁྲ་བོ་གཏམ་ན། །ནས་སྔོན་མོ་རླུང་ལ་ཕྱར་འདྲ་གཏམ། །ཉེ་གཏམ་ལ་ཞི་དུལ་གཏམ་ན། །དགུང་ལ་ཉི་ཟླ་ཤར་འདྲ་གཏམ། །འོ་རྗེ་བླ་མ་མང་པོ་འདུས་ཉིན་མོ། །དྲིལ་བུ་བཞིན་དུ་དབུ་རྩེ་བཟུང་ནས་གཏམ། །སྔགས་པ་མང་པོ་འདུས་ཉིན་མོ། །རྡོ་རྗེ་སྐེད་ནས་བཟུང་འདྲ་གཏམ། །བན་བོན་མང་པོ་འདུས་ཉིན་མོ། །གཡང་དྲུང་ཕྱོགས་བཞི་འཁྱིལ་འདྲ་གཏམ། །དཀར་པོ་དགེ་ལས་གཏམ་ཉིན་མོ། །ལྷ་ཁང་གསས་ཁང་འཕིབས་འདྲ་གཏམ། །ས་ལ་དཀྱིལ་འཁོར་བཏབ་འདྲ་གཏམ། །ལྷོ་སྤྲིན་ཕྱུག་མོའི་ཟམ་པ་དེ། །རྒྱུན་དུ་མ་ཆད་འདྲ་བ་གཏམ། །གཏམ་གྱི་ལོ་རྒྱུས་བཤད་པ་ལ། །དགུང་སྔོན་དེ་ལ་དཔེ་བླངས་ཏེ། །མཐོ་ལ་ཡངས་པའི་གཏམ་དེ་གཏམ། །འབྲུག་མོ་གྲགས་འདྲ་གཏམ་པ་དེ། །རྗེ་ས་བདག་རྒྱལ་པོའི་གཏམ་དེ་ཡིན། །ཆུ་རྒྱུན་མ་ཆད་གཏམ་འདྲ་དེ། །ཆབ་སྲིད་འཛིན་པའི་བློན་པོའི་གཏམ། །ས་གཞི་ལྟ་བུའི་རྒྱ་ཆེ་གཏམ། ། ཡུལ་ཆེན་མི་ཆེན་ཞང་བློན་གཏམ། །སྤང་དཀྱིལ་མདུང་རིང་བཙུགས་འདྲ་གཏམ། །ཕ་ཁུ་རྒན་རབས་རྣམས་ཀྱི་གཏམ། །ནགས་ཀྱི་སྟག་མོ་ངར་འདྲ་གཏམ། །གཞོན་ནུ་སྟག་ཤར་རྣམས་ཀྱི་གཏམ། །མཚོ་ལ་ཉ་སྲམ་རྒྱུགས་འདྲའི་གཏམ། །  མ་སྲུ་རྒན་རབས་རྣམས་ཀྱི་གཏམ། །⑥ཞེས་གཏམ་སའི་ཡུལ་དང་བསྟུན་ནས་གཏམ་པ། གཏམ་མཁན་རང་གི་ཁྱད་ཆོས་དང་མཐུན་པའི་གཏམ་སོགས་བཤད་ཡོད་པར་མ་ཟད། མི་མང་བོའི་སྔུན་ནས་གཏམ་དཀའ། ། ཤེས་གཞི་ཁུང་དུ་ཆུད་ན་དཀའ་རྒྱུ་མེད། །⑦ཅེས་དང་། ད་གཏམ་གྱི་བཀྲམ་རབས་དང་བསྡུ་རབས་ནི། བཤད་མ་མང་། མང་ན་རིག་པས་བསྡུ་དཀའ། ། ཉུང་ན་ཚིག་དོན་ཚང་དཀའ། །⑧ཞེས་པ་ལ་སོགས་གཏམ་གྱི་བཀྲམ་རབས་དང་བསྡུ་རབས། གཏམ་ཤོད་པ་ལ་ཤེས་གཞི་ཁུང་དུ་ཆུད་དགོས་བ། གཏམ་གྱི་རྩ་བ་བདེན་དང་གཏམ་བཤད་ཐོག་ནས་འདུག་དགོས་ཚུལ། མི་རབ་འབྲིང་ཐ་གསུམ་གྱི་གཏམ་གྱི་ཁྱད་ཆོས་སོགས་མང་དུ་ཡོད་ཀྱང་མང་བར་དོགས་པས་འདི་ཙམ་གྱིས་འཐུས་པར་བྱའོ།།

2ཆོས་མཐུན་གཏམ་གྱིས་སེམས་ངོ་དགེ་ལ་སྐུལ་བ།

      གནའ་རྒྱའི་ཚེ་ལོར། ངའི་སྐྱེ་བ་སྔོན་མ་བཟང་ཟིག །ངའི་སྐྱེ་བ་སྔོན་མ་བཟང་རྒྱུ་ན། །ས་བསྐལ་བའི་ཆགས་རིམ་ཤེས་དགོས་ཀི ཚེ་འདི་ཕྱི་ཡིད་ལ་འཆར་དགོས་ཀི།ཚེ་འདི་ཕྱི་ཡིད་ལ་མི་འཆར་རུང་། །ས་བསྐལ་བའི་ཆགས་རིམ་ཤེས་རྒྱུ་རེད། །⑨ཞེས་སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ལ སྔ་མ་ཅི་བྱས་ད་ལྟའི་ལུས་ལ་རྟོགས།།ཕྱི་མ་ཅི་བྱེད་ད་ལྟའི་སེམས་ལ་རྟོགས།།ཞེས་གསུངས་པའི་རིགས་ལམ་དེ་དང་མཐུན་པར་ད་ལྟའི་རང་གི་རིག་པའི་བཟང་ངན་དང་སྐྱིད་པོ་འོང་མིན་ནི་སྐྱེ་བ་སྔོན་མར་ལས་བཟང་ངན་ཅི་བྱས་ཀྱི་ལག་རྗེས་སུ་བསྟན་པ་དང་།བགེགས་འཆི་བ་ནང་ཡོང་གློག་དང་འདྲ། །དམར་འཚུབ་སེ་ནམ་འགྲོ་མི་ཤེས་ཀི། །ནད་བྱུང་བ་ནགས་ཀློང་མེ་ཤོར་འདྲ། ། མེ་ནམ་ཚོད་འབར་རྒྱུ་མི་ཤེས་གི། །བརྐུས་བྱས་པ་ཕྱི་མའི་དོམ་བླངས་འདྲ། །དོམ་ནམ་ཚོད་འཇལ་དགོས་མི་ཤེས་ཀི །⑩ཞེས་ཚེ་ནི་མི་རྟག་ཅིང་ངེས་པར་འཆི་བ་དང་། ནམ་འཆི་ངེས་པ་མེད་པའི་ལྟ་བ་བསྟན་པ།

ནག་འཚུབ་སེ་ཕྱི་མ་སོང་དུས་ཀི ། གྲོང་ཆོག་བདའ་ནས་ཆད་ལྷག་ཤོར་ནི་ཚོ། །ཕྱི་མར་སོང་ན་འཇིགས་སྐྲག་བསམ་མི་ཁྱབ། ། ཚོང་ཆེན་བརྒྱབ་ནས་མནའ་ཆེན་ཟ་ནི་ཚོ། །ཕྱི་མར་སོང་ན་དམྱལ་བར་སྐྱེ་རྒྱུ་རེད། ། མཁས་པ་ཕལ་ཆེར་རྒྱུ་བ་འཁྱོག་ནི་གི །ཕྱི་མར་སོང་ན་མགོ་ལུས་གཏུབ་རྒྱུ་རེད། ། ཕྱུག་པོ་ཕལ་ཆེར་རྒྱུ་དམར་ཆེ་ནི་གི །

ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་བསམ་མི་ཁྱབ། ། ཚེ་ཕྱི་མའི་སྡུག་བསྔལ་མཐོལ་ལོ་གཤགས། །⑪ཞེས་དང་། ཡང་། ཡ་རིའི་ཨ་བསོད་དུ། སེམས་བསམ་པ་ཆོས་ལ་འཁོར་ན། །ཁ་གཞོན་དུས་མ་ཎི་འདོན་དགོས། །ལུས་གཞོན་དུས་བརྩོན་འགྲུས་བསྐྱེད་དགོས། །སེམས་རྒས་ན་རང་ཚུགས་མི་ཐུབ། །ལུས་རྒས་ན་རང་ལྕོག་མི་ཐུབ། ། ཁ་རྒས་ན་དབུགས་ཀྱིས་མི་ལྕོག །དོན་ཤེས་ན་འཛམ་བུའི་གླིང་རེད། ། ཆོས་བསྒྲུབ་ན་སྒྲུབ་ཁ་སླའོ། །དོན་ཤེས་ན་འཁོར་བའི་ནང་ནས། ། ལས་ཅི་སྒྲུབ་འགྲོ་ཁ་སླ་བ། །འཁོར་བའི་སྡུག་གི་ནང་ནས། ། མགོ་འཁོར་རེ་འདུག་རྒྱོ་སྡུག་གོ །དོན་མེད་ནོ་སྒྲུབ་ནས་བསྡད་ན། ། གཞའ་མི་ནུས་འཆི་བདག་སླེབས་དུས། །ལུས་འདོམ་གང་བསྐྱུར་ནས་འགྲོ་དགོས། ། ཁྱིམ་བཟའ་ཚང་འགྲོ་རོགས་མི་ཉན། །གཞིས་འཁོར་བ་ལག་རྫོངས་མི་ཉན། ། ལས་དཀར་ནག་རྗེས་སུ་འབྲངས་ཏེ། །གྲོགས་མེད་བར་དོའི་འཕྲང་ན། ། འཇིགས་ཡེར་རེར་ལས་མཁན་མ་གཏོགས། །འགྲོ་རོགས་ཉན་ནི་གཅིག་མེད། ། གསུངས་མ་ཎི་མ་འདོན་ལག་སྟོང་། །སྒྲུབ་ཤེས་ན་ལག་རྫོངས་ཆོས་རེད། ། འདི་མ་ཤེས་བཏོན་ནོ་རང་རེད། །དོན་དེ་ཡིས་དཀོན་མཆོག་གསུམ་ལ། ། སེམས་མི་འགྱུར་གསོལ་བ་ཐོབ་དང་། །གསུངས་མ་ཎི་ཡི་གེ་དྲུག་མ། ། ཁ་མི་དལ་འདོན་གི་སྡོད་དང་། །ཚེ་ཕྱི་མར་སྐྱོབ་ནོ་དེ་ཡིན། །⑫ཞེས་པ་ལྟ་བུ་ཚེ་འདིར་ལས་ངན་པ་བསགས་པའི་རྣམ་སྨིན་གྱིས་འཁོར་བ་དང་བར་དོའི་སྡུག་བསྔལ་ཅི་འདྲ་མྱོང་བའི་ཚུལ། འཆི་བའི་དུས་སུ་ཆོས་མ་གཏོགས་གཞན་གྲོགས་དང་སྐྱབས་མེད་ཚུལ་སོགས་ཆོས་ཀྱི་དགོངས་པ་དང་མཐུན་པའི་གཏམ་མང་དུ་མཛད་ཡོད་པ་ལྟ་བུའོ། །

3ཆེ་བཀུར་ཆུང་བྱམས་དང་བཟང་བསྟོད་ངན་སྨོད་ཀྱི་ཡ་རབས་མི་ཆོས་སྟོན་པ།

     ཆེ་བཀུར་ཆུང་བྱམས་དང་བཟང་བསྟོད་ངན་སྨོད་ཀྱི་ཡ་རབས་མི་ཆོས་སྟོན་པ་ལྟ་བུ་ནི། དཔེར་ན།ཉི་མ་ཤེས་ལྡན་དུ། མཁས་སློབ་དཔོན་ལ་བསྟེན་བཀུར་མ་བྱས་ན། །བོད་གདམས་ངག་སློབ་པས་ཕན་མི་ཐོགས། །མི་དྲིན་ཆེན་ཡིད་ལ་མ་བཞག་ན། །དྲིན་ཕན་སྦྱོར་སྡུས་ཀྱང་བྱེད་མི་རུང་། །མི་བཟང་བྱས་བཟང་ངོ་མ་ཤེས་ན། །            བཟང་ཆེ་ཆུང་གྲོགས་ལྡན་བྱེད་མི་དཀོན། ། མི་མཐོན་པོར་ཞེ་ས་མ་ཕུལ་ན། །མི་རིག་མཐོང་མེད་པའི་ལོང་བ་ཡིན། །མི་བཟང་བོར་བཟང་བསྟོད་མ་ཤེས་ན། །མི་བཟང་ངན་མེད་པའི་བོང་བུ་ཡིན། །རང་ཡན་ལ་ཡར་བཞག་མ་བྱས་ན། ། རང་ཡར་བཞག་མེད་པའི་མ་རབས་ཡིན། །ཕ་བཟང་པོས་བཞག་པ་མ་འཆུན་ན། །བོད་མི་མལ་ཁྱི་གུ་སྐྱེས་བ་ཡིན། །⑬ཞེས་དང་། ཡང་།མི་ཡོན་ཏན་ཅན་ལ་རྩིས་ན་ལེགས། ། མིའི་ཡོན་ཏན་ཡིད་བཞིན་ནོར་བུ་ཡིན། །མི་ཡ་རབས་པ་ལ་བརྟེན་ན་ལེགས། །མི་ཡ་རབས་ཀྱིས་འཁོར་འབངས་མཐའ་ནས་སྐྱོང་། །མི་བཟང་བོའི་རིགས་ལ་འགྲོགས་ན་ལེགས། །   མི་བཟང་བོ་ལ་ཕན་ལུང་ཕན་ཡིན། །མི་ཕྱུག་པོ་ཡུལ་ན་ཡོད་ན་ལེགས། །མི་ཡོད་ཀྱི་གྲིབ་མ་ཀུན་ལ་ཡོང་། །ཤ་ཕུ་ནུའི་ནང་དུ་མཐུན་ན་ལེགས། །ཤ་ཕུ་ནུ་དགྲའི་གནའ་གན་ཡིན། །གཉེན་ཉེ་བར་ཟས་ནོར་མཐུན་ན་ལེགས། །ལས་སྐྱིད་སྡུག་དུས་སུ་ཕན་ན་ལེགས། །ནང་བཟའ་རོགས་དག་ལ་འཇམ་ན་ལེགས། ། ནང་བཟའ་རོགས་མཐུན་ན་བདེ་བ་ཡིན། །ཞེས་པ་ལྟ་བུ་དང་།⑭གཞན་ཡང་། ཕོ་འབྲིང་གིས་རང་མཚང་མི་མཚང་གཉིས་དེ་ཤེས། །ཕོ་ཐས་རང་མཚང་མི་ཤེས་མི་མཚང་འདྲུ། །ད་སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །              ཕོ་རབ་ཀྱི་ཁོག་པ་ལ་རྟ་བྱང་མ་ཁུག་རྒྱུག་བྱེད་ས་ཡོད། །ཕོ་འབྲང་གི་ཁོག་པ་ལ་མདུང་རིང་པོ་བསྐོར་ས་ཡོད། ། ཕོ་མཐའི་ཁོག་པ་ལ་ར་མ་རེའུ་ཆུང་རྩེད་ས་མེད། །⑮ཅེས་པ་ལྟ་བུ་མི་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་བསྟན་པའི་སྐོར་དང་། དཔོན་གྱིས་སྡེ་མགོ་འཛིན་ལུགས་དང་ཕུ་ནུ་གྲོས་མཐུན་ནང་བཟང་ཡོང་དགོས་བར་གདམས་པའི་སྐོར། དགྲ་འདུལ་གཉེན་སྐྱོང་གི་ལུགས་དང་མི་ལ་འདྲ་མཉམ་གྱི་ཐོབ་ཐང་བསྟན་པའི་སྐོར། རྒྱུ་གསོག་ཚུལ། འཚོ་བ་རོལ་ཚུལ། དགྲ་དང་གྲོགས་ལ་ངོས་འཛིན་ཚུལ།ཉེ་བྱེད་ཚུལ་ལ་སོགས་ཕན་པའི་བསླབ་བྱ་དང་། གཞན་ཡང་འདི་དག་ལས་སྣོད་ཀྱི་ཆགས་ཚུལ་དང་བཅུད་ཀྱི་འཕེལ་ཚུལ། བོད་མིའི་མཛེས་སྡུག་གི་ལྟ་སྟངས་དང་སེམས་ཁམས་ཀྱི་ཁྱད་ཆོས། རིན་ཐང་གི་ལྟ་བ་སོགས་མཚོན་པའི་ཤེས་བྱ་མང་དུ་ཡོད་ལ། སྤྱིར་ཡང་སྲིད་པ་རྒན་པོའི་གཏམ་འདི་རིགས་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ལུགས་གཉིས་ཀྱི་སྒོ་ནས་མི་ལ་བསླབ་བྱ་སློབ་གསོ་གཏོང་བ་ཞིག་ཡིན་སྟབས།ཕྱོགས་སྣ་ཚོགས་དང་ཁྱོན་ཡོངས་ཀྱི་སྒོ་ནས་ཞལ་ཏ་སློབ་གསོ་གཏོང་བའི་གཏམ་ནི་རེ་རེ་བཞིན་བགྲང་ན་གྲངས་ཀྱིས་མི་ལོངས་བར་འདུག་པས་འདི་ཙམ་གྱིས་འཐུས་བར་བྱའོ།།

