རྟོགས་བརྗོད་གསེར་གྱི་མེ་ཏོག་ལ་ཅུང་ཙམ་དཔྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »རྟོགས་བརྗོད་གསེར་གྱི་མེ་ཏོག་ལ་ཅུང་ཙམ་དཔྱད་པ།
རྟོགས་བརྗོད་གསེར་གྱི་མེ་ཏོག་ལ་ཅུང་ཙམ་དཔྱད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-11ལྟ་ཀློག (6947)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྟོགས་བརྗོད་གསེར་གྱི་མེ་ཏོག་གི་ཚིག་གི་སྒྱུ་རྩལ་ཐད་ལ་ཅུང་ཙམ་དཔྱད་པ།

              བན་ཤུལ་བྱམས་པ་རྒྱལ།

༼དཔྱད་རྩོམ་འདི་ནི༢༠༡༣ལོའི་གུར་ཀུམ་ཆུན་པོ་སྤྱིའི་དེབ་གྲངས་བཅུ་དགུ་བའི་སྟེང་དུ་བཀོད་ཟིན།༽

        བརྩམས་ཆོས་འདིའི་མཛད་པ་པོ་སྒེའུ་སྟེང་བློ་བཟང་དཔལ་ལྡན་ཚང་ནི་དུས་རབས་ཉི་ཤུ་བའི་སྐབས་ཀྱི་མདོ་རྒྱུད་རིག་གནས་དང་བཅས་པའི་རབ་འབྱམས་ཤེས་བྱའི་ཁམས་ཀུན་ལ་དབང་འབྱོར་ཞིང་བོད་ཆོལ་ཁ་གསུམ་ན་གྲགས་སྙན་གྱི་བ་དན་དཀར་པོ་དགུང་དུ་གཡོ་བའི་མཁས་པ་ཆེན་པོ་ཞིག་ཡིན་པར་མ་ཟད།འཆད་རྩོད་རྩོམ་གསུམ་གྱི་མཛད་པ་གཏན་ཏུ་ནུབ་པར་དཀའ་བའི་རྒྱལ་མཚན་མཐོན་པོར་བསྒྲེངས་བ་ཞིག་ལགས་ན། མཐོང་ཐོས་གྱི་རྒྱ་དམན་པ་བདག་ལྟ་བུས་ཁོང་གི་མཛད་པའི་ཆ་ཤས་ཕྲ་མོ་ཙམ་ལའང་དཔྱོད་པའི་འོས་མ་ཡིན་མོད། མཁས་པའི་མཛད་པ་ལ་རྗེས་སུ་ཡི་རེངས་དང་རྩོམ་པའི་རྣམ་གཞག་གིས་ཉ་མོ་དོལ་ལ་དྲངས་བ་བཞིན་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་གྱུར་བས།རང་བློའི་ལྕོགས་ཚད་ཀྱིས་ཁོང་རིག་གི་བརྩམས་ཆོས་རྟོགས་བརྗོད་གསེར་གྱི་མེ་ཏོག་ཅེས་པ་འདིའི་ནང་གི་བརྗོད་བྱ་ཟབ་མོར་འཇུག་པའི་སྤོབས་པ་མི་མངའ་ཡང་། ཕྱིའི་ཚིག་གི་ཁྱད་ཆོས་ལ་དཔྱད་ཁུལ་ཙམ་ཞིག་བྱས་བ་ལགས། དེ་ཡང་ཁོང་གི་མཛད་པ་རྣམ་ཐར་ནི་ཁོང་ནི་རྣམ་ཐར་དང་མཁས་པ་གཞན་གྱིས་བྲིས་པ་སོགས་ན་མང་དུ་སྣང་བས་འདིར་བསྐྱར་བཟླས་ཀྱི་དགོས་པ་མ་མཆིས་པར་སྙམ་པས་བསྐྱུར་ཏེ།གོང་དུ་བཤད་པ་བཞིན་རྟོགས་བརྗོད་འདིས་ཚིག་གི་སྒྱུ་རྩལ་གྱི་ཆ་ལ་རང་བློས་ལྕོགས་ཚད་ཀྱིས་ཅུང་ཙམ་དཔྱད་ན།

