​ སྤར་ཁ་བརྒྱད་ཀྱི་ཡོང་ཁུངས་དང་བརྡ་དོན་མདོ་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »​ སྤར་ཁ་བརྒྱད་ཀྱི་ཡོང་ཁུངས་དང་བརྡ་དོན་མདོ་ཙམ་གླེང་བ།
​ སྤར་ཁ་བརྒྱད་ཀྱི་ཡོང་ཁུངས་དང་བརྡ་དོན་མདོ་ཙམ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-11ལྟ་ཀློག (8514)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  སྤར་ཁ་བརྒྱད་ཀྱི་ཡོང་ཁུངས་དང་བརྡ་དོན་མདོ་ཙམ་གླེང་བ། 

             ཁོ་ཚེ་ཚེ་རིང་དོན་གྲུབ། 

ནང་དོན་གནད་བསྡུས།

      གཙུག་ལག་རྩིས་ཀྱི་རིག་པའི་གཞུང་ལུགས་རྟོགས་པ་ལ་སྤར་ཁ་བརྒྱད་ཀྱི་ངོས་འཛིན་དང་བརྩི་སྟངས་ཤེས་དགོས་ལ་དེ་ཡང་སྤར་ཁ་བརྒྱད་ཀྱི་ཐ་སྙད་སོ་སོའི་བརྡ་དོན་དང་འབྱུང་ཁུངས་ཤེས་ན་གཞུང་དོན་རྟོགས་པ་ལ་ཕན་རྐྱེན་སྟེར་བས་འདིར་དེའི་སྐོར་ཅུང་ཙམ་ཞིག་རང་བློའི་ལྕོགས་ཚོད་ཀྱིས་བྲིས་ཡོད།

  གནད་ཚིག

     སྤར་ཁ། ལི་ཁོན། དྭ་ཁེན། ཁམ་གིན། ཟིན་ཟོན།        

 དང་བོ།སྤར་ཁའི་གོ་དོན་དང་གྲུབ་ཚུལ།  

       སྤར་ཁ་ནི་ཐུའུ་བཀྭན་གྲུབ་མཐའ་ལས། པཱ་བཀྭའ་སྟེ་རི་མོ་བརྒྱད་ལ་བོད་སྐད་དུ་ཟུར་ཉམས་ནས་སྤར་ཁ་ཞེས་ཟེར་ཞེས་གསུངས་པ་ལྟར་པཱ་བཀྭའ་(八卦)ཞེས་པའི་ཐ་སྙད་དེ་ཉིད་བོད་སྐད་དུ་ཟུར་ཆགས་པ་ཞིག་སྟེ་པཱ་ནི་བརྒྱད་དང་བཀྭའ་ནི་རི་མོ་ཞིག་སྟེ་གནམ་སའི་གནས་ཚུལ་དང་འགྱུར་ལྡོག་མཚོན་བྱེད་ཀྱི་རི་མོ་བརྒྱད་ཀྱི་མིང་། དེ་ཡང་གྲུབ་གཟུགས་ཀྱི་ངོས་ནས་བཤད་ན་བཀྭའ་(卦)ནི་རྒྱའི་ཡི་གེ་圭དང་卜ཡིས་གྲུབ་པ་ཞིག་སྟེ་དེ་ལས་圭ནི་གནམ་ས་དང་卜ནི་བྱ་བའི་ལེགས་ཉེས་བརྟག་བྱེད་ཀྱི་མཚན་མ་ཞིག་གི་མིང་ལ་འཇུག་པས་དེ་གཉིས་མཉམ་དུ་སྦྱར་ན་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་བརྟེན་ནས་རང་ཉིད་ཀྱི་བྱ་བའི་ལེགས་ཉེས་བརྟག་ཐབས་ཀྱི་རི་མོ་བརྒྱད་ལ་གོ 

