​འཚོ་བ། རྣམ་དཔྱོད། བརྩེ་བ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »​འཚོ་བ། རྣམ་དཔྱོད། བརྩེ་བ།
​འཚོ་བ། རྣམ་དཔྱོད། བརྩེ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-10ལྟ་ཀློག (4937)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཚོ་བ།  རྣམ་དཔྱོད།  བརྩེ་བ།

ལིན་ཆིན་ཤཱོན།

ཁ་སྒང་གཡང་འབུམ་ཚེ་རིང་གིས་བསྒྱུར།

       འབོལ་རྩོམ་བརྩམས་ཆོས་དུ་མ་ཞིག་རིམ་པར་བརྩམས་ནས་རྒྱ་ནག་སྐམ་ས་ཆེན་མོར་ཁྱབ་གདལ་དུ་ཕྱིན་པའི་ཐེ་ཝཱན་གྱི་སྙན་གྲགས་ཆེ་བའི་འབོལ་རྩོམ་མཁན་སྐུ་ཞབས་ལིན་ཆི་ཤཱོན་ཧྥུ་ཅན་དགེ་ཐོན་སློབ་གྲྭའི་རྩོམ་རིག་སྡེ་ཁག་གིས་གདན་ཞུ་བྱས་པ་རེད། ཟླ་༦པའི་ཚེས་༢༠ཉིན་གྱི་དགོང་མོའི་ཆུ་ཚོད་༧པའི་སྟེང་ཧྥུ་ཅན་དགེ་ཐོན་སློབ་གྲྭའི་ ཆེད་མཁས་པའི་བགྲོ་གླེང་སྟེང་དངོས་གཞི་ཚན་ཁག་གི་སློབ་མ་སུམ་བརྒྱ་ལྷག་ལ་འཚོ་བ་དང་རྣམ་དཔྱོད། བརྩེ་བ་ཞེས་པའི་བརྗོད་གཞིའི་ཐད་ལ་གཏམ་བཤད་གནང་བ་རེད། དགེ་ཐོན་སློབ་གྲྭའི་ཤེས་རིག་སྡེ་ཁག་གི་འགན་འཛིན་སློབ་དཔོན་ཆེན་མོ་བཱང་བིན་ཏིན་གྱིས་འདོ་འཛིན་བྱས་པ་དང་།  ཐེ་ཝཱན་རྩོམ་རིག་བདམས་བཀོད་ཁང་གི་གཙོ་སྒྲིག་པ་ལི་རཱོང་ཡའུ་དང་དཔེ་བསྐྲུན་ཁང་གི་འགན་འཛིན་བཱང་སུའུ་ཅན། དགེ་ཐོན་སློབ་གྲྭའི་ཤེས་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་ཀྲུང་ཡཱོང་ལིན། སློབ་དཔོན་ཆེན་མོ་ཀའོ་ཧོང་ཧྥུ་བཅས་ཚོགས་བཅར་དང་གཏམ་བཤད་གནང་བ་རེད།

     ཧྥུ་ཅན་དགེ་ཐོན་སློབ་གྲྭའི་དགེ་རྒན་དང་སློབ་གྲོགས། གྲོགས་པོ་བཅས་ཚང་མ་དགོང་དྲོ་བདེ་ལེགས།

ཐོག་མར་ངས་རང་ཉིད་ངོ་སྤྲོད་ཅིག་བྱ། ང་ལིན་ཆིན་ཤཱོན་ཡིན། ཐེ་ཝཱན་ནས་ཡོང་བའི་རྩོམ་པ་པོ་ཞིག་ཡིན། ངས་ལོ་བཅུ་བདུན་ནས་བཟུང་རྩོམ་ཡིག་འབྲི་འགོ་བཙུགས་པ་ཡིན། ད་ལོ་ལོ་ལྔ་བཅུ་ཡིན། ཁྱོན་རྩོམ་ཡིག་བརྒྱ་དང་བཅོ་བརྒྱད་ལྷག་ཅིག་བྲིས་ཡོད། རྒྱ་ནག་སྐམ་ས་ཆེན་མོ་ནས་དཔར་བསྐྲུན་བྱས་པའི་དེབ་བཅུ་ཉི་ཤུ་ཞིག་ཡོད།

     ངས་ཅིའི་ཕྱིར་ཆེས་སྔ་མོ་ནས་རྩོམ་ཡིག་འབྲི་འགོ་བཙུགས་པ་ཡིན་ནམ། རྒྱུ་མཚན་ནི་ང་ཆུང་དུས་ནས་མ་འོངས་པར་རྩོམ་པ་པོ་ཞིག་ཏུ་འགྱུར་བ་དང་། དེ་ཡང་རྩོམ་པ་པོ་ཙམ་ཞིག་མ་ཡིན་པར་རླབས་ཆེ་ཞིང་འགྲན་ཟླ་བྲལ་བ། གཞན་ལ་ཤུགས་རྐྱེན་སྟེར་ཐུབ་པའི་རྩོམ་པ་པོ་ཞིག་ཏུ་འགྱུར་བར་སེམས་ཐག་བཅད་པ་ཡིན། འོན་ཀྱང་། བདག་འཚར་ལོངས་བྱུང་བའི་དུས་རབས་དང་ཁོར་ཡུག་ཁྲོད། སུས་ཀྱང་རྩོམ་པ་པོ་ནི་ཅི་ཞིག་བྱེད་མཁན་ཡིན་པ་དང་། མི་ཞིག་གིས་རྩོམ་འབྲི་བདམས་པ་དེ་ཁོང་གི་མི་ཚེ་ཧྲིལ་བོའི་འདུན་པ་དང་ལས་གནས་སུ་བརྩི་ཆོག་པའང་མི་ཤེས།

   རྩོམ་པ་པོས་བརྗོད་གཞི་ཅི་འདྲ་ཞིག་གི་ཐད་ལ་འབྲི་དགོས་པ་དང་རྩོམ་པ་པོ་གང་འདྲ་ཞིག་ཏུ་འགྱུར་མིན་ནི་གནད་དོན་ཆེན་པོ་ཞིག་རེད། ངས་རྒྱུན་དུ་བསམ་བློ་གཏོང་གི་ཡོད། ང་རང་ཁྱིམ་ནས་ཆེས་ཁེར་རྐྱང་གི་མི་ཞིག་ཏུ་གྱུར་སོང་། རྟག་པར་ནགས་ཀྱི་རི་ལ་ཕྱིན་ཏེ་བསམ་གཞིགས་གཏིང་ཟབ་གཏོང་བ་དང་ལྗོངས་རྒྱུ་བྱེད་ཀྱི་ཡོད། བདག་རང་ཉིད་ཀྱིས་ཀྱང་རང་ཉིད་ལ་རྒྱུས་ལོན་བྱེད་དཀའ་བའི་ཚོར་བ་ཞིག་བྱུང་། ཉིན་ཞིག ངས་གཞི་ནས་རྙེད་བྱུང་།