གཅིག གནད་དུ་འཁེལ་ཞིང་མཚོན་སྟོབས་ལྡན་པའི་དཔེ་འགོད་ཀྱི་རིགས་པ།

   སྙན་ངག་མེ་ལོང་མ་ལྟར་གྱི་དཔེ་རྒྱན་དང་གཟུགས་རྒྱན། རབ་རྟོག་དང་བསྡུས་བརྗོད་ལ་སོགས་པའི་ཚིག་རྒྱན་གྱི་སྦྱོར་བ་སྣ་ཚོགས་གང་ལ་གང་འཚམས་ཀྱིས་སྤྲས་པས་མཚོན་སྟོབས་ཆེ་ཞིང་ཉམས་ཀྱིས་ཕྱུག་པ་དང་། ལྷག་པར་དུ་མཚོན་བྱེད་དཔེ་ཡི་ཆོས་རྣམས་གནད་དུ་འཁེལ་ཞིང་་མཚོན་ཤུགས་ཆེ་བའི་ཁྱད་ཆོས་དང་ལྡན་ཏེ། དཔེར་ན། སྨིན་ལེགས་འབྲས་བུས་ནུ་མར་མངོན་འཁྲུལ་བས།། ཆགས་བྲལ་ཐུབ་པ་དཀའ་ཐུབ་ཚལ་ལས་སློང་།། ཞེས་དང་། ཁྱོད་ནི་ཆེན་པོར་གྱུར་ཀྱང་དགེ་བའི་བཤེས།།ཚུལ་བཞིན་བསྟེན་པའི་མཛེས་སྡུག་རི་མོ་ཡིས།།རྟག་ངུའི་རྣམ་ཐར་ལ་ཡང་དམན་སྟེར་ན་།།བླ་སྤྲུལ་ཕལ་གྱི་ཀུན་སྤྱོད་ཆུ་རིས་བཞིན།།དང་། རིན་ཆེན་བརྡལ་བའི་དཀོར་མཛོད་རེ་རེ་ལས།། གཏན་པ་མེད་པའི་མཆོད་སྦྱིན་འདུ་བྱས་པས།།གྲགས་པའི་ཆེ་བ་མགོན་མེད་ཟས་སྦྱིན་ཡང་།།རི་དབང་དྲུང་ན་རྡུལ་གྱི་རྣམ་ཐར་འཛིན།།ཞེས་པ་ལྟ་བུ་སྐབས་བབ་ཀྱི་དོན་དེ་བསྡུར་བ་བྱེད་སའམ་ཁ་གཏད་དུ་དཔེ་སྟོབས་དང་ལྡན་པ་ཆགས་བྲལ་ཐུབ་པ་དང་རྟག་ངུའི་རྣམ་ཐར། མགོན་མེད་ཟས་སྦྱིན་ལ་སོགས་པའི་དཔེ་ཡི་རྩེར་སོན་དང་ཕུད་དུ་གྱུར་བ་དག་བཀོད་པས་བརྗོད་བྱ་དོན་གྱི་ཉམས་བླ་ལྷག་ཏུ་འདོན་པ་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པ་དང་། གཞན་ཡང་སྔོན་བྱོན་མཁས་པ་རྣམས་ཀྱི་ཅ་ག་ཕྱག་ལེན་བཞིན་དུ་རིག་བྱེད་གཏམ་རྒྱུད་དང་སྟོན་པའི་སྐྱེས་རབས་རྣམ་ཐར་དག་ལས་བཏོན་པའི་གཏམ་རྒྱུད་རེ་འགའ་དཔེ་འགོད་བྱས་ཏེ་དོན་གྱི་མཚོན་ཤུགས་སྟོབས་ལྡན་དུ་བྱས་པ་དཔེར་ན།མཐའ་ཡས་རྫུ་འཕྲུལ་རོལ་བའི་ལམ་བཟང་ལས།།ཐུབ་དབང་འཁོར་བཅས་བུ་རམ་ཤིང་འཕེལ་དུ།།བྱོན་པ་དེ་ཡང་འདི་ལས་གཞན་མིན་ཞེས།།ཕྱོགས་ཀྱི་འཁོར་ལོ་དོན་ལྡན་སྒྲ་ཡིས་བཀང་།། ཞེས་དང་།ཁྱོད་ནི་ཆེན་པོར་གྱུར་ཀྱང་དགེ་བའི་བཤེས།།ཚུལ་བཞིན་བསྟེན་པའི་མཛེས་སྡུག་རི་མོ་ཡིས།།རྟག་ངུའི་རྣམ་ཐར་ལ་ཡང་དམན་སྟེར་ན།།བླ་སྤྲུལ་ཕལ་གྱི་ཀུན་སྤྱོད་ཆུ་རིས་བཞིན།།དང་།བདེ་གསལ་མི་རྟོག་ཏིང་འཛིན་གཞུ་མཆོག་ལས།།ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཆེན་པོའི་མདས།།དངོས་འཛིན་ལངྐའི་བདག་པོའི་མགྲིན་གཅོད་པའི།།དགའ་བྱེད་རྒྱལ་པོའི་མཆེད་པོ་དེང་ཡང་སྣང་།།ཞེས་པ་ལྟ་བུ་མཉམ་མེད་ཐུབ་པའི་དབང་བོ་བུ་རམ་ཤིང་འཕེལ་དུ་བྱོན་པའི་གཏམ་དང་། འཕགས་པ་རྟག་ཏུ་ངུས་སངས་རྒྱས་ཆོས་འཕགས་སློབ་དཔོན་དུ་བསྟེན་པའི་གཏམ། གཞན་ཡང་།བརྒྱ་བྱིན་དང་སྲེད་མེད་བུ། ཁྱབ་འཇུག་གི་སྤྲུལ་བ་རུས་ལྦལ། བྱེད་པོ་ཞེས་ཚངས་པ། ལངྐའི་བདག་པོ། དགའ་བྱེད་རྒྱལ་པོ།   ཨཀྵོ་ཧི་ཎྰིའི་གྲངས་ཚང་བ་ཞེས་པ་སོགས་སྟོན་པའི་སྐྱེས་རབ་རྣམ་ཐར་དང་ཕྱི་རོལ་རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་བ་འདི་རིགས་ལ་ཐོས་པ་སྔོན་དུ་སོང་བ་ཞིག་མིན་ན། སྙན་ངག་འདིའི་དོན་རྟོགས་པ་དང་རོ་མྱོང་བ་ལ་དཀའ་ཁག་ཅུང་བཟོས་ཡོད་མོད། གཏམ་རྒྱུད་འདི་དག་གི་དོན་རྟོགས་མཁན་ཞིག་ཡིན་ཚེ་སྔར་ལས་ཀྱང་ལྷག་པར་གསོན་ཉམས་ལྡན་པའི་སྣང་བརྙན་དང་། ཕུན་སུམ་ཚོགས་པའི་སྙན་རོས་ཕྱུག་པར་བཏང་ཡོད་པར་མ་ཟད། ཨ་ལགས་དོར་ཞི་རིན་པོ་ཆེས། ཚིག་གི་སོག་མ་ཤིང་རྟས་མི་ཐེག་པར། དོན་གྱི་འབྲས་བུ་སྐར་གང་མེད་པ་ལས། རྗོད་བྱེད་མེ་ལོང་མཐེབ་ཀྱུ་ཙམ་གྱི་ནང་། །བརྗོད་བྱའི་སྣང་བརྙན་འབུམ་ཕྲག་ཚུད་པ་བྲིན།།ཞེས་པ་ལྟར། ཚིག་ཉུང་ངུས་དོན་ཆེན་པོ་དང་བརྗོད་བྱ་ཕུན་སུམ་ཚོགས་པར་གཏོང་བའི་ཕན་ནུས་ཆེན་པོ་ཐོན་ཡོད།