 རི་མོ་བརྒྱད་པོ་དེའི་འབྱུང་ཁུངས་ཐད་ལ་ཐུའུ་བཀྭན་གྲུབ་མཐའ་ལས། རྒྱ་ཡུལ་དུ་ཐོག་མར་བྱུང་བའི་ཧུང་གསུམ་སྡི་ལྔ་(三皇五帝)ལས་ཧུང་དང་པོའི་སྐབས་ཧྥུ་ཥི་ཞེས་བྱ་བའི་དུས་སུ་དེང་སང་ཧེ་ནན་ཞེས་འབོད་པའི་ཡུལ་གྲུའི་ཧེ་ཞེས་པའི་ཆུ་བོ་ཆེན་པོའི་ནང་ནས་ལུང་མ་(龙马)སྟེ་འབྲུག་རྟ་ཞེས་པ་ལུས་པོ་བྱིང་རྟའི་རྣམ་པ་ལ་མགོ་མཇུག་གཉིས་འབྲུག་དང་འདྲ་བ་ཞིག་ཐོན་པ་དེའི་རྒྱབ་ནས་མཐོང་ཚུལ་དང་གནམ་སའི་འགྱུར་ལྡོག་མཚོན་བྱེད་དུ་ཧྥུ་ཥིས་(伏羲)གསར་དུ་བཟོས་ཚུལ་གྱི་བཤད་པ་ཁ་ཤས་ཡོད་ལ་གང་དག་མིན་ཁ་ཚོད་གཅོད་དཀའ་ཡང་འདིར་བློ་ལ་འབབ་བདེ་ཕྱིར་བཤད་ཚུལ་ཕྱི་མ་ཉིད་གླེང་བར་བྱའོོ།། དེ་ཡང་ཧྥུ་ཞི(ཧྥུ་ཞིའི་ཞི་ལ་ཐུའུ་བཀྭན་གྲུབ་མཐར་ཤ་ཕྱིར་ལོག་ཥི་འདི་བྲིས་འདུག་མོད་དེ་ནི་རྒྱའི་སྐད་ཡིན་པ་གོ་ཆེད་དུ་བྲིས་པ་ཡིན་ན་མ་གཏོགས་སྒྲ་གདངས་གཞན་ཞིག་ཡིན་པས་ཁོ་བོས་འདིར་ཞི་ཡིག་བྲིས་པའོ།།)འི་སྐབས་སུ་ཀྲུང་གོ་ཞིང་ལས་སྤྱི་ཚོགས་སུ་མ་ཞུགས་པའི་ཡར་སྔོན་ཡིན་པས་མི་རྣམས་ཀྱིས་ཉ་འཛིན་དང་རི་དྭགས་རྔོན་པ་སོགས་ཀྱི་ལས་ཀར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།འཚོ་བ་དེ་ལྟར་རོལ་བ་ལ་རང་བྱུང་གི་གནོད་པ་ཆེས་ཆེ་ཤས་ནི་གནམ་གཤིས་ཀྱི་འགྱུར་ལྡོག་རེད་ལ།གནས་གཤིས་ཀྱི་འགྱུར་ལྡོག་ལ་སྔོན་དཔག་བྱས་ཏེ་ལས་ཀར་འགྲོ་རྒྱུ་ནི་ལས་ཀ་ལམ་འགྲོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས་མི་རྣམས་ཀྱིས་གནམ་གཤིས་ལ་སྔོན་དཔག་བྱེད་པའི་གོམས་གཤིས་དེ་ཆགས་པ་རེད། སྐབས་དེར་ཧྥུ་ཞི་ནི་གནམ་གཤིས་སྔོན་དཔག་པ་གྲགས་ཆེན་ཞིག་ཡིན་པས་མི་རྣམས་ལས་ཀར་འགྲོ་ཁར་ཁོ་ལ་གནམ་གཤིས་ཀྱི་གནས་ཚུལ་འདྲི་བཞིན་ཡོད། འདྲི་མཁན་ཇེ་མང་དུ་སོང་བ་དང་འདྲི་དུས་ལའང་ངེས་གཏན་མེད་པས་ཧྥུ་ཤིས་དེ་དག་རེ་རེ་ལ་ལན་གཏབ་མ་ནུས་པར་རང་བྱུང་ཁམས་ཀྱི་སྣང་ཚུལ་མཚོན་པའི་རི་མོ་འགའ་སྡོང་སྟེང་དུ་བརྐོས་པ་དེ་ལ་རྗེས་ནས་སྤར་ཁ་བརྒྱད་དུ་མིང་བཏགས་ཤིང་རིམ་གྱིས་རི་མོ་དེ་དག་འདྲ་གཟུགས་ཡི་གེར་གྱུར་བའོ།། དེ་ལྟར་རི་མོ་དེ་དག་ཡི་གེར་གྱུར་ཞིང་ཡི་གེ་དེ་དག་ལ་དོན་སྟེང་ནས་མིང་རེ་བཏགས་པ་ནི་ས་ལ་ཁོན་དང་།(地坤)ཆུ་ལ་ཁམ།(水坎)མེ་ལ་ལི།(火离)རླུང་ལ་ཟོན།(风巽)གནམ་ལ་ཁེན།(天亁)རི་ལ་གིན།(山艮)ལྕགས་ལ་དྭ།(雷震)ཤིང་ལ་ཟིན་(泽兑)བཅས་སོ།།དེ་ཡང་བོད་སྐད་དུ་སྒྱུར་དུས་མིང་དེ་དག་གི་ཕྱེད་སྔ་མ་དོན་བསྒྱུར་དང་ཕྱེད་ཕྱི་མ་སྒྲ་བསྒྱུར་བྱས་པ་སྟེ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས།འབྱུང་རྩིས་ལས་བཤད་པའི་པཱ་བཀཱའི་སྒྲ་ཟུར་ཉམས་པ་སྟེ་ནང་གསེས་སུ་ལི། ཁོན། དྭ། ཁེན། ཁམ། གིན། ཟིན། ཟོན། བཅས་མཚན་མ་བརྒྱད་ཀྱི་རི་མོ་སྟེ།དོན་ལ་མེ། ས། མཚེའུ། གནམ། ཆུ། རི། དྭ་ལྕགས།རླུང་བཅས་བརྒྱད་དོ།། ཞེས་བཀོད་པ་ལྟར་ཡིན་ལ་སྒྲ་བསྒྱུར་བྱས་པ་ལ་སྒྲ་ཟུར་ཇི་བཞིན་མ་ཡིན་པ་འགའ་རེའང་མཆིས་སོ།།