       ཉིན་མོ་དེར།    བདག་གི་སློབ་གྲོགས་བཟང་བོ་བཞི་དང་ལྷན་དུ་རིའི་སྒང་ལ་རྩེད་མོ་རྩེ་རུ་ཕྱིན་པ་ཡིན། དེར་ར་སྐོར་ཆེན་པོ་ཞིག་མཐོང་བྱུང་། རྩིག་གྱང་གི་མཐོ་ཚད་ལ་ཕལ་ཆེར་རྨིད་༡.༦འདུག  སྐབས་དེར་ང་ཚོའི་ཁྲོད་ཀྱི་གཟུགས་ཚད་ཆེས་རིང་ཤོས་རྨིད་༡.༣ ཙམ་ཡིན་ངེས། གྱང་རའི་ནང་ལོག་ཏུ་ཨ་མྲའི་ཤིང་སྡོང་ཆེན་པོ་ཞིག་འདུག་ལ། སྡོང་པོའི་སྟེང་དུ་ཨ་མྲ་འཚང་ཁ་ཤིག་ཤིག་ཏུ་ཐོགས་འདུག ཕར་བལྟས་ཚོད་ལ་ཧ་ཅང་ཞིམ་ཚོད་འདུག་པས་གྱང་ཁར་འཛེགས་ནས་གཞན་གྱི་ཨ་མྲ་ཟ་འདོད་བྱུང་། སློབ་གྲོགས་ལྔ་བོ་ཨར་རྩོད་(猜拳)རྒྱག་རྒྱུར་གྲོས་ཁ་མཐུན་པ་རེད། སུ་ཕམ་ན་དེ་སྔོན་ལ་ནང་དུ་འགྲོ་དགོས། སློབ་གྲོགས་དང་པོ་དེ་ནང་དུ་མཆོངས་སོང་། ཁྱད་མཚར་བའི་དོན་དག་ཅིག་བྱུང་བ་ནི་ཁོ་ནང་དུ་མཆོངས་རྗེས་སྐད་སྒྲ་ཅི་ཡང་མ་བྱུང་། གྲག་འགུལ་ཅི་ཡང་མི་འདུག་པས་ད་ཅི་ཞིག་བྱ། ཡང་བསྐྱར་ཨར་རྩོད་བརྒྱབ་པ་ཡིན། ཐེངས་གཉིས་པར་ང་ཕམ་སོང་། ནང་དུ་མཆོངས་རྗེས། འཇིགས་དངངས་ཀྱི་དོན་ཞིག་བྱུང་སོང་། ཏུང་་་་། དེ་མ་ཐག་སྐྱག་དོང་ཞིག་ཏུ་ཟགས་སོང་། ལས་སླ་བོར་ཕྱིར་ཐོན་མ་ཐུབ་ཐལ། སྐྱག་པ་༼ལག་མགོ་ནས་སྐེ་རྩ་བར་དུ་༽གོས་འདུག ཁ་ཕྱིར་འཁོར་ནས་གང་མགྱོགས་ཕྱི་ལོག་གི་མི་ལ་བརྡ་གཏོང་བར་བརྩོན་སྐབས། སློབ་གྲོགས་དང་པོ་དེ་སྐྱག་དོང་གི་འགྲམ་དུ་ལངས་ནས་བསྡད་འདུག་པ་མཐོང་བྱུང་། ཁོང་གིས་ཤུ་ཞེས་གོང་མཛུབ་མཆུ་ལ་སྦྱར་ནས་སྐད་མི་རྒྱག་པར་བརྡ་བསྟན། བདག་འདྲའི་བློ་རིག་ཅན་ཞིག་གིས་ཁོང་གི་བསམ་ཚུལ་དེ་མ་ཐག་ལོས་རྟོགས། སྐར་མ་གསུམ་གྱི་རྗེས་སུ་སློབ་གྲོགས་གསུམ་པ་དེ་མཆོངས་ནས་བསླེབས་བྱུང་། སྐར་མ་བཅུའི་རྗེས་སུ་སློབ་གྲོགས་ལྔ་བོ་སྐྱག་དོང་དུ་ལངས་ནས་འདུག ཨ་མྲ་ཟ་ཐབས་མ་བྱུང་། ནང་དུ་ལོག་ནས་ཕག་ཟེ་ཡིས་ཆུ་ཚོད་ལྷག་ཅིག་ལ་བྲད་རྗེས་ད་གཟོད་དག་ཙམ་བྱུང་། མཚན་མོ་སློབ་གྲོགས་བཞི་བོས་མེས་པོ་ལྷ་ཁང་གི་རྒྱབ་ཏུ་གསང་བའི་ཚོགས་འདུ་ཞིག་འཚོགས་ཏེ་སྤྱི་མཐུན་གྱི་ཐག་གཅོད་ཅིག་བྱུང་། ཉིན་གཉིས་པར་སློབ་གྲྭར་འབྱོར་རྗེས་སློབ་གྲོགས་ཚོར་བཤད་རྒྱུར། རི་སྒང་དུ་ཤིང་འབྲས་ར་བ་ཞིག་འདུག དེའི་ནང་དུ་ཨ་མྲའི་སྡོང་བོ་ཆེན་པོ་འདུག་ལ་དེའི་སྟེང་གི་ཨ་མྲ་ཧ་ཅང་ཞིམ། གཟའ་འཁོར་གཉིས་ཀྱི་རྗེས་སུ་འཛིན་གྲྭ་འདིའི་སློབ་གྲོགས་ཕྱེད་ཀ་སྐྱག་དོང་དེར་ལྷུང་བ་རེད། ལྷག་མ་དེ་དག་ནི་ཨ་མྲ་ཟ་རྒྱུར་མ་དགའ་མཁན་ཤ་སྟག་རེད།

    དོན་དག་འདིས་ང་ལ་བློ་སྒོ་ཡག་པོ་ཕྱེ་བྱུང་། རེད་ཡ། འཚོ་བ་ནི་མ་གཞི་ནས་སྤྲོ་སྣང་གིས་ཁེངས་ཡོད། གལ་ཏེ་ངས་རྩོམ་འབྲི་ན་ང་རང་ཉིད་ཀྱི་འཚོ་བ་བྲིས་ན་འོས། གལ་ཏེ་ངས་རླབས་ཆེ་བའི་བརྩམས་ཆོས་ཤིག་རྩོམ་ན། ང་དང་དུས་རབས་གཅིག་པ་དང་ཁོར་ཡུག་གཅིག་པ། ང་དང་མཉམ་དུ་འཚོ་མཁན་གྱི་མིའི་བསམ་བློ་དང་བརྩེ་འདང་། རེ་ལྟོས་བཅས་བྲིས་ན་འོས། འཚོ་བ་ནི་མ་གཞི་ནས་སྤྲོ་སྣང་གིས་ཁེངས་ཡོད་ལ། འཚོ་བ་ནི་མ་གཞི་ནས་རྩོམ་འབྲིའི་རྒྱུ་ཆ་ཡིས་གང་ཡོད། སྐྱག་དོང་གི་དོན་དག་དེས་དངོས་པོ་མང་པོ་མང་པོ་ཞིག་བྲིས་ཆོག  ངེད་ཚང་ལ་ཡང་སྐྱག་དོང་ཆེན་པོ་ཞིག་ཡོད་ལ། དེའི་འགྲམ་དུ་འབྲུག་མིག་ཤིང་སྡོང་ཆེན་པོ་ཞིག་ཡོད། དེ་ཧ་ཅང་མཐོ་ལ་ཆེ། ཕལ་ཆེར་ཁང་པ་ཐོག་སོ་གསུམ་ཙམ་གྱི་མཐོ་ཚད་ཡོད། ཉི་ཟླའི་ཞུན་མ་གཞིབས་པ་ལ་བརྟེན་ནས་དེའི་སྟེང་དུ་ཐོགས་ཡོད་པའི་ཤིང་འབྲས་འབྲུག་མིག་སྤྱིར་བཏང་གི་འབྲུག་མིག་ལས་ལྡབ་གཉིས་ཀྱིས་ཆེ་བ་ཡོད། དེ་ལས་ཀྱང་དམིགས་བསལ་བ་ཞིག་ནི། འབྲུག་མིག་ཤིང་སྡོང་འདིའི་སྟེང་གི་འབྲུག་མིག་གི་བྲོ་བ་ཅུང་ཚྭ་བ་ཞིག་རེད། ང་ཚོ་རང་གིས་དེ་ཟ་ཡི་མེད། ལོ་རྟག་པར་དབྱར་ཁ་སྨིན་རྗེས་ང་ཚོས་འབྲུག་མིག་བཏོགས་ནས་སློབ་གྲྭར་འཁྱེར་ཏེ་སློབ་གཙོ་དང་དགེ་རྒན། སློབ་གྲོགས་བཅས་ལ་ཟ་རུ་འཇུག་གི་ཡོད། ཚང་མས་ཟས་ཚར་རྗེས་ད་གཟོད་ངས་ཁོང་ཚོར་འབྲུག་མིག་ཤིང་སྡོང་འདི་སྐྱག་དོང་གི་འགྲམ་དུ་སྐྱེས་པ་དང་། ཉི་ཟླའི་ཞུན་མ་གཞིབས་པས་མཐར་ཐུག་བྲོ་བ་ཚྭ་བར་གྱུར་བ་རེད། ཅེས་བཤད་ཀྱི་ཡོད། དེ་དུས་སྐྱུག་འདོད་ཀྱང་སྐྱུག་མི་ཐུབ་པ་ཞིག་ཡིན། འཚོ་བའི་ཁྲོད་ན་སྤྲོ་སྣང་ལྡན་པའི་དོན་དག་ཧ་ཅང་མང་།