ལྔ་བ། སྒྱུ་རྩལ་གྱི་ཁྱད་ཆོས།

1སྒྲིག་གཞིའི་ཐད་དུ་མཁས་པའི་ལུགས་ལ་ཞུགས་པས་ཆེ་བ་ངང་གིས་ཐོན་པ།

      སྲིད་པ་རྒན་པོའི་གཏམ་གྱི་རིགས་འདི་དག་ལ་རྩོམ་གྱི་ཕྱིའི་སྒྲོམ་གཞི་འཛུགས་ལུགས་ཀྱི་ཐད་དུ་གཏམ་ཕལ་ཆེར་ཞིག་གི་མགོ་རུ་མཆོད་བརྗོད་དང་དེ་འོག་ཏུ་མཉན་པར་སྐུལ་བ། མཐའ་མར་དགེ་བ་བསྔོ་བའམ་བཀྲ་ཤིས་སྨོན་ལམ་བཏབས་ཏེ་མཇུག་བསྡུ་བར་བྱས་ཡོད་དེ།དཔེར་ན། ཞང་ཞུང་ཉི་མ་ཤེས་ལྡན་དུ། ཐོག་མར།སྐྱབས་འགྲོ་བ་ཡོངས་ཀྱི་དཔལ་གཅིག་པུ། ། ཡིད་མོས་འདུན་གུས་པས་ཕྱག་འཚལ་ལོ། །⑯ཞེས་མཆོད་བརྗོད་དང་དེའི་འོག་ཏུ། བུ་ཞང་ཞུང་ཉི་མ་ཤེས་ལྡན་ངས། །མི་འཇིག་རྟེན་པ་ལ་བརྟེན་ཐབས་དང་། །མ་ཤེས་པ་ལ་ཞལ་ལྟ་སློབ། །⑰ཅེས་དམ་བཅའ་བ། མཇུག་ཏུ་དོན་དེ་ཡིས་མཐའ་ཡས་འགྲོ་བ་ཀུན། ། དུས་ད་ལན་དགེ་བའི་ལས་ལ་འབད། །ཐམས་ཅད་བོན་སྐུ་ཐོབ་པར་ཤོག ། དགེའོ་བཀྲ་ཤིས། །⑱ཞེས་དགེ་བསྔོ་དང་བཀྲ་ཤིས་བཞག་ཡོད་ལ།ཨ་བའི་བསྟན་དཔེ་རུའང་། རྣམ་པར་ཤེས་པའི་གཟིགས་སྣང་། །⑲ཞེས་མཆོད་བརྗོད་དང་། དེ་འོག་ཏུ། བློ་གོང་མ་རྣམས་ཀྱིས་ཐུགས་དགོངས། ། བར་མ་རྣམས་ཀྱིས་སྤྱན་གཟིགས། ། འོག་མ་རྣམས་ཀྱིས་སྙན་གསན། །⑳ཞེས་མཉན་པར་བསྐུལ་བ། མཐའ་མར། ཉི་མ་རེ་ལ་ཚིག་རེ་ཟུངས། ། གྲོག་མཁར་དང་ནི་སྦྲང་རྩི་ལྟར། ། ཡུན་རིང་མི་ཐོགས་མཁས་པར་འགྱུར། ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག ། སརྦ་གངྒལཾ། །21ཞེས་པའམ་ཡང་ན། འདི་བཞེད་དགེ་རྩས་ཀུན་གསལ་གོ ། སྐྱེ་འཇིག་མི་བཞག་ཀེ་ཏཱ་ཀཱ་ཡིས་དག ། སྦྱིན་བདག་སྟོབས་འཕེལ་རྣམས་ལ་ཚེ་བསོད་རྒྱས། །དྲུང་ཡིག་མི་རྣམས་སྐུ་ཚེ་བརྟན། །བསྐལ་བ་མ་ཞིག་བར་དུ་བདག་སྐྱོབས་མཛོད། ། འགྲོ་དོན་མ་ལུས་འོད་གསལ་ངང་རྒྱས་ལ། ། ཕྱིར་མར་ཡོན་མཆོད་རྣམས་ལ་སངས་རྒྱས་ཤོག །22ཞེས་དང་། རྣ་རུ་དཀོན་མཆོག་ཚེ་འབུམ་དུ། ཨོཾ་མ་ཎི་པདྨེ་ཧཱུཾ། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།།23ཞེས་མཆོད་པར་བརྗོད། དེ་ནས། ངས་བསྐལ་བའི་ཆགས་རིམ་མི་ཤེས་མོད།།འཇིག་རྟེན་ཁམས་ཀྱི་སྐྱེ་རིམ་བཤད། །24 ཅེས་དམ་བཅས། མཇུག་མཐར། གསུང་ཡི་གེ་དྲུག་མོའི་བྱིན་བརླབས་ཀྱིས།།ཞིང་བདེ་བ་ཅན་དུ་སྐྱེ་བར་ཤོག སྐྱེ་མི་སྐྱེ་དཀོན་མཆོག་གསུམ་པོ་མཁྱེན། ། དེའི་དོན་དུ་མ་ནི་པདྨེ་ཧཱུཾ། །25 ཞེས་དགེ་བསྔོ་མཛད་པ་དང་། ། ཡ་རིའི་ཨ་བསོད་དུ་ཡང་། ། སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ། །དོན་འདི་ལ་བྱིན་གྱིས་རློབས་ཤིག ། ཅེས་ཐོག་མར་མཆོད་བརྗོད་མཛད།26 