གཉིས་པ།སྤར་ཁ་སོ་སོའི་གོ་དོན།

གཅིག ཁོན་ས།

ཁོན་ས་ཞེས་པ་རྒྱ་ཡིག(地坤)འདི་བསྒྱུར་བ་ཞིག་སྟེ(地)དོན་བསྒྱུར་དང(坤)སྒྲ་བསྒྱུར་བྱས་པའོ།།དེས་ན་ས་ལ་ཁོན་ཟེར་དོན་ཡང་ཁོན་ནི་མཐུན་པོ་དང་བྱམས་པ་སོགས་ལ་འཇུག་པས་ས་གཞི་ལྟོས་བཅས་ཀྱི་སྒོ་ནས་བཤད་ན་ཀུན་མཐུན་ཞིག་སྟེ་ང་ཚོས་ཀུན་བཟོད་མ་ཞེས་མིང་བཏགས་པ་དང་ཆ་འདྲ་ལ་དེ་ཡང་མིའི་རིགས་ཀྱིས་བསམ་བསམ་འདོད་འདོད་ཀྱིས་ས་གཞི་བཀོལ་བཞིན་པ་ལྟར་རོ།།

གཉིས། ཁམ་ཆུ།

ཁམ་ཆུ་ཞེས་པ་རྒྱའི་ཡི་གེ་(水坎)འགྱུར་བ་ཡིན་ལ་སྒྲ་ཟུར་ཅུང་ཙམ་ཉམས་པའམ་འགྱུར་ཡོད་དོ།། བསྒྱུར་ཚུལ་ནི་གོང་དང་འདྲ་ལ་ཆུ་ལ་ཁམ་ཞེས་འདོགས་དོན་ནི་ས་མེད་པའི་གནས་ནི་ཕལ་ཆེར་ཆུ་ཡོད་ས་ཡིན་པས་དེ་ལྟར་བཏགས་ཤིང་དེ་ཡང་(坎)ཞེས་པའི་རྒྱ་ཡིག་གི་གྲུབ་གཟུགས་ཀྱི་ངོས་ནས་བཤད་ན་(土 )དང་(欠)གཉིས་ཀྱིས་གྲུབ་ལ་དེ་ལས་དང་པོ་ནི་ས་དང་གཉིས་པ་ནི་ཆད་པའམ་མེད་པ་སོགས་ལ་འཇུག་པས་དོན་གྱིས་ས་མེད་པའི་གནས་ལ་ཁམ་ཆུ་ཞེས་བཏགས་པའོ།།

གསུམ། ལི་མེ།

ལི་མེ་ཞེས་པ་རྒྱ་ཡིག་(火离)འདི་བསྒྱུར་བ་ཞིག་སྟེ་(离 )སྒྲ་བསྒྱུར་དང་( 火)དོན་བསྒྱུར་བྱས་པའོ།མེ་ལ་ལི་ཟེར་དོན་ནི་སྐབས་འདིར་མེ་གསར་རྙེད་བྱས་ཡོད་མེད་ཅི་ཆ་མོད་ཉི་མ་ལ་མེ་རུ་འབོད་བཞིན་ཡོད་ལ་ཉི་མ་ཐོག་མར་ཤར་ཕྱོགས་ནས་ཁ་བྲལ་ཏེ་ནུབ་ཕྱོགས་སུ་སྐྱོད་ཀྱིན་ཡོད་པས་བྲལ་བའི་མིང་མེ་ལ་བཏགས་ཏེ་བྲལ་མེ་འམ་ལི་མེ་ཞེས་ཟེར་རོོ།།

བཞི། ཟོན་རླུང་།

ཟོན་རླུང་ནི་རྒྱའི་ཡི་གེ་(风巽)འགྱུར་བ་ཞིག་ཡིན་ལ་ཡི་གེ་ཕྱི་མའི་སྒྲ་གདངས་ནི་(xun)ཡིན་མོད་ཟོན་དུ་བསྒྱུར་བའི་རྒྱུ་མཚན་གསལ་བོ་མི་ཤེས་པས་རེ་ཞིག་བཞག རླུང་ལ་ཟོན་ཟེར་དོན་ནི་རླུང་མི་རྒྱུ་སའི་བར་སྟོང་ཞིག་མེད་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པའོ།།

ལྔ། ཁེན་གནམ།

ཁེན་གནམ་ནི་(天乾)ཞེས་པའི་རྒྱ་ཡིག་བསྒྱུར་བ་ཡིན་ལ་ཡི་གེ་ཕྱི་མ་དེའི་སྒྲ་གདངས་ནི་ཆན་ཡིན་མོད་ཁེན་དུ་བསྒྱུར་བ་ནི་འདོན་སྟངས་ལ་ཁྱད་པར་བྱུང་བའམ་ཡང་ན་སྒྱུར་དུས་སྒྲ་མ་དག་པ་གང་ཡིན་མི་ཤེས་པས་དཔྱོད་ལྡན་རྣམས་ཀྱི་བགོ་སྐལ་དུ་བཞག་ལ་དེ་ལྟར་འདོགས་དོན་ནི་གནམ་གྱིས་དངོས་པོ་མང་པོ་ཞིག་གསར་དུ་སྐྱེ་བའམ་སྐྱེ་འཇིག་བྱེད་པ་ལ་གོ་འབྱེད་པས་སོ།།འདིའི་སྐྱེ་འཇིག་ནི་སྐྱེ་འཇིག་རགས་པ་ཞིག་ལ་གོ་སྟེ་དཔེར་ན་རི་བོ་ཉིལ་བ་ལྟ་བུའོ།།