   འབྲུག་མིག་ཤིང་སྡོང་ཞིག་སྐྱག་དོང་འགྲམ་དུ་སྐྱེས་པས་འབྲུག་མིག་ཚྭ་བར་གྱུར་བ་དེ་ནི་ཤིང་སྡོང་ཞིག་ལ་ཡང་ཁོར་ཡུག་དང་རང་ཉིད་ཀྱི་སྐྱེས་འཕེལ་བཅས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རྟོགས། རྩོམ་པ་པོ་ཞིག་ལ་མཚོན་ན་རང་ཉིད་འཚར་ལོངས་འབྱུང་སའི་ཁོར་ཡུག་དང་དེའི་གནས་སྟངས་ལ་ཧ་ཅང་རྟོགས་དཀའ་བའི་འབྲེལ་བ་ཞིག་ཡོད། འོན་ཀྱང་འབྲུག་མིག་དང་མི་མཐུན་པ་ནི་རྩོམ་པ་པོ་ལ་གདམ་ག་ཡོད་ལ་ཁྱེད་ཀྱིས་གདམ་ག་མི་འདྲ་བ་མང་པོ་ཞིག་བཙལ་ཆོག  བརྗོད་གཞི་འདེམས་པ་དང་རྩོམ་ཡིག་འབྲི་ཐབས། བསམ་བློ་སོགས་འབྲེལ་ཡོད་གང་འདྲ་ཞིག་འདེམས་སམ། ངས་དཔེ་བརྗོད་ཅིག་བཞག་ཆོག  ངའི་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་ཤུགས་རྐྱེན་ཆེས་ཟབ་མོ་ཐེབས་སུ་འཇུག་མཁན་ནི་བདག་གི་ཨ་མ་རེད། ང་ལོ་ན་ཧ་ཅང་གཞོན་པའི་དུས་སུ། ཐེངས་ཤིག་ངས་ཆུ་ཚོད་ཕྱེད་ཀ་ཞིག་ལ་རྩོམ་ཡིག་འབྲི་སྐབས། ཨ་མས་ང་ལ་དྲིས་བྱུང་། ཁྱོད་ཀྱིས་རྒྱུན་དུ་རྩོམ་ཡིག་འབྲི་ཡི་འདུག ཡང་སྙིང་ཁྱོད་ཀྱིས་སྐྱོ་སྣང་གི་རིགས་འབྲི་ཡི་ཡོད་དམ། ཡང་ན་སྤྲོ་སྣང་གི་རིག་འབྲི་ཡི་ཡོད། ངས་སྐྱོ་སྣང་གི་རིགས་ཅུང་ཙམ་དང་སྤྲོ་སྣང་གི་རིགས་ཅུང་ཙམ་འབྲི་ཡི་ཡོད། ཅེས་ཞུས་པ་ཡིན། ཨ་མས་ང་ལ། སྐྱོ་སྣང་གི་རིགས་ཉུང་ཙམ་དང་སྤྲོ་སྣང་གི་རིགས་མང་ཙམ་ཕྲིས། རྒྱུ་མཚན་ནི་མི་ཚེ་ནི་མ་གཞི་ནས་སྡུག་བསྔལ་ཆེ་བའི་རང་བཞིན་རེད། ཁྱོད་ཀྱིས་སྐྱོ་སྣང་གི་རིགས་བྲིས་ན་གཞན་གྱི་སྐྱོ་སྣང་ལ་ཁ་སྣོན་བརྒྱབ་པ་རེད། གལ་ཏེ་ཁྱོད་ཀྱིས་སྤྲོ་སྣང་གི་རིགས་བྲིས་ན་གཞན་ལ་ཡང་ཁྱོད་ཀྱི་ཚོར་བའི་ཁྲོད་ནས་སེམས་གསོ་དང་བློ་འབྱེད། སྤྲོ་དགའ་བཅས་རག་ཐུབ། བདག་གིས་དེ་གོ་རྗེས་སེམས་འགུལ་ཐེབས་ཏེ་མུ་མཐུད་ནས་ཨ་མར་འདྲི་རྒྱུར། གལ་སྲིད་སྐྱོ་སྣང་གི་དོན་དག་ཡོད་ན་ཅི་ཞིག་བྱའམ། སྐྱོ་སྣང་གི་དོན་དག་ཡོད་ན་ཁྱོད་ཀྱིས་མགོ་བོ་ཉལ་ཆས་ཀྱིས་བཏུམས་ཏེ་ཡག་ཐག་ཆོད་ཅིག་ངུས་ན་འགྲིག  ཁྱོད་ཀྱིས་སྤྲོ་སྣང་གི་རིགས་མི་གཞན་ལ་ཡང་མྱོང་རོལ་བྱེད་དུ་འཇུག་དགོས། འདི་ནི་ཆེས་གལ་ཆེ་བའི་གདམ་ག་ཞིག་རེད། ཅིའི་ཕྱིར་སྤྲོ་སྣང་དང་གཞན་ལ་སེམས་གསོ་ཐུབ་པ། གཞན་གྱི་བློ་སྒོ་འབྱེད་ཐུབ་པའི་དོན་དག་གདམ་དགོས་སམ། ངས་བསམ་པར་རྒྱ་ནག་ལ་ཧ་ཅང་གལ་ཆེ་བའི་རྩོམ་ཡིག་གི་རྒྱུན་སྲོལ་གཉིས་ཡོད། དང་པོ་ནི་བརྩམས་ཆོས་ཡོད་ཚད་སྐྱོ་གདུང་གིས་གཟིར་བའི་མི་ལ་སེམས་གསོའི་ཆེད་དུ་ཡིན། གཉིས་པ་ཧཱན་གྱི་དམག་དོན་བསྟན་བཅོས། ཐང་གི་སྙན་ངག  སུང་གི་སྙན་ཚིག  ཡཱོན་གྱི་ཟློས་གར། མཱིན་དང་ཆིན་གྱི་སྒྲུང་ཐུང་བཅས་གང་བཀླགས་ཀྱང་སེམས་གསོ་རག་ཐུབ། བརྩམས་ཆོས་འདི་ཚང་མ་རྩོམ་པ་པོའི་མཛེས་པའི་སེམས་ཁམས་བརྒྱུད་པ་སྟེ་སྤྱི་ཚོགས་ཁྲོད་སྦྱོང་བརྡར་ཐོབ་ཟིན་པས་སོ།། རྒྱུན་སྲོལ་གཞན་པ་དེ་ནི་རྩོམ་པ་པོས་རྒྱུན་དུ་བརྩམས་ཆོས་ཁ་ཐུག་གམ་སླ་བོར་བྲིས་པ་དག་རེད། ཁྱོད་ཀྱིས་ཐང་རྒྱལ་རབས་ཀྱི་སྙན་ངག་ཀློགས་དང་ཧ་ཅང་སྟབས་བདེ་བའི་གནས་རིམ་དེ་ཏན་ཏན་དེང་སྐབས་ཀྱི་སྙན་ངག་ལས་ལྷག་པ་ཡིན་ངེས། རྗེས་ལ་ངས་ཞིབ་འཇུག་བྱས་ཏེ་གྲུབ་དོན་གལ་ཆེན་ཞིག་རྙེད་བྱུང་། རྩོམ་པ་པོ་ཞིག་གིས་གལ་སྲིད་བརྩམས་ཆོས་བརྩམས་པ་ཧ་ཅང་གཏིང་ཟབ་པ་ཡིན་ན་སུས་ཀྱང་གོ་མི་ཐུབ། དེ་ལ་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་ནི་རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་ཅི་ཞིག་བྲིས་ཡོད་མེད་མི་ཤེས་པས་གཞན་སུས་ཀྱང་མ་གོ་བ་དང་། རྒྱུ་མཚན་གཉིས་པ་ནི་རྩོམ་པ་པོ་འདིས་བརྩམས་པའི་རྩོམ་ཡིག་གི་གཏིང་ཚད་ཧ་ཅང་སྲབ་ལ། ཁོང་གིས་ཧ་ཅང་གཏིང་ཟབ་པའི་ཚིག་གིས་རྣམ་པ་འདི་གཡོགས་ཐབས་བྱས་ཡོད།

       དོན་དག་གཞན་ཞིག་ནི་ཐེངས་ཤིག  ངས་གྲོང་གསེབ་ཏུ་རྩོམ་ཡིག་འབྲི་དུས་ཀྱི་ཉིན་ཞིག་གི་ཞོགས་པ། ང་ཡར་ལངས་པ་ན་ངས་གཡུགས་པའི་སྙིགས་སྣོད་ནང་གི་ཤོག་རིལ་ཚང་མ་མི་ཞིག་གིས་དབུར་ཏིག་བརྒྱབ་(烫平)སྟེ་ངའི་སྒྲོག་ཙེ་སྟེང་དུ་བཀྲམས་འདུག  སུ་ཞིག་གིས་དོན་མེད་ཀྱི་ལས་ཀ་འདི་འདྲ་བྱེད་སྲིད་དམ། ངས་བསམ་པར་ཕལ་ཆེར་ཨ་མ་ཡིན་ངེས། དེ་ལྟར་བསམ་པའི་སྐབས་ཏག་ཏག་ཨ་མ་ནང་དུ་བསླེབས་སོང་། ངས་མོ་ལ། ཁྱེད་ཀྱིས་ཅིའི་ཕྱིར་ངའི་ཤོག་རིལ་དབུར་ཏིག་བརྒྱབ་པ་ཡིན་ནམ། འདི་དག་ང་ལ་མི་དགོས། ཞེས་དྲིས་པ་ཡིན། ཨ་མས་ང་ལ་མགོ་བོ་ཡར་བཀྱགས་ནས་སྒེའུ་ཁུང་གི་ཕྱི་རོལ་ལ་ལྟ་རུ་བཅུག་སོང་། མགོ་བོ་ཡར་བཀྱགས་སྐབས་ཏག་ཏག་ངེད་ཚང་གི་གསང་སྤྱོད་འཁྲིས་ཀྱི་འབྲུག་མིག་སྡོང་བོ་མཐོང་། ཨ་མས་ང་ལ་གསུང་རྒྱུར། ཁྱོད་ཀྱིས་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཤོག་རིལ་རེ་རེ་སྒེའུ་ཁུང་ཕྱི་རོལ་གྱི་ཤིང་སྡོང་དེ་གཏུབས་ནས་བཟོས་པ་རེད། གལ་ཏེ་ཁྱོད་ཀྱིས་ཤོག་གྲངས་གཅིག་གི་སྟེང་བྲིས་མ་ཚར་བར་གཡུགས་པ་ཡིན་ན་ཤིང་སྡོང་ཞིག་གིས་དོན་མེད་ལ་བློས་གཏོང་བྱས་པ་རེད། གལ་ཏེ་ཁྱོད་ཀྱིས་རྩོམ་ཡིག་མ་བྲིས་སྔོན་ལ་བསམ་བློ་ཡག་པོ་མ་བཏང་བར་ཡང་ཡང་བྲིས་ན་ཡིག་འབྲུ་སུམ་བརྒྱ་ཅན་གྱི་རྩོམ་ཡིག་ཅིག་ཡིག་འབྲུ་སྟོང་ཕྲག་ལྷག་ཅིག་འབྲི་དགོས། དེ་ལྟར་བྱས་ན་སྒེའུ་ཁུང་ཕྱི་རོལ་གྱི་ཤིང་སྡོང་དེས་དོན་མེད་ལ་བློས་གཏོང་བྱས་པ་རེད། དེར་བརྟེན། ཚང་མས་ངའི་རྩོམ་ཡིག་ལས་རྟོགས་ཐུབ་པ་ཞིག་ལ་ངའི་རྩོམ་ཡིག་ནམ་རྒྱུན་ནས་ཧ་ཅང་ཐུང་ཐུང་ཡིན།