དེའི་འོག་ཏུ། ངའི་གོ་བ་ཅན་གྱི་ཚིག་འདིར།།གོ་ས་ཅན་གྱིས་ཉོན་དང་། །27ཞེས་མཉན་པར་བསྐུལ། མཇུག་ཏུ། ང་མི་རྒན་ཁ་ཡི་གཡང་ཡིན། །གཡང་ཀུན་ལ་ཁྱབ་པའི་སྨོན་ལམ། །སྐྱིད་རྟག་གི་སྨོན་ལམ་ངས་འདེབས། ། 28ཞེས་དགེ་བསྔོ་མཛད་པ་ལྟར་རེད་མོད། ཡང་གནའ་རྒྱའི་ཚེ་ལོ་ལྟ་བུར། ཚུར་ལ་གསོན་དང་འཇིག་རྟེན་འཁོར་བའི་མི། ། རྣ་བ་གཞན་ལ་མ་གཡེང་བདག་ལ་གསོན། །29ཞེས་མཉམ་པར་བསྐུལ་བ་དང་མཇུག་ཏུ་དགེ་བསྔོ་མཛད་པ་ལས། མཆོད་བརྗོད་མཛད་མེད་པ་དང་། ཡང་ཁ་ཆེམས་གསེར་གྱི་ཐུར་མ་དང་ལྷ་ལྡན་རྣ་ལོ་ལྟ་བུ་ལ་མཆོད་བརྗོད་དང་དགེ་བསྔོ་ཅི་ཡང་མཛད་མེད། འོན་ཀྱང་ལ་ལ་ཞིག་གི་མ་ཕྱི་ངོ་མ་དེར་མཇལ་མ་ཐུབ་སྟབས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའོ།། འོན་ཀྱང་ཐོག་མར་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། སྣོད་ལྡན་མཉན་པར་བསྐུལ་བ། །མཇུག་ཏུ་དགེ་བ་བསྔོ་བའི་སྲོལ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་སྲོལ་ཞིག་ཡིན་པར་མ་གོ་སྟེ།མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། ཁ་བ་ཅན་ན་སྔོན་གྱི་སྲོལ་བཟང་ལས།།འོངས་པའི་ཡ་རབས་རྣམ་འགྱུར་གང་མཐོང་བ།།འཕགས་ཡུལ་སྐྱེ་བོའི་སྒོ་གསུམ་ཀུན་སྤྱོད་ཀྱི།།གཟུགས་བརྙན་འཕོས་པའི་རི་མོ་བཞིན་དུ་གནས།།30གསུངས་པ་ལྟར་སྔོན་བྱོན་མཁས་པ་ཚོ་རྒྱ་གར་གྱི་དཔེ་དང་དཔར་ལ་མོས་པའི་ལུགས་དེའི་རྗེས་བརྐྱངས་བར་ངེས་ལ།དེ་ཡང་ཆོས་རྗེས་ས་པཎ་མཆོག་གི་མཁས་པ་འཇུག་པའི་སྒོ་རུ།བསྟན་བཅོས་བྱེད་པའི་དམ་པ་ཡིས།།སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག ། འདི་ལ་འཐད་པ་བཟང་བོ་མཐོང་། །31ཞེས་སོགས་གསུང་སྟེ། རྒྱ་གར་གྱི་རྩོམ་ཚུལ་ལ་དཔེ་ལྟོས་མཛད་ནས་བོད་ལ་རྩོམ་ཚུལ་རིག་པའི་གཞུང་ལུགས་ཐོག་མར་བཟོས་པ་དང་། སྙན་ངག་མེ་ལོང་དུའང་། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ །32ཞེས་བསྟན་པ་བཅས་ཀྱི་ཤུགས་རྐྱེན་གྱིས་ཕྱིས་བོད་ཀྱི་མཁས་པ་རྣམས་ལའང་དཔེ་དེ་བཞིན་དུ་རྩོམ་ལ་འཇུག་པའི་སྲོལ་ཞིག་དར་བར་མངོན་ཏེ།ཚངས་སྲས་བཞད་པའི་སྒྲ་དབྱངས་སུ། སྤྱིར་གཞུང་ཆེན་པོ་དག་ལ་ཐོག་མར་ཕྱག་འཚལ་བའམ་ཤིས་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ་དང་། བློ་ལྡན་མཉན་པར་བསྐུལ་བ་སོགས་གཞུང་གི་སྔོན་འགྲོའམ་སྦྱོར་བ་དང་། དེ་ནས་གཞུང་དངོས་གཞི་ལ་འཇུག་པ་དང་། བར་བར་དུ་སྙན་ཚིག་གི་ལམ་གྱི་བར་སྐབས་ཚིགས་བཅད་དམ་ངལ་གསོའི་ཚིག མཇུག་ཏུ་དགེ་བ་བསྔོ་བ་སོགས་ནི་གཞུང་ཆེན་པོའི་རྩོམ་ལུགས་ཡིན། སྙན་ངག་གི་གཞུང་ཆེན་པོ་ཡང་དེ་ལྟར་ཡིན།33 ཞེས་གསུང་ལྟར་རེད།