    གཉིས།  ཚོན་མདངས་བཀྲ་ལ་གསོན་ཉམས་ལྡན་ཞིང་བརྗིད་ཉམས་ཆེ་བའི་སྣང་བརྙན་བཟོ་སྐྲུན།

སྒྱུ་རྩལ་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་དབང་ཡུལ་དང་དབང་ཡུལ་འདས་པའི་ཆོས་རྣམས་སྣང་བརྙན་ཅན་དུ་བསྒྱུར་ཏེ་དོན་གྱི་གནད་སྟོན་པ་ཞིག་ཡིན་ན། སྣང་བརྙན་གྱི་བཟོ་སྐྲུན་དེ་སྒྱུ་རྩལ་གྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་དེ།ཨུ་རུ་སུའི་རྩོམ་རིག་མཁས་པ་པེ་ལིན་ཟི་ཅིས། སྙན་ངག་ནི་གཞན་གང་ཡང་མ་ཡིན་པར་སྣང་བརྙན་ལ་བརྟེན་ནས་བསམ་གཞིག་བྱེད་པ་ཞིག་རེད།ཅེས་དང་།ཨ་ལག་དོར་ཞི་རིན་པོ་ཆེས། དབང་བོའི་ཡུལ་དང་དབང་ཡུལ་ལས་འདས་པའི།། བརྗོད་བྱའི་དོན་གྱི་སྣང་བརྙན་མངོན་སུམ་བཞིན།།བློ་ཡི་མེ་ལོང་ངོས་ལ་གསལ་སེང་ངེར།།འགོད་པའི་རྩོམ་སྟངས་རྩོམ་རིག་ཀུན་གྱི་སྲོག། ཅེས་གསུངས་པ་ལྟར་འཚོ་བའི་མེ་ལོང་དང་སེམས་ཀྱི་རི་མོར་མངོན་པའི་རྩོམ་རིག་གི་སྣང་བརྙན་བཟོ་་སྐྲུན་གྱི་ཐད་ནས་དམ་པ་གང་གི་སྙན་རྩོམ་འདིར་གཞན་གྱིས་ཟླར་འོངས་དཀའ་བའི་ཁྱད་ཆོས་དང་ལྡན་ཏེ། དཔེར་ན་འདི་རུ།མཁའ་ཡང་དམར་སེར་ཉིད་བྱེད་པའི།།བླ་གོས་སར་བའི་རྒྱལ་མཚན་ཅན།།ཕྲེང་བར་བསྟར་བས་འཛིན་མའི་ཁོང་།།གུར་གུམ་འོད་ཀྱིས་སྒེག་པ་འཛིན།།ཞེས་དང་། རུ་མཚོན་མགུལ་བའི་བ་དན་གྱིས།།མཁའ་ལ་འཇའ་ཚོན་གར་བཟུང་བའི།།སྟག་ཤར་སྲིན་པོ་ཁྲོས་པའི་དཔུང་།།ས་ཡི་རྡུལ་གྱིས་གཞལ་མི་ལང་།།དང་།ཡང་། ཟླ་བ་གསར་བའི་འོད་ལྡན་པའི།།གྲྭ་ཁང་བྱེ་བ་དགུ་ཁྲིས་མཚོན།།སྟོན་མཚན་ནམ་མཁའི་མུ་ཏིག་ལ།།སྐྱེངས་པ་སྟེར་བའི་ལང་ཚོ་འབར།།  