   རྩོམ་པ་པོ་ཞིག་གི་འཚར་ལོངས་ཀྱི་ཁོར་ཡུག་ནི་ཁོང་གི་མི་ཚེའི་གདམ་ག་དང་ཁོང་གི་འཚར་ལོངས་གཉིས་ལ་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་ལ། ཧ་ཅང་འགངས་ཆེན་ཡང་ཡིན། སྔོན་ལ་ང་ཚོས་རྩོམ་པ་པོ་ཞིག་གི་འཚོ་བ་གླེང་། ངའི་རེ་བ་ལ་ངའི་བརྩམས་ཆོས་ནང་དུ་འཇིག་རྟེན་པའི་འཚོ་བ་དེ་སྤྱང་གྲུང་རང་བཞིན་གྱི་འཚོ་བར་ཁ་སྒྱུར་ཡོད་ལས་ཆེ།

         གལ་སྲིད་ཁྱེད་རྩོམ་པ་པོ་ཞིག་ཏུ་འགྱུར་འདོད་ཡོད་ན། འཚོ་བའི་ཁྲོད་ཁྱོད་ཀྱིས་རྒྱུན་དུ་དེ་འདྲའི་རྣམ་པ་དང་ཚོར་སྣང་། བརྩེ་འདང་བཅས་རྒྱུན་འཁྱོངས་བྱས་ནས་ཁྱོད་ཀྱི་ཚོར་བའི་སྒོ་ཡོངས་སུ་འབྱེད་དགོས། ཚོར་བའི་སྒོ་མོ་འབྱེད་པ་ཞེས་པ་ནི་ཆེས་ཆུང་བའི་དངོས་པོ་ཆེས་ཆེ་བ་དང་། ཆེས་གཏིང་ཟབ་པ། ཆེས་འགྱུར་བ་མི་མངའ་བའི་དོན་སྙིང་ཞིག་ཏུ་ སྒྱུར་རྒྱུ་དེའོ།། ཉིན་ཞིག་ངའི་བུ་ཆུང་གན་རྐྱལ་དུ་ཉལ་ནས་རྒྱུ་སྐར་ལ་ལྟ་བའི་སྐབས་སུ་གློ་བུར་དུ་ང་ལ་བཤད་རྒྱུར། ཨ་ཕ་ལགས། ནམ་མཁའ་ན་སྐར་མ་ཧ་ཅང་མང་པོ་འདུག གལ་སྲིད་སྐར་མའི་ནང་དུ་མི་ཡོད་པ་ཡིན་ན། ཁོང་ཚོ་ཡང་ང་ཚོ་དང་འདྲ་བར་སྤང་ཐོག་ཏུ་ཉལ་ཏེ་སྐར་མ་ལ་ལྟ་བར་ངེས། དེས་ན་ང་ཚོ་ཁོང་ཚོའི་སྐར་མ་མ་ཡིན་ནམ། ངས་དེ་གོ་བ་དང་སེམས་འགུལ་དཔག་མེད་ཐེབས་བྱུང་། ང་ཚོའི་ས་གཞི་ནི་གཞན་གྱི་རྒྱུ་སྐར་ཡིན་ངེས། གཞན་གྱི་ས་གཞི་ནི་ང་ཚོའི་རྒྱུ་སྐར་རེད། འདི་དག་ལ་བསམས་ན་ཁྱོད་ཀྱི་སེམས་ཁམས་གུ་ཡངས་སུ་འགྲོ་ལ། དོན་སྙིང་ཡང་ཐོན་ངེས། ཁྱོད་ཀྱི་དུས་ཚོད་དང་བར་སྟོང་ཡང་རྒྱ་བསྐྱེད་ཐུབ། ཁྱོད་བར་སྟོང་དུ་བྱ་དངོས་ཐམས་ཅད་དང་འབྲེལ་བའི་རང་བཞིན་རེད། ཁྱོད་ཀྱིས་གནད་དོན་འདི་དག་ལ་བསམ་གཞིགས་བྱེད་དུས་རྟོགས་སྲིད་པ་ནི། དོན་དག་ཆུང་ཆུང་ཞིག་ཡིན་ཡང་། དེ་ལ་དུས་སྟོང་ཆེན་པོ་ཡོད་ལ། འཚོ་བ་ལའང་དོན་སྙིང་ཆེན་པོ་ཡོད། དེར་བརྟེན། རྩོམ་པ་པོ་ཞིག་ལ་མཚོན་ན་རི་རྒྱལ་ལྟ་བུའི་དངོས་པོ་ཆེན་པོ་དེ་རྩོམ་ཡིག་གི་ནང་དུ་བཞག་སྟེ། སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཏུ་བསྒྱུར་ཡོད། དེའི་རྗེས། བ་སྤུ་རེ་རེའི་ཁོང་གསེང་ན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོད་པ་ར་སྤྲོད་བྱེད། ང་ཚོས་འདི་ལྟར་བསམ་བློ་གཏོང་དུས་ང་ཚོ་ཡང་ཧ་ཅང་གཏིང་ཟབ་ས་ཞིག་ལ་འཛུལ་ཆོག

        རྩོམ་པ་པོ་ཞིག་གི་འཚོ་བ་གཞན་དང་མི་འདྲ་ས་ཆེར་མེད། མི་འདྲ་ས་ཆེ་ཤོས་ཤིག་ནི་ཁོང་གི་སེམས་སུ་འཚོ་བ་ལ་དོན་སྙིང་དང་རིན་ཐང་། རེ་བ་བཅས་ཀྱི་འཚོལ་སྙེག་ཚད་མཐོན་པོ་ཡོད། ངས་རྒྱ་ནག་གི་གནའ་བོའི་སྙན་ངག་ཅིག་དྲན་བྱུང་། རོལ་མོ་ལ་སོགས་བག་གཡེང་གནས་དག་དང་།། མ་བྲལ་རྣམ་གཡེང་དབང་དུ་སོང་བ་ན།། ད་ནི་བྱ་དངོས་འགྱུར་བའི་ཆོས་ཅན་གྱིས།། བུད་ཤིང་ལ་སོགས་ཐབ་ཀྱི་ལས་ལ་ལྷུང་།། འདི་ནི་སྤྱིར་བཏང་གི་མིའི་འཇིག་རྟེན་གྱི་འཚོ་བའི་འབྲི་ཚུལ་ཡིན། མི་ཚང་མ་ལ་ལོ་གཞོན་གྱི་དུས་སུ་ཧ་ཅང་ཚད་མཐོ་བའི་ཕུགས་བསམ་ཞིག་འཚོལ་སྙེག་བྱེད་པའི་རེ་བ་ཡོད་ལ། མིའི་རིགས་ལ་ལེགས་སྐྱེས་སུ་འབུལ་བའི་དོན་དེ་ལེགས་འགྲུབ་འབྱུང་བའི་རེ་བ་ཡོད། ལོ་བཅུ་ཉི་ཤུ་འདས་རྗེས་དེ་ནི་བུད་ཤིང་སོགས་ཐབ་ཀྱི་ལས་ལ་ལྷུང་བ་རེད། རྩོམ་ཡིག་འབྲི་མཁན་ཞིག་གམ་སྒྱུ་རྩལ་རིག་གནས་སྙེག་མཁན་ཞིག་ཡིན་ཕྱིན། ལྡོག་སྟེ་བཤད་ན། བུད་ཤིང་ལ་སོགས་ཐབ་ཀྱི་ལས་ལ་ལྷུང་བའི་ཁྲོད་ནས་ཧུར་ཐག་གིས་འཚོལ་སྙེག་བྱས་པས་རོལ་མོ་ལ་སོགས་བག་གཡེང་གི་རོལ་གར་ཏེ་མཛེས་སྡུག་ལྡན་པའི་མི་ཚེའི་ས་མཚམས་ཤིག་ཟིན་པ་རེད། དེར་བརྟེན། འཚོ་བའི་ཁྲོད་དུ་གཅེས་སྤྲས་བྱེད་འོས་པ་ནི་ད་ལྟ་ཁྱོད་ལ་དབང་བའི་སྐར་ཆ་རེ་རེ་དེ་རེད། ངས་དྲན་ཚོད་ལ་སྔོན་ཆད་ཉི་ཧོང་ན་ཧ་ཅང་འབྱོར་ལྡན་ཡིན་ལ། ལམ་འགྲོ་ཡང་ཡོད་པའི་མི་ཞིག་ཡོད། ཁོང་གི་མིང་ལ་སུང་ཤཱ་ཤིན་ཀྲི་ཀྲོ་ཟེར། ཁོང་ནི་ཉི་ཧོང་གི་བཟོ་ལས་ཀྱི་སྐྱབས་ལྷ་རེད། སྐབས་དེའི་སུང་ཤཱ་ཤིན་ཀྲི་ཀྲོ་ནི་དེང་སྐབས་ཀྱི་པཱི་ཨར་ཀཱེ་ཚི་རེད། ཁོང་དགུང་ལོ་དགུ་བཅུའི་སྐབས་སུ་ཏུང་ཅཱིན་སློབ་ཆེན་གྱིས་ཁོང་ལ་འབུམ་རམས་པའི་ཕྱག་ཁྱེར་གནང་བ་རེད། ཁོང་གིས་སྡིངས་ཆའི་སྟེང་གུས་འདུད་ཅིག་ཞུས་རྗེས་གསུང་རྒྱུར། ང་ལ་དངུལ་མང་པོ་མང་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད། ང་ད་ལོ་ལོ་དགུ་བཅུ་རེད། ངས་རང་ཉིད་ཀྱི་རྒྱུ་ནོར་ཡོད་ཚད་ཁྱོད་ཚོ་སློབ་གྲོགས་གང་རུང་ཞིག་གི་ལང་ཚོ་དང་བརྗེ་འདོད་ཅི་འདྲ་ཆེ་ཨང་། འོན་ཀྱང་དེ་ནི་སྒྲུབ་མི་ཐུབ་པ་ཞིག་རེད། དེར་བརྟེན་ཁྱེད་ཚོས་རང་ཉིད་ཀྱི་ལང་ཚོ་ལ་གཅེས་སྤྲས་བྱོས། དེའི་རིན་ཐང་སྒྲོ་ལཱོར་དུང་ཕྱུར་གཅིག་ལས་བརྒལ་ཡོད། དོན་མེད་ལ་འཛད་དུ་མ་འཇུག   མི་མང་ཆེ་བས་དུས་ཚོད་ནི་སྒོར་མོ་ཡིན་པ་ཧ་གོ་ཡོད། འོན་ཀྱང་། དུས་ཚོད་ནི་ཚེ་སྲོག་ཡིན་པར་རྟོགས་མཁན་མི་ཉུང་ཤོས་ཤིག་ལས་མེད། འཚོ་བའི་དོན་སྙིང་འཚོལ་བའི་མི་ཞིག་ལ་མཚོན་ན། དུས་ཚོད་དམ་འཛིན་གྱིས་ཚེ་སྲོག་དང་བརྗེ་དགོས་པ་མ་གཏོགས། དུས་ཚོད་དེ་དངུལ་འཚོལ་ཆེད་དུ་བེད་སྤྱད་ན་མི་འགྲིག  དེ་ནི་ཁྱོད་ཀྱིས་འཇིག་རྟེན་པའི་འཚོ་བ་མ་རོལ་ཞེས་པའི་དོན་མིན་པར། འཚོ་བའི་ཁྲོད་ནས་རང་ཉིད་ཀྱི་ཚོར་བ་དེ་རྒྱུན་འཁྱོངས་བྱ་བའི་ཆེད་དུའོ།།

       ཚན་པ་གཉིས་པ་ནི། ང་ཚོས་རྣམ་དཔྱོད་ཀྱི་ཐད་དུ་གླེང་མོལ་བྱ། ཅི་འདྲ་ཞིག་ལ་རྣམ་དཔྱོད་ཟེར་རམ། དེ་ནི་རྣམ་དཔྱོད་(智慧)ཀྱི་(智)འོག་ཏུ་(日)ཞེས་ཉི་མ་(日)ཞིག་ཡོད། མི་ཞིག་གིས་སློབ་གསོ་བརྒྱུད་ནས་ཤེས་བྱ་མང་པོ་སྦྱངས་པ་ཁོང་རང་ཉིད་ཀྱི་བསམ་བློའི་མ་ལག་ཏུ་གྱུར་བའི་སྐབས་སུ། གཞི་ནས་གཞན་ལ་འོད་སྣང་སྦྱིན་ཆོག  དེ་ནི་རྣམ་དཔྱོད་ཅན་གྱི་མི་རེད། འོ་ན་ཅི་ཞིག་ལ་(慧)ཟེར་རམ། དེ་ནི་སེམས་ངོས་ལ་མྱུ་གུ་འབུས་པ་(慧)ཚེ་སྲོག་གི་ཚོར་འདུ་ཡིས་དེ་ཆད་མེད་དུ་མདུན་དུ་སྐྱེ་རུ་འཇུག (智)ནི་རང་ཉིད་ལ་འོད་སྣང་འཕྲོ་བ་དང་(慧)ནི་ནམ་ཡང་སྐྱེས་འཕེལ་ལ་རྒྱུན་འཁྱོངས་བྱེད་པ་དང་སློབ་སྦྱོང་གི་རྣམ་པ་མཚོན། ནང་པའི་བསམ་བློ་ལྟར་ན། རྣམ་དཔྱོད་ལ་ཧ་ཅང་སྟབས་བདེའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད། ཁྱད་ཆོས་དང་པོ་དེ་ལ་ཕྲ་ཞིབ་ཟེར། བྱ་དངོས་ལ་ཕྲ་བའི་སྒོ་ནས་ཞིབ་འཇུག་བྱེད་པ་དེ་ཡིན། བྱ་དངོས་ལ་ཕྲ་ཞིབ་བྱེད་མཁན་གྱི་མི་ལ་ད་གཟོད་ཚོར་འདུ་གཏིང་ཟབ་པོ་ཞིག་ཡོད་ངེས། མི་སུ་འདྲ་ཞིག་གིས་མཛེས་པ་རྟོགས་སམ། མཛེས་པ་ནི་ལྟ་ཞིབ་བརྒྱུད་ནས་བྱུང་བ་རེད། ལྟ་ཞིབ་ཅེས་པ་དེ་མིག་གཅིག་པོས་མ་རེད། རྣ་བ་དང་བསམ་པའི་འཁྱེར་སོ། མིག་རྣ་སྣ་ལྕེ་ལུས་བཅས་ཀྱང་འདུས་ཡོད། མི་གསུམ་སྤྱི་གླིང་ཞིག་ལ་འགྲོ་བར་ཆ་བཞག་ན། མི་དང་པོ་དེས་སྤྱི་གླིང་ནང་དུ་ལྗང་མདོག་འབའ་ཞིག་མཐོང་། མི་གཉིས་པ་དེས་ཕྲ་བའི་སྒོ་ནས་ལྟ་ཞིབ་བྱས་པས་ཁོང་གིས་ལྗང་མདོག་མི་འདྲ་བཅུ་ལྷག་ཅིག་མཐོང་ངེས། མི་སྣ་གསུམ་པ་དེས་ལྗང་མདོག་མི་འདྲ་བ་བརྒྱ་ཕྲག་ཅིག་མཐོང་ངེས། མི་སུ་ཞིག་གིས་ཚེ་སྲོག་གི་མཛེས་སྡུག་ཅུང་ཟད་རྟོགས་ཡོད་དམ། ཏན་ཏན་མི་སྣ་གསུམ་པ་དེ་རེད། རྒྱུ་མཚན་ནི་ཁོང་གིས་ཚེ་སྲོག་ཁྲོད་དུ་མཛེས་པ་ལ་ལྟ་ཞིབ་ཞིབ་ཚགས་བྱེད་པར་སྦྱངས་པ་ཐོབ་ཡོད། ང་ཚོས་མཛེས་པ་དེ་ཚེ་སྲོག་གི་ཁྲོད་དུ་རིམ་པ་གསུམ་དུ་བལྟ་དགོས། རིམ་པ་དང་པོའི་མཛེས་པ་ནི་(美)ཞེས་སྟེང་དུ་(羊)ཞེས་པའི་མགོ་ཡོད། འོག་ཏུ་(大)ཆེན་པོ་ཡོད། ཁྱོད་ཀྱི་ཁྱིམ་གྱི་ལུག་འཚར་ལོངས་བྱུང་འདུག ཅི་འདྲའི་མཛེས་པ་ལ་ཨང་། རྒྱུ་མཚན་ནི་སང་ཉིན་ཟོས་ཆོག  མཛེས་པ་རིམ་པ་གཉིས་པ་ནི་སྟེང་དུ་(羊)དང་འོག་ཏུ་(人)ཡོད། མཛེས་དཔྱོད་རིག་པ་པས་དེ་ནི་ལུག་རྫི་(羊人)ལ་གོ དེ་ནི་གཡང་ལུག་འཚོ་བཞིན་གླུ་དབྱངས་ལེན་པ་དང་ཞབས་བྲོ་འཁྲབ་མཁན་ལ་གོ  མི་འདི་འདྲ་ནི་མཛེས་པ་རིམ་པ་གཉིས་པར་འཛུལ་ཐུབ་ལ། རིག་གནས་སྒྱུ་རྩལ་རིག་པའི་རིམ་པར་གཏོགས། རིམ་པ་གསུམ་པ་ནི་(羊)མ་རེད། སྟེང་དུ་(善)འོག་ཏུ་(大)ཡོད། ནང་སེམས་ཀྱི་སྙིང་རྗེ་ཆེན་པོར་གྱུར་ན་ད་གཟོད་མཛེས་པ་རིམ་པ་གསུམ་པ་རེད། ཞིབ་ཕྲར་ལྟ་ཞིབ་བྱེད་མཁན་གྱི་མིས་ནི་རིམ་པ་འདི་གསུམ་ཀར་ཧ་ཅང་ཚོར་འདུ་ཆེ། མཛེས་པའི་སྙིང་པོ་དང་ཡང་འཕྲད་ཐུབ། སྐབས་འདིར་ཁོང་གིས་རྒྱུན་ཆད་མེད་པར་མཛེས་སྡུག་སྙེག་ལ། རྣམ་དཔྱོད་དང་ལྡན་པར་ཡང་འགྱུར་ངེས།