དྲུག གིན་རི།

   གིན་རི་ནི་山艮ཞེས་པའི་ཡི་གེ་འདི་བསྒྱུར་བ་ཡིན་ཞིང་སྒྱུར་སྟངས་གོང་དང་འདྲ། དེ་ཡང་རི་ལ་གིན་ཞེས་ཅི་ལྟར་བཏགས་ཅེ་ན། གིན་ནི་བསྟུན་ཤེས་ཀྱི་དོན་ཏེ་རི་བོར་འགོ་བ་ལ་མཐོ་དམའ་དང་གཟར་མིན་ལ་བསྟུན་ཤེས་རྒྱུ་ནི་གལ་ཆེན་པོ་སྟེ་དེ་ལྟ་མིན་ན་རང་ཉིད་ལ་ཉེན་ཁ་འབྱུང་བས་སོ།།

བདུན། ཟིན་ཤིང་།

    ཟིན་ཤིང་ནི་རྒྱ་ཡིག་(泽兑)འདི་བསྒྱུར་བ་ཡིན་ལ་སྒྱུར་སྟངས་ནི་ཟིན་དང་(泽)གཉིས་ལ་སྒྲ་གདངས་འདྲ་བའི་ཆ་ཅུང་ཙམ་འདུག་མོད་འདི་ཡང་སྒྲ་གདངས་ཇི་བཞིན་བསྒྱུར་ཡོད་མེད་མི་ཤེས་པས་བཞག མིང་དེ་ལྟར་འདོགས་དོན་ནི་(泽)ཞེས་པ་མཚོ་རྫིང་དང་(兑)ནི་སྤྲོ་བ་སོགས་ལ་འཇུག་པས་མཚོ་རྫིང་གི་ཉེ་འཁོར་དུ་རྩི་ཤིང་ནགས་ཚལ་ཡོད་ན་ཡིད་སེམས་ལྷག་ཏུ་སྤྲོ་བྱེད་ཅིག་ཡིན་པས་དེ་ལྟར་བཏགས་ལ་འདི་ནི་བརྒྱུད་པའི་འབྲེལ་བ་ལས་བཏགས་པ་ཞིག་གོ།

བརྒྱད་པ། དྭ་ལྕགས།

དྭ་ལྕགས་ལ་རྒྱའི་སྐད་དུ་(雷震)ཟེར་བ་དང་དེ་ནི་ཐོག་བརྒྱབ་ན་ས་འགུལ་བའི་རྒྱུ་མཚན་གྱིས་མིང་དེ་ལྟར་བཏགས་ལ་དྭ་ལྕགས་ཞེས་པའི་ལྕགས་ནི་འདིར་ཐོག་ལ་གོ་སྟེ་ཁ་རྒྱུན་དུ་གནམ་ལྕགས་ཐོག་ཅེས་བརྗོད་པ་བཞིན་ཡིན་ལ་རྒྱའི་ཡི་གེ་(打雷)ཞེས་པ་འདི་ཉིད་ཀྱི་མིང་ཟུར་སྔ་མ་སྒྲ་བསྒྱུར་དང་ཕྱི་མ་ཐོག་གི་དོན་ཡིན་ཞིང་དེ་ལ་ལྕགས་ཞེས་མིང་བཏགས་པར་སྙམ་མོ།།