ཞེས་པ་ལྟ་བུ་རི་མོའི་ལམ་དུ་མ་གནས་ཀྱང་དཔེ་དང་མཚོན་སྟོབས་ལ་བརྟེན་ཏེ་ཚོན་མདོག་འབར་ལ་ཡིད་དུ་འོང་བ།མངོན་སུམ་མིག་གི་སྤྱོད་ཡུལ་དུ་མཛེས་པའི་ཡུལ་ངོས་ཤིག་རྣམ་པར་བཀྲ་བ་དང་། གཞན་ཡང་། དལ་གྱིས་རྒྱུ་འདྲའི་ཅང་ཤེས་ལ།།དབང་བོའི་གཞུ་ལྟར་རབ་བཀྲ་བའི།།ནོར་བུའི་སྒ་སྲབ་ཆས་རྫོགས་པར།།ཉི་མ་བརྒྱ་ཕྲག་ཅིག་ཅར་དུ།།ཤར་འདྲ་ལྗོངས་འདིའི་སྐྱབས་མགོན་མཆོག།འཛུམ་པའི་འོད་ཀྱིས་ལྷམ་མེར་བ།།ལྷ་དབང་བཞིན་དུ་བསུ་བར་བྱོན།།ཞེས་དང་། བློ་བཟང་བསྟན་ལ་བློ་བཟང་དབང་བོ་བཞིན།།ཆོས་ཀྱི་རྒྱལ་མཚན་ཆོས་བཞིན་སྒྲེང་བ་དེའི།།སྐལ་ལྡན་ཁྲོད་ན་སྐལ་ལྡན་རྒྱ་མཚོ་ཞེས།།རི་དབང་དྲུང་ན་རི་དབང་གཉིས་པ་བཞིན།།ཞེས་དང་། མདོ་སྔགས་ཆོས་ཀྱི་ནགས་མཐའ་ནས།།རྩོད་པའི་གཞུ་རྒྱུད་བདུངས་པ་ན།།རྒོལ་བའི་རི་དྭགས་ཡར་མ་ཡིས།།རང་གི་མགྲིན་པ་དཔྱང་ཐག་འཛིན།།ཞེས་པ་ལྟ་བུ་སྐུ་གཟི་བརྗིད་ཀྱིས་མཛེས་ལ། ཐུགས་མཁྱེན་རབ་ཀྱིས་བརྒྱན་པ། གསུང་ལེགས་བཤད་ཀྱིས་སྙན་པ་སོགས་གསོན་ཉམས་དོད་ཅིང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྣང་བརྙན་རེ་རེ་མངོན་སུམ་དུ་སྣང་བ་ལྟ་བུ་ཞིག་ཏུ་བཞེངས་བསྐྲུན་བྱས་ཡོད།