     གཉིས་པ་དེ་ལ་འདྲ་མཉམ་གྱི་འདུ་ཤེས་ཟེར། དེ་ནི་ཁྱོད་ཀྱིས་འདྲ་མཉམ་གྱི་འདུ་ཤེས་ཀྱིས་འཛམ་གླིང་འདི་ལ་བལྟ་དགོས། ངས་སྒྲུང་ཞིག་བྲིས་པ་ཡིན། བྱིས་པ་ཞིག་གིས་ཉེའུ་ཏུང་གི་ལོ་རྒྱུས་བཀླགས་ནས་ཧ་ཅང་ཡིད་འགུལ་ཐེབས་པ་རེད། ཉེའུ་ཏུང་ཀུ་ཤུའི་སྡོང་པོའི་འོག་ཏུ་བསྡད་དེ་ཀུ་ཤུ་ཞིག་མགོ་ལ་ཐེབས་པས་ད་གཟོད་ས་ཡི་འཐེན་ཤུགས་རྟོགས་པ་དང་། རླབས་ཆེ་བའི་ཚན་རིག་པ་ཞིག་ཏུ་གྱུར་བ་རེད། ཁོང་གི་བསམ་པར། ཀུ་ཤུའི་ཤིང་སྡོང་གི་འོག་ཏུ་བསིལ་གྲིབ་ཆེ་བས་ཁོང་དེར་སྡོད་དུ་ཕྱིན་པ་རེད། གཟབ་ནན་གྱིས་བསམ་པར། ཀུ་ཤུ་སྡོང་པོའི་སྟེང་དུ་ཐོགས་ཡོད། ཡང་སྙིང་རླབས་ཆེ་བའི་གནས་ལུགས་ཅི་ཞིག་ཡོད་དམ། རྦད་དེ་བསམ་བློ་མ་འཁོར། རླུང་བུ་ཞིག་ལྡང་བས་ཀུ་ཤུ་ཞིག་ཁོང་གི་མགོ་ལ་ཐེབས་པ་རེད། དེ་འདྲའི་ན་ཟུག་ཆེ་དོན་ཅི། སྐབས་དེར་གློ་བུར་དུ་རྨོངས་གཉིད་ལས་སད་བྱུང་། མར་ཟགས་པ་ཀྭ་ཞིག་མིན་པ་འགྲིགས་ཤག  གལ་ཏེ་མར་ཟགས་པ་ཀྭ་ཞིག་ཡིན་རྒྱུ་ན་ད་ལྟ་ངའི་མགོ་ཡོད་རྒྱུ་མ་རེད། དེར་བརྟེན། ཁོང་ལ་གྲུབ་དོན་ཧ་ཅང་ཡག་པོ་ཞིག་རག་པ་རེད། ཀུ་ཤུ་ཤིང་སྡོང་སྟེང་དུ་ཐོགས་པ་དེ་ཧ་ཅང་འགྲིགས་ལ། ཀྭ་ས་ནས་སྐྱེས་པ་དེ་ཡང་ཤིན་ཏུ་འོས། གལ་ཏེ་ཀྭ་ཤིང་སྡོང་སྟེང་དུ་ཐོགས་པ་ཡིན་ན་ཉེན་ཁ་ཆེ་ལ། ཀུ་ཤུ་ས་ནས་སྐྱེས་པ་ཡིན་ན་དེ་ཡང་ཉེན་ཁ་ཆེ། རྒྱུ་མཚན་རྐུ་བར་ཧ་ཅང་སླ་བས་སོ།། ཀྭ་ཧ་ཅང་ལྕི་བས་སྤོ་མི་ཐུབ། ཀུ་ཤུ་དང་ཀྭ་ནི་མི་འདྲ་བ་ཙམ་རེད་མ་གཏོགས་མཐོ་དམན་གྱི་ཁྱད་པར་མེད། རྡོ་རྗེ་ཕ་ལམ་དང་སོལ་བ་གཉིས་ཀྱང་མི་འདྲ་བ་ཙམ་ལས་མཐོ་དམན་གྱི་ཁྱད་པར་མེད།

     འདྲ་མཉམ་གྱི་རྣམ་པས་འཛམ་བུ་གླིང་འདིར་བལྟས་པ་ཡིན་ན་བྱ་དངོས་ཚང་མ་ལ་དོན་སྙིང་དང་རིན་ཐང་། རྒྱལ་ཁ་དང་ཕམ་ཁ་བཅས་སྟེར་ཐུབ་ལ། ང་ཚོའི་བློ་སྒོ་ཡང་འབྱེད་ཐུབ། དཔེར་ན། ཤཱི་ལཱ་(希腊)རུ་སཱོ་ཀཱི་ལ་ཏཱི་ཞེས་པའི་རླབས་ཆེན་གྱི་མཚན་ཉིད་རིག་པ་ཞིག་ཡོད། སློབ་ཕྲུག་ཅིག་གིས་ཁོང་ལ་ཞུ་རྒྱུར། དགེ་ལགས། ངས་གཉེན་སྒྲིག་རྒྱུ་ཡིན་པས་ཁྱེད་ཀྱིས་ང་ལ་ཁ་ཏ་བསླབ་བྱ་ཅི་ཞིག་གནང་ངམ། སཱོ་ཀཱི་ལ་ཏཱི་ཡིས་བཤད་རྒྱུར། གལ་ཏེ་ཁྱེད་ལ་ཆུང་མ་ཡག་པོ་ཞིག་རག་ཡོད་ན་ངས་ཁྱེད་ལ་རྟེན་འབྲེལ་ཞུ། རྒྱུ་མཚན་ནི་ཁྱེད་ཀྱིས་ད་ནས་བཟུང་སྤྲོ་སྣང་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ། གལ་སྲིད་ཁྱེད་ལ་ཆུང་མ་ངན་པ་ཞིག་རག་ཡོད་ཀྱང་ངས་ཁྱེད་ལ་རྟེན་འབྲེལ་ཞུ། རྒྱུ་མཚན་ནི་ཁྱོད་ཀྱང་ང་དང་འདྲ་བར་མཚན་ཉིད་རིག་པ་བར་འགྱུར་ངེས། ཅུང་མ་འགོར་བར་སློབ་ཕྲུག་ཅིག་ཁོང་འཚོལ་དུ་རྒྱུག་ཡོང་ནས། དགེ་ལགས། ངས་གཉེན་འཐོར་བྱ་རྒྱུ་ཡིན། ཁྱེད་ཀྱིས་བདག་ལ་ཅི་ཞིག་གསུང་ངམ། སཱོ་ཀཱི་ལ་ཏཱི་ཡིས་བཤད་རྒྱུར། གལ་ཏེ་ཁྱེད་ལ་ཆུང་མ་ཡག་པོ་ཞིག་རག་ཡོད་ན་ངས་ཁྱེད་ལ་རྟེན་འབྲེལ་ཞུ། རྒྱུ་མཚན་ནི་ཁྱེད་ཀྱིས་མཛེས་སྡུག་གི་ཕྱིར་དྲན་ཞིག་བཞག་ཡོད། གལ་སྲིད་ཆུང་མ་ངན་པ་ཞིག་རག་ཡོད་ཀྱང་ངས་རྟེན་འབྲེལ་ཞུ། རྒྱུ་མཚན་ནི་དེ་རིང་ནས་བཟུང་ཁྱོད་ལ་རང་དབང་ཐོབ་པ་རེད། འདི་ནི་འདྲ་མཉམ་གྱི་རྣམ་པ་ཞིག་རེད། དོན་དངོས་ཐོག་བྱ་དངོས་ལ་ཁོད་སྙོམས་མ་སྙོམས་དང་། མི་ཚེ་ལ་རྒྱལ་ཕམ་གཉིས་ཀ་ཡོད་ན་ཡང་། མི་ཞིག་ལ་མཚོན་ན་ནང་སེམས་ནས་མི་ཚེ་འདྲ་མཉམ་གྱི་རྣམ་པ་མཐོར་འདེགས་གཏོང་དགོས།