འདི་ལྟར་སྔ་རབས་མཁས་པའི་ལམ་དང་རྗེས་ལ་ཞུགས་པ་ཡིས། སྤྱིར་བཏང་གི་གླུ་དང་ལ་གཞས།རོགས་འཐེན་སོགས་དམངས་ཁྲོད་སྒྱུ་རྩོམ་ལ་ལ་ཞིག་དང་བར་ཁྱད་ཕྱེས་ལ། ཉན་མཁན་དང་ཀློག་མཁན་གྱི་ངོས་ནས་བརྗོད་ནའང་། གསེར་དང་དངུལ་གྱི་སྒྲོམ་ལ་བཅུག་པའི་རྒྱུ་ནོར་ཇི་བཞིན། རིན་ཐང་ཆེ་རུ་བསྟན་ཅིང་། བདེན་པ་རྣམ་དག་གི་ཆོས་ཀྱི་ཆེ་བའམ་བརྩམས་ཆོས་ཀྱི་གོ་ས་དེ་རང་བཞིན་གྱིས་ཇེ་མཐོར་གཏོང་བ་ལ་སྨན་པའི་དགེ་མཚན་ཐོན་ཡོད་དོ།།

2ཁ་སྐད་ཀྱི་ལམ་དུ་ཚིགས་སུ་བཅད་དེ་དབྱངས་ལ་བསྐྱོན་པས་གོ་བདེ་ཞིང་འཛིན་སླ་ལ། ལྷག་པར་སྤྲོ་རྩེད་ཀྱི་རང་བཞིན་ལྡན་པ།