  གསུམ།  ཀུན་རྟོག་གི་འཇུག་པ་ཡངས་ཤིང་སེམས་ཀྱི་གཟིངས་མཐོ་ལ་འཆར་ཡུན་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པ།

རྩོམ་རིག་ནི་ཀུན་རྟོག་གི་ཉམས་འགྱུར་ཞིག་ཡིན་ཞིང་ཀུན་རྟོག་གི་ཤོང་རྒྱ་དང་ཁྱབ་ཚད་ཀྱིས་་ཀློག་པ་པོའི་ཡིད་ཀྱི་གཡོ་བ་ལ་ཚད་བཀག་ཐེབས་བཞིན་ཡོད་དེ། རྩོམ་རིག་གསར་རྩོམ་གྱི་རྣམ་བཤད་དུ། སྙན་ངག་ཅེས་པ་ནི། ཕུན་སུམ་ཚོགས་པའི་ཀུན་རྟོག་དང་ཤུགས་དྲག་པོའི་ཚོར་འདུས་ཁྱབ་ཅིང་། ཞེས་དང་། ཞྰེ་ལེ་ཡིས། སྙན་ངག་ནི་ཀུན་ཏུ་རྟོག་པའི་སེམས་ཀྱི་ཉམས་འགྱུར་སྟོན་པ་ཡིན།ཞེས་པ་ལྟར།ཕུན་སུམ་ཚོགས་པའི་ཀུན་རྟོག་གམ་ཡིད་སྤྲུལ་ནི་རྩོམ་རིག་གསར་རྩོམ་བྱེད་པ་ལ་མེད་དུ་མི་རུང་བའི་རྩ་བའི་རྒྱུ་རུ་གྱུར་བས་ན། ཁོང་གི་སྙན་ངག་གིས་ཕུན་སུམ་ཚོགས་པའི་ཀུན་རྟོག་གི་འཇུག་པ་ཡངས་པོར་ཕྱེས་བ་སྟེ། དཔེར་ན། འཛམ་བུའི་རྒྱལ་མཚན་སྲིད་པའི་རྩེ་མོ་ལས།།རྣམ་པར་གཡོ་བའི་རྩེ་དགའ་མ་ཉམས་པས།། སྲིད་ཞིར་ཁེངས་པས་འཇིག་རྟེན་རབ་མཐོ་བ།།ཞེས་དང་། ས་འཛིན་སྤྲིན་སྔོན་རལ་བའི་ཐོར་ཅོག་ཅན།། སྤོ་མཐོར་སྙེམས་པས་ཉི་ཟླའི་བགྲོད་པ་ཡང་།། ཆེས་ཆེར་དམའ་ན་་་་ཞེས་དང་། དེ་དེས་བྱས་པའི་གྲོང་དང་གྲོང་ཁྱེར་ནི།།བྱིན་ཆགས་རྒྱུ་སྐར་བུ་མོའི་ཚོམ་བུ་ཡིས།།རྣམ་སད་རྫིང་རིང་ཆུ་ཞེང་གབ་པའི་ཁྱོན།།ཉེ་བར་སྤུད་པས་ཆ་ཙམ་མཚོན་མ་ཡིན།།དང་།  རྩིག་པ་ནམ་མཁའི་ཟེ་བ་ལ།།རེག་པའི་འོད་ཟེར་རབ་རྒོད་པའི།། ཞེས་པ་ལྟ་བུ་སོགས་ཀྱིས་ཀློག་པ་པོ་ལ་ས་མཐོ་ཞིང་ཁྱོན་ཡངས་པ།བརྗིད་ཅིང་ཉམས་དགའ་བའི་གནས་ཀྱི་བཀོད་པ་ཞིག་རང་བཞིན་གྱིས་སྟེར་བར་བྱེད་ལ་སྣང་བའི་ཁམས་ནི་ཡངས་ཤིང་རྒྱང་ནས་རྒྱང་དུ་བྱེར་བར་བྱེད་པ་དང་།སེམས་ཀྱི་གཟིངས་ཀྱང་མཐོན་པོར་འདེགས་པ་ལྟ་བུའི་ཚོར་བ་ཞིག་ཀྱང་ངང་གིས་བསྐྱེད་པར་མ་ཟད།གཞན་ཡང་། གཟུགས་རྒྱན་དང་རབ་རྟོག འཁྱོག་བརྗོད་དང་འུད་བསྟོད་སོགས་ཀྱི་མཚོན་ཐབས་མང་དུ་སྤྱད་པས་འཆར་ཡུན་རིང་ལུགས་ཀྱི་ཉམས་དང་ཁྱད་ཆོས་ཀྱང་ལྡན་པར་འདོད་དོ།།

 བཞི། བསྟོད་བྱའི་གནས་དང་དུས་ཀྱི་གོ་རིམ་ཇི་བཞིན་བརྗོད་པས་བརྗོད་བྱ་རྟོགས་སླ་ཞིང་ཀློག་པ་པོར་ལྗོངས་རྒྱུར་དངོས་སུ་ཕྱིན་པ་ལྟ་བུའི་ཚོར་བ་སྟེར་བ།