      ཁྱད་ཆོས་གསུམ་པ་ལ་བསྒྲུབས་པ་ཐམས་ཅད་འགྲུབ་པ་ཟེར། དེ་ནི་རྣམ་དཔྱོད་ཅན་གྱི་མིས་བྱ་དངོས་ཅི་བསྒྲུབས་ཡར་ཐོན་དང་ལེགས་འགྲུབ་འབྱུང་བ་དེ་ཡིན། ཁྱོད་ཀྱིས་མཐོང་བའི་འཛམ་གླིང་འདིའི་སྟེང་གི་ལེགས་འགྲུབ་འབྱུང་མཁན་མང་ཆེ་ཤོས་ཧ་ཅང་རྣམ་དཔྱོད་དང་ལྡན་པ་རྐྱང་རེད། ༼རྣམ་དཔྱོད་མེད་མཁན་དང་རླུང་རྟ་རྒྱུག་པའི་མི་ཡང་ཏན་ཏན་ཡོད། ༽ རྒྱུ་མཚན་ནི་ཁོང་གིས་ཆེས་ལེགས་པའི་གདམ་ག་ཅི་ཞིག་ཡིན་པ་རྟོགས་ཡོད།

      བཞི་བ་ནི་མེ་ལོང་ཆེན་པོ་རེད། རྣམ་དཔྱོད་ཅན་གྱི་མི་ལ་རྣམ་འགྱུར་དང་མི་ཚེའི་ལྟ་ཚུལ་ཐད་གོ་བ་རྒྱ་ཆེན་པོ་ཞིག་ཡོད། ཅི་འདྲ་ཞིག་ལ་གོ་བ་རྒྱ་ཆེན་པོ་ཟེར་རམ། དེ་ནི་མི་ཚེའི་ཁྲོད་ན་བསམ་བློ་ཚད་མཐོན་པོ་ཞིག་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ང་ཚོ་རྒྱ་ནག་ལ་སྔོན་ཆད་སྙན་ངག་པ་པཱེན་ཀྲི་ལིན་ཟེར་བ་ཞིག་ཡོད་པ་དྲན་ཚོད་རེད། སྙན་ངག་ཅིག་བྲིས་ཡོད། ཚིག་རྐང་བཞི་འབའ་ཞིག་ལས་མེད། ཁྱོད་ཀྱིས་ཟམ་སྣེ་ནས་ཡུལ་ལྗོངས་ལ་ལྟ་སྐབས། ཏག་ཏག་ཐོག་སོ་སྟེང་གི་མིས་ཁྱེད་ལ་ལྟ་བཞིན་ཡོད། ཁྱོད་ནི་གཞན་དེའི་ཡུལ་ལྗོངས་ཡིན་ལ། གཞན་དེ་ནི་ཁྱོད་ཀྱི་རྨི་ལམ་ཡིན། ཕལ་ཆེར་གོ་དོན་འདི་འདྲ་རེད། ཁྱོད་ལོ་ན་ཉི་ཤུའི་སྐབས་སུ་ཟམ་སྣེ་ནས་ཡུལ་ལྗོངས་ལ་ལྟ་དུས་ཡུལ་ལྗོངས་མཛེས་པར་སྣང་། དེ་ནི་ཁྱོད་ཐོག་སོའི་རྩེ་ལ་སོང་སྟེ་བལྟས་མེད་པས་རེད། ཁྱོད་ལོ་ན་ཉི་ཤུའི་སྐབས་དེ་ལོ་བཞི་བཅུའི་སྐབས་ཀྱི་ཡུལ་ལྗོངས་སུ་གྱུར་བ་རེད། ཁྱོད་ཀྱིས་ལོ་དྲུག་ཅུའི་སྐབས་ཧ་ཅང་མཐོ་བའི་རིའི་སྟེང་དུ་ལངས་ཏེ་བལྟས་པ་ཡིན་ན། ཁྱོད་ཀྱིས་མཐོང་བའི་ཡུལ་ལྗོངས་ནི་དེ་ལས་ཀྱང་ཁོད་ཡངས་པ་རེད། མཐའ་མར་ཁྱོད་ནམ་མཁར་འཕུར་ན་ཁྱོད་ཀྱི་ཡུལ་ལྗོངས་དེ་ལས་ཀྱང་རྒྱ་ཆེ། ཇེ་ཆེ་ནས་ཇེ་ཆེར་ཕྱིན་པའི་སེམས་པ་ནི་རྣམ་དཔྱོད་ཅན་གྱི་ཧ་ཅང་གལ་ཆེ་བའི་ཁྱད་ཆོས་ཤིག་ཡིན། རྒྱུ་མཚན་ནི། ང་ཚོའི་མི་ཚེའི་ནང་འཕྲད་པའི་དཀའ་ངལ་དང་བར་ཆད་ཆུང་ཆུང་མ་རེད། ཁྱོད་ཀྱི་སྣོད་ཆས་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་པ་ཡིན་ན། དཀའ་ངལ་དང་བར་ཆད་ཀྱིས་ཁྱོད་ལ་ཅི་ཡང་བྱེད་མི་ཐུབ།

       རྣམ་དཔྱོད་ཅན་ཞིག་ཡིན་ཕྱིན་རྣམ་པ་བཞི་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་རྩོམ་འབྲི་མཁན་ཞིག་ཡིན་པས་ངས་ཀྱང་རྣམ་པ་དེ་དག་རྒྱུན་འཁྱོངས་ཐུབ་པར་རེ་བ་བྱེད་པ་སྟེ་རྒྱུན་མཐུད་ནས་རྩོམ་འབྲི་བ་དང་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏང་རྒྱུ་དེའོ།། ངས་བསམ་པར། རྩོམ་པ་པོ་ཞིག་བྱེད་པར་ཆེས་མཛེས་སྡུག་གི་ཆ་དེ་བརྒྱུད་ནས་ད་གཟོད་རྩོམ་ཡིག་འབྲི་དགོས། རྒྱུན་ཆད་མེད་པའི་སྒོ་ནས་རང་ཉིད་ཀྱི་བསམ་བློ་དང་རྣམ་དཔྱོད་ལ་དག་ཐེར་བྱ་དགོས། དེའི་རྗེས་ནང་སེམས་དང་ཕྲ་བའི་ཆ་ལ་མྱུལ་ཞིབ་བྱ་དགོས། གཉིས་པ་བདེ་སྐྱིད་ཀྱི་དོན་དག་ནི་མྱུལ་ཞིབ་བྱས་པའི་ཚོར་བ་དང་བསམ་བློའི་འཁྱེར་སོ་མི་མང་པོར་མྱོང་རོལ་བྱེད་དུ་འཇུག་དགོས། གཞན་དག་ཀྱང་རྩོམ་ཡིག་བརྒྱུད་ནས་ཧ་ཅང་ཕྲ་བ་དང་རྒྱ་ཆེ་བ། ཚད་མཐོ་བའི་རྣམ་པའི་ནང་འཛུལ་དུ་འཇུག་དགོས།  རྣམ་དཔྱོད་ཀྱི་འཚོལ་སྙེག་ནི་ནམ་ཡང་མཚམས་མི་འཇོག་ལ། རྣམ་དཔྱོད་ཀྱི་འཚོལ་སྙེག་ལ་གཏན་འཇགས་ཀྱི་རྣམ་པ་ཞིག་ཀྱང་མེད། 