     སྲིད་པ་རྒན་པོའི་གཏམ་ཞེས་པ་འདི་ནི་གནའ་མི་རྒན་པ་རྣམས་ཀྱིས། རང་ཉིད་འཇིག་རྟེན་འཁོར་བའི་ཡུལ་འདིར་སྐྱེས་པ་ནས་རྒ་བའི་བར་གྱི་མཐོང་ཐོས་མྱོང་གསུམ་དང་སྤང་བླང་འཇུག་ལྡོག་གི་གོ་བ་རྣལ་མ་སྐྱེས་པའི་ཚུལ་ལས་བརྩམས་ཏེ། ཕྱི་རབས་རྒན་དར་གཞོན་གསུམ་དང་སྐྱ་སེར་ཕོ་མོ་ཡོངས་ལ། ངག་ཐོག་ནས་དབྱངས་རྟ་ངེས་ཅན་ཞིག་ལ་བསྐྱོན་ཏེ། མི་མང་འདུས་པའི་ཁྲོད་དུ་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་སྣ་ཚོགས་དང་འབྲེལ་ནས་སྤྲོ་རྩེད་ཀྱི་རྣམ་པས་མི་མང་པོ་ལ་ཞལ་ཏ་སློབ་སྟོན་གནང་བའི་དམངས་ཁྲོད་རྩོམ་རིག་གི་རྣམ་པ་ཞིག་ཡིན་སྟབས། བལྟ་མཁན་དང་ཉན་མཁན་ཡིག་ངོ་ཆོད་མིན་ཀུན་ཀྱིས་གོ་བདེ་ཞིང་། གཟུང་ན་འཛིན་སླ་བ། བསམ་ན་དོན་བདེན་པའི་གོ་བ་བསྐྱེད་པ། ཉན་ན་སྙན་ཞིང་འཇེབས་ལ་སྤྲོ་བ་འདྲེན་པ་ཞིག་དང་། དབྱངས་ཀྱི་འདེགས་འཇོག་དང་རྐྱོང་བསྐུམས། བརྗོད་པའི་སྐབས་ཀྱི་ཉམས་འགྱུར་དང་བསྟུན་ཏེ། ཚེག་བར་ནི་གསུམ་དང་བདུན། དགུ་དང་བཅུ་ལ་སོགས་པར་གནས་ཀྱང་། སྤྱིར་བཏང་ཚིགས་བཅད་ཀྱི་ལམ་ནས་བསྟན་ཡོད་དེ། དཔེར་ན།ཨ་བའི་བསྟན་དཔེ་རུ། ཤར་ན་སྐར་མ་སྨིན་དྲུག་ཆགས། །དེ་ནས་ཤར་སྐར་བདུན། ། ལྷོ་སྐར་བདུན། ། ནུབ་སྐར་བདུན། ། འོག་ན་རྒྱ་ནག་གཙུག་ལག་གི་རྒྱལ་པོ་དེ། །ལྷའི་དབང་པོ་བརྒྱ་བྱིན་གྱི་ཁྲོམ་དང་། །གཙུག་ལག་ལ་མངའ་བརྙས་པ་གཅིག་ལགས་སོ། །ལྟ་བུ་དང་། ཡང་། གཏམ་མ་མང་། །གཏམ་མང་ན། །ཕ་གཏམ་བུ་ལ་ཕོག ། ཟ་མ་མང་། ། ཟ་མང་ན། །སྦྲང་དཀར་རྩམ་པས་མཆིན་པ་ན། །འཐུང་མ་མང་། ། འཐུང་མང་ན། །སྐྱེམས་འབང་ཆང་གིས་ཀླད་ཡུག་འཁོར། །34ལྟ་བུ་རེད།

མདོར་ན་སྲིད་པ་རྒན་པོའི་གཏམ་ཞེས་པ་འདི་ནི་གོང་དུ་བརྗོད་པ་བཞིན་བོད་ཀྱི་རྩོམ་རིག་གི་ནམ་མཁའ་མཛེས་པར་བྱེད་པའི་མཁའ་རྒྱན་ཞིག་ཡིན་པར་མ་ཟད། སྔོན་བྱོན་མེས་པོ་རྣམས་ཀྱི་སེམས་ནས་བརྡོལ་ཞིང་ངག་ལས་བཞུར་ཏེ། མི་རབས་མང་པོ་ཞིག་གི་མཚར་སྡུག་གི་མགྲིན་པའི་ལམ་བུ་བརྒྱུད་དེ་འོང་པའི་བོད་རང་གི་འཛད་མཐའ་མེད་པའི་དམངས་རྩོམ་གྱི་རྒྱ་མཚོའི་ཀློང་ནའང་། རང་ལ་རང་གི་བཀྲག་དང་འོད་ཀྱིས་མཛེས་པའི་རྩོམ་ལུས་རང་རྐྱ་བ་ཞིག་ཏུ་ཆགས་ཡོད་དོ། །

ཡིག་ཆའི་ལུང་ཁུངས།

སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་བ་བཞུགས་སོ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2004ལོ། ཤོག་གྲངས།96

‚ƒརྒྱ་ཡེ་བཀྲ་བྷོ།བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2004ལོ། ཤོག་གྲངས།117,118

„--2934 སྲིད་པའི་ཡས་གཏམ་མས་གཏམ།

30དགེ་འདུན་ཆོས་འཕེལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། པོད་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1990ལོ། ཤོག་གྲངས།1

31 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དཔལ་ལྡན་ས་སྐྱའི་གསུང་རབ། པོད་དྲུག་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2004ལོ། ཤོག་གྲངས།88

32 འབྲུག་ཁམས་སྤྲུལ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1986ལོ། ཤོག་གྲངས།42

33བསེ་ཚང་བློ་བཟང་དཔལ་ལྡན།ཚངས་སྲས་བཞད་པའི་སྒྲ་དབྱངས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1994ལོ།ཤོག་གྲངས།42


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506330
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།