    ཐོག་མར་གླེང་སློང་གིས་དབུ་བརྒྱན་པ་དང་། བར་དུ་བསྟོད་པ་དངོས། ཐ་མར་དགེ་བསྔོ་དང་། གང་དུ་བརྩམས་པའི་གནས། རྩོམ་པའི་དུས། རྩོམ་མཁན་གྱི་མཚན། གཞན་སུ་དང་གང་གིས་རྩོམ་སྐུལ་གནང་བའམ་གནས་ཚུལ་ཇི་འདྲའི་འོག་བརྩམས་པ་བཅས་ཀྱིས་མཇུག་ལེགས་པོར་བསྡུས་པ་སྟེ། གོ་རིམ་ལྔའམ་དྲུག་ཏུ་བྱས་པ་བཅས་རང་རེའི་སྔོན་ཆད་ཀྱི་བསྟོད་རྩོམ་ཕལ་ཆེར་ལ་ཐུན་མོང་དུ་མངའ་བའི་རྒྱུན་སྲོལ་གྱི་རྩོམ་ཁོག་སྒྲིག་གཞིའི་ཁྱད་ཆོས་དེ་དང་ལྡན་པར་མ་ཟད། ཡང་རྩོམ་འདི་རུ།འཛམ་བུའི་རྒྱལ་མཚན་སྲིད་པའི་རྩེ་མོ་ལས།།ཞེས་རིམ་པ་བཞིན་ལྷོ་ཕྱོགས་འཛམ་བུའི་གླིང་དང་བོད་ཡུལ་སྐྱིད་པའི་ལྗོངས། མདོ་ཁམས་གཡར་མོ་ཐང་སྟེ། ཐོག་མར་ཆེ་ས་ནས་སྤྱིར་བསྔགས་པ་དང་། དེ་ནས་རིམ་བཞིན་རེབ་གོང་རིག་པ་འབྱུང་བའི་གྲོང་གི་རི་ཆུ་ནགས་གསུམ་དང་། རྩི་ལྗོན་མེ་ཏོག དེ་ལྡན་ཀུན་གྱི་ལྟེ་བར་གྱུར་བའི་རོང་བོ་དགོན་ཆེན་དང་ཤར་བླ་བྲང་། དེ་ནས་ཤར་སྐྱབས་མགོན་ཚང་སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ཚང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ཁྱད་པར་ཁོང་གིས་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཆོས་ཀྱི་ཉི་མ་མཆོག་རེབ་གོང་ཡུལ་དུ་ཕེབས་པར་ཕེབས་བསུ་རྒྱ་ཆེན་པོ་བྱས་པ་ལ་བན་བོན་སྔགས་གསུམ་དང་དད་ལྡན་ཕོ་མོས་མི་བསུ་དང་རྟ་བསུ།ཆོས་དང་ཟིང་ཟིང་གི་མཆོད་པའི་རིམ་པ་སོགས་བྱེ་བྲག་ཏུ་གོ་རིམ་ཇི་བཞིན་བྲིས་པས་བརྗོད་བྱ་རྟོགས་སླ་ཞིང་ཀློག་པ་པོ་དངོས་སུ་ཡུལ་དངོས་སུ་འཁྲིད་པར་བྱེད་ལ། སེམས་ཀུན་ནས་ཡུལ་ལྗོངས་དང་ལྟད་མོ་སྣ་ཚོགས་ལ་འཕྱན་པར་བྱེད་པས། མངོན་སུམ་དང་དངོས་སྣང་གི་འདུ་ཤེས་ཁྱད་པར་བ་སྟེར་ལ། ཐོག་མཐའ་བར་གསུམ་ཀྱི་བསུ་བ་བྱེད་པའི་རྣམ་གྲངས་དང་གོ་རིམ་སོགས་ཇི་བཞིན་བྲིས་བས། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་ཆ་ཞིག་ཀྱང་དེ་དང་བསྡེབས་ནས་རྟོགས་ཐུབ་པ་རེད། 