གསུམ་པ།མཇུག་གཏམ།

    དེ་ཡང་འདིར་ཡི་གེའི་གོ་དོན་མདོ་ཙམ་བཤད་ཟིན་ལ་རི་མོ་རེ་རེའི་གྲུབ་ཚུལ་བཤད་ན་ཉོག་འགྲོ་བས་དེ་ཙམ་གྱིས་འཐུས་པར་བྱས་སོ།།རི་མོ་དེ་དག་གི་རྩ་བ་ནི་ཐས་ཇི་(太极)ཡིན་ལ་དེ་ལས་ལིའང་ཡཱི་(两仪)བྱུང་བ་དང་ལིའང་ཡཱི་ལ་བརྟེན་ནས་སྤར་ཁ་བརྒྱད་བྱུང་བ་སྟེ་ཐུའུ་བཀྭན་གྲུབ་མཐའ་ལས་དེ་ནས་དེ་གཉིས་ཀྱིས་ཕོ་མོ་འདུས་ཤིང་ཚོགས་པ་ལྟ་བུར་གཡོ་བ་དང་གནས་པ་ལ་བརྟེན་ནས་ཚེ་ཤིང་སྟེ་རྣམ་འགྱུར་བཞི་ཞེས་ཕོ་ཆེ་ཆུང་དང་མོ་ཆེ་ཆུང་བཞི་བྱུང་།སླར་ཡང་རྣམ་པ་གཉིས་ཀྱི་འདུ་འཕྲོད་ལ་བརྟེན་ནས་པཱ་བཀྭའ་སྟེ་སྤར་ཁ་དང་ཅུའུ་གུང་སྟེ་ཕོ་བྲང་དགུར་གྲགས་པ་རྣམས་བྱུང་ཞེས་གསུངས་ལ་བྱུང་ཚུལ་འདིར་མ་སྤྲོས་ཤིང་ཤེས་འདོད་ན་《易经的奥秘》ལ་གཟིགས་རོགས། ཐུའུ་བཀྭན་གྲུབ་མཐར་ཐས་ཇི་དང་ལིའང་ཡཱི་ཞེས་སྒྲ་བསྒྱུར་བྱས་འདུག་ལ་ཡི་གེ་འདི་གཉིས་ཀྱི་གོ་དོན་ནི་དེར་ཐས་ཇི་སྟེ་རབ་ཀྱི་མཐར་ཐུག་པ་ཞེས་པ་རང་བཞིན་དང་རང་གི་ངང་ཚུལ་ལམ་ཆོས་ཉིད་དང་གནས་ལུགས་ཞེས་པའི་དོན་ཡིན་ཞེས་དང་ལིའང་ཡཱི་སྟེ་རྣམ་པའམ་རང་བཞིན་གཉིས་ཟེར་བ་བྱུང་ཞིང་།དེ་ནི་ཕོའི་རྣམ་པ་དང་མོའི་རྣམ་པ་གཉིས་ཏེ།དེ་ཡང་ས་བོན་འདེབས་པ་བོ་དང་འཛིན་པ་བོ་ཕ་མ་གཉིས་ཀྱི་དང་པོ་ལྟ་བུའི་ནུས་པ་ཞིག་ལ་བྱེད་དོ།། ཅེས་བཤད་ལ་དེ་ནི་གཏིང་ཟབ་ཅིང་རྒྱ་ཆེ་བས་ཁོ་བོས་ཞིབ་བཤད་བྱ་བའི་རྔོ་མི་ཐོགས་ལ་བསྒྱུར་ཏུ་ཡང་མ་གཏབ་པས་དེ་ལྟར་བཞག་གོ།

      དཔྱད་གཞིའི་ཡིག་ཆ། ༼ཐུའུ་བཀྭན་གྲུབ་མཐའ།༽ ༼ལྷ་མོའི་ཚུལ་ཁྲིམས་ཀྱི་ནག་རྩིས།༽ ༼བོད་རྒྱ་ཚིག་མཛོད།༽ 《百家讲坛》 《哲学与人生》


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500761
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།