           གསུམ་པ་དེ་ལ་བརྩེ་བ་ཟེར། བརྩེ་བ་འདི་ནི་ནང་སེམས་ཀྱི་བརྩེ་བའམ་དང་གཏིང་ཟབ་པའི་བརྩེ་བ་ཞིག་ཡིན་ལ། སེམས་ཁམས་ཀྱི་ཚོར་འདུ་ཞིག་ཀྱང་ངོ་།། སེམས་ཁམས་ཀྱི་དྲང་ཕྱོགས་ཀྱི་ཚོར་འདུ་དེར་བརྩེ་བ་ཟེར། ལྡོག་ཕྱོགས་དེ་ལ་སྡང་བ་ཟེར། བརྩེ་བ་ནི་མི་ཚེའི་ཁྲོད་ཧ་ཅང་གལ་ཆེ་ཤོས་ཤིག་རེད། ནང་བསྟན་ཁྲོད་དུ་ཆོས་དཔེ་ཞིག་ཡོད། དེ་ལ་མདོ་སྡེ་ཕལ་པོ་ཆེ་ཟེར། དེའི་ནང་དུ། མི་ནི་བརྩེ་བའི་དབང་གིས་འཇིག་རྟེན་འདིར་ཡོང་བ་ཡིན། བརྩེ་བ་མེད་པ་ཡིན་ན་ཁྱོད་འཇིག་རྟེན་འདིར་བསླེབས་མི་སྲིད། དེར་བརྟེན། མི་ལ་བརྩེ་ལྡན་སྲོག་ཟེར། བརྩེ་བ་དང་ལྡན་པའི་ཚེ་སྲོག་ཡིན་པས་སོ།། རྩྭ་དང་མེ་ཏོག་ལ་བརྩེ་མེད་སྲོག་ཟེར། བརྩེ་བ་དང་ལྡན་པའི་ཚེ་སྲོག་མེད། སྲོག་ཆགས་ཐམས་ཅད་བརྩེ་ལྡན་སྲོག་རེད། དཔེར་ན། ཁྱོད་ཀྱིས་ཕག་ཅིག་བཟུང་ནས་དེའི་མགོ་གཏུབས་པ་ཡིན་ན། དེ་དེ་མ་ཐག་འཆི་ངེས། རྒྱུ་མཚན་ནི་དེ་ལ་བརྩེ་བ་ཡོད། འོན་ཀྱང་ཁྱོད་ཀྱིས་བཏོགས་པའི་མེ་ཏོག་བུམ་པར་བཙུགས་ན། དེས་རང་ཉིད་ཀྱིས་རང་ཉིད་ཤི་ཡོད་མེད་མི་ཤེས། དེ་མ་རྙིད་བར་དུ་བཞད་ངེས། འདི་ལ་ཚོར་འདུ་མེད་པས་ཚོར་མེད་སྲོག་ཟེར། ངས་བསམ་པར་མི་ནི་བརྩེ་བའི་དབང་གིས་འཇིག་རྟེན་འདིར་བྱོན་པ་རེད། གལ་ཏེ་ཁྱོད་ལ་བརྩེ་བ་ཟབ་པོ་ཞིག་ཡོད་ན་ཁྱོད་ཀྱིས་མི་ཚེའི་ཁུར་བོ་ཉུང་དུ་གཏོང་ཐུབ། དཔེ་ཞིག་བཞག་ན། ཁྱོད་རང་དགའ་བའི་མི་དེར་བརྩེ་འདང་ཧྲིལ་བོ་ཞིག་གིས་འཐམས་ནས་བསྐོར་བ་ཞིག་རྒྱོབས་དང་། ཁོང་གི་ལུས་ཕུང་ལྗིད་པ་སྟེ་སྤྱི་རྒྱ་༥༠ཡོད་ན་ཡང་། འཐམས་པའི་སྐབས་སུ་ཅི་འདྲའི་ཡང་བ་ལ་ཨང་། རྒྱུ་མཚན་ནི་ཁྱོད་ལ་བརྩེ་བ་ཡོད་པས་རེད། མུ་མཐུད་ནས་ཚོད་ལྟ་ཞིག་བྱ། ཕྱི་རོལ་ནས་སྤྱི་རྒྱ་༥༠ཅན་གྱི་རྡོ་ཞིག་བཙལ་ཏེ། དེ་པང་དུ་བླངས་ཏེ་བསྐོར་བ་ཞིག་སྐོར་དང་། ཐ་ན་ཁྱེད་ཀྱིས་པང་ལའང་ལེན་མི་ཐུབ་པ་རྟོགས་ངེས། རྒྱུ་མཚན་ཅི། རྒྱུ་མཚན་ནི་རྡོ་ནི་བརྩེ་མེད་རེད། གལ་ཏེ་ཁྱེད་ཀྱིས་བརྩེ་བར་རྒྱུས་མ་ལོན་པ་ཡིན་ན། མི་ཚེའི་ཁུར་བོ་ཇེ་ལྗིད་ནས་ཇེ་ལྗིད་ཡིན་ངེས། ལྡོག་སྟེ་བཤད་ན། གལ་ཏེ་ཁྱོད་ལ་སྡང་སེམས་ཡོད་ན་དེ་ནི་དེ་ལས་ཀྱང་ལྕི་བ་རེད།

       ཅི་འདྲ་ཞིག་ལ་བརྩེ་བ་ཟེར་རམ། རིམ་པ་གསུམ་དུ་དབྱེ་ན། དང་པོ་ནི་བརྩེ་བ་ཆུང་བ་སྟེ། རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད་བར་གྱི་བརྩེ་བ་དེ་རེད། གཉིས་པ་ནི་བརྩེ་བ་འབྲིང་རེད། དེ་ནི་དགེ་རྒན་དང་སློབ་གྲོགས། ལས་གྲོགས་ལ་སོགས་རང་ཉིད་དང་འབྲེལ་ཡོད་ཀྱི་མིའི་བར་གྱི་བརྩེ་བ་རེད། ཆེ་བ་ནི་སྙིང་རྗེའི་བརྩེ་བ་རེད། སྙིང་རྗེའི་བརྩེ་བ་ནི་ཉེ་རིང་གཉིས་ཀར་སྙིང་རྗེ་ཆེན་པོ་བསྐྱེད་པ་དེའོ།། རང་ཉིད་དང་ལས་འབྲེལ་ཡོད་པའི་མི་ལ་ཡང་བརྩེ་བ་སྟེ་ཁོང་ལ་སྙིང་རྗེ་བྱེད་པ་དང་། རང་ཉིད་ཀྱི་བརྩེ་སེམས་འབུལ་བ་བཅས་སོ།། འདིའི་སྐབས་སུ་ཁྱོད་ལ་མིའི་མཚན་ཉིད་ཚང་བ་རེད། ཁྱོད་ཀྱིས་རྟག་ཏུ་བརྩེ་བའི་རྣམ་པ་རྒྱུན་འཁྱོངས་དགོས། རྒྱུ་མཚན་ནི་ཁྱོད་མི་ཚེའི་ཁྲོད་བར་ཆད་དང་ཕམ་ཁ། ཉམས་ཚོད། སྐྱོ་ངལ། སུན་སྣང་བཅས་དང་འཕྲད་ངེས། ཁྱོད་ཉི་མ་རེ་རེ་བཞིན་འདི་ལྟར་ཡལ་ངེས་ལ། ཡལ་མི་སྲིད་པའི་དངོས་པོ་ནི་ཚེ་སྲོག་གི་ལྡོག་ཕྱོགས་ཀྱི་ཆ་དེ་རེད།  དེར་བརྟེན། ཁྱོད་ངེས་པར་དུ་འགྱུར་དགོས། རྒྱུན་དུ་ཧ་ཅང་བརྩེ་བའི་ཚོར་བས་འཇིག་རྟེན་འདི་ཚོར་བར་བྱ་དགོས། ངས་བསམ་པར། རྣམ་པ་ཚོའི་ལོ་ཚོད་འདི་འདྲའི་སྐབས་སུ་གློ་བུར་དུ་བརྩེ་བ་བསམ་བློར་འཁོར་རྒྱུ་ནི་ཅི་འདྲའི་གལ་ཆེ་ལ་ལག་ལེན་དུ་བསྟར་དགོས། ཡུལ་དུ་སོང་རྗེས་རང་ཉིད་ཀྱི་ཕ་མར་འཐམ་པ་དང་། ཁོང་ཚོའི་ཕྱག་ལ་འཇུས་ཏེ་ལྗོངས་རྒྱུར་འགྲོ་དགོས། གནས་སྐབས་རིང་ཁོང་ཚོ་དོགས་བདེ་བོ་མེད། རྒྱུ་མཚན་ནི་ང་ཚོ་རྒྱ་ནག་པས་དེ་ནི་ཧ་ཅང་ཞེ་མཚར་བ་ཞིག་ཏུ་ཚོར། ང་ཚོས་བརྩེ་བ་མཚོན་པ་ལ། ཁྱོད་ལ