མདོར་ན་དེ་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས། བོད་རབ་བྱུང་བཞི་བའི་སྟོད་ཙམ་ལ་བོད་དུ་སྙན་ངག་གི་རིག་པ་དར་བ་ནས་བཟུང་ལོ་བརྒྱ་ཕྲག་བདུན་ལྷག་གི་རིང་ལ་མཁས་པ་སོ་སོའི་མཁྱེན་རབ་ཀྱི་རྩལ་ལས་ཐོན་པའི་སྙན་ངག་གི་རིག་རྩལ་རྣམས་ཀྱི་སྙིང་བོའི་བཅུད་བསྡུས་བ་ལྟ་བུ་ཡིན།ཞེས་ཁོང་གི་སྙན་ངག་ལ་གདེངས་འཇོག་བླ་མེད་མཛད་པ་ནང་བཞིན་ཁོང་ནི་སྙན་ཚིག་རིག་པ་ལ་ཧ་ཅང་མཁས་སྟབས་ཚིག་བཅད་ལྷུག་གི་སྦྱོར་བ་གང་ཞིག་སྤེལ་ཡང་ངག་རིག་སྨྲ་བ་ཀུན་གྱི་མགོར།།ཚིག་གི་རྐང་སྟེགས་འགོད་མཁས་པའི་དབྱངས་ཅན་གྱི་སྲས་པོར་གྱུར་བ་ཞིག་སྟེ། རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་པོ་དགེ་དབང་དང་སློབ་དཔོན་དཔའ་བོ།གངས་ཅན་བོད་ཀྱི་ལྗོངས་སུ་མཁས་གྲུབ་ཆོས་ཀྱི་ཉི་མ་དང་ཞང་ཞུང་ཆོས་དབང་གྲགས་པ་སོགས་ཀྱང་ཟིལ་གྱིས་གནོན་པ་ལྟ་བུ་ཞེས་མཁས་པའི་བསྔགས་པ་མང་དུ་མཛད་ཡོད་ལ།ངོ་མཚར་སྤྲིན་གྱི་སྒྲ་དབྱངས་སུ་ཡང༌། སྐུ་ཡི་ཕྲེང་བར་མཛའ་བར་ཡོངས་འཐམས་པའི། །སྙན་ཚིག་སྡེབ་སྦྱོར་སྒེག་མོ་ཟུང་འཇུག་མ། །སྙིང་ལ་བརྩེ་དགའི་གྲོགས་སུ་ཉེར་བཀུག་པས།། དགེ་དབང་དཔའ་བོའི་མཆེད་པོར་ཅི་ཡང་སྙེམས། ། ཅེས་གསུང་བའང་རབ་བཏགས་མ་ཡིན་པར་ཁོང་གི་སྙན་ངག་ལ་སྤྱིའི་ཆ་ནས་རྒྱ་གར་ཤར་ལྷོའམ་གོ་དཀའ་སླའི་རྩོམ་གཤིས་ལུགས་གཉིས་ཀྱི་མཐའ་སྤངས་ཏེ་ལུགས་གཉིས་ཟུང་སྦྲེལ་གྱི་ཁྱད་ཆོས་དང་ལྡན་པར་མ་ཟད། ཀུན་རྟོག་གི་འཇུག་པ་ཡངས་ཤིང་ཉམས་དང་འགྱུར་བས་གཏམས་ལ། ཚིག་འཇམ་ཞིང་སྙན་ཆ་དོད་པ། དབྱངས་ཀྱི་འདེགས་འཇོག་གསལ་ལ་འཆར་ཡུན་གྱིས་ཕྱུག་པ། སྣང་བརྙན་གསོན་ཉམས་ལྡན་ལ་སྤོབས་པའི་གཟེངས་མཐོ་བ། སེམས་ཀྱི་རྩོལ་བ་བོར་ནས་རིག་པ་ཀློང་དུ་བརྡོལ་བ་བཞིན་རང་ཤུགས་ཀྱིས་བཞུར་འོང་བ་ལྟ་བུ་སོགས་ཡིད་འཕྲོག་པའི་ཡོན་ཏན་མང་དུ་མཆིས་སོ།།

ཟུར་ལྟའི་ཡིག་ཆ།

༡ ཡཱ་ཧན་ཀྲང་།པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ལོ།

༢ རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། ཤར་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ།

༣ རིན་ཆེན་རྡོ་རྗེས་བསྒྲིགས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོ།

༤ བློ་བཟང་ཆོས་གྲགས་སོགས་ཀྱིས་བསྒྲིགས། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོ།

༥བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་བཞི་པ།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༦ལོ།

༦ བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས།སྟོད་ཆ་དང་བར་ཆ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༠ལོ།

༧ དོར་ཞི་གདོང་དྲུག་སྙེམས་བློ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ།

༨ རིན་ཆེན་བཀྲ་ཤིས། རྩོམ་རིག་གསར་རྩོམ་གྱི་རྣམ་བཤད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོ།

༩ སྟོབས་ལྡན། ཚིག་རྒྱན་རིག་པའི་སྤྱི་ཁོག་འཕྲུལ་གྱི་མེ་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོ།

༡༠ རྡོ་རྗེ་རིན་ཆེན། རྩོམ་རིག་གཞུང་ལུགས་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་།  

 ༡༡郭纪金等《中国文学阅读与欣赏》首都师范大学出版社。2007年。

༡༢陶东《风等文学理论基本问题》北京大学出版社。2006年。


 རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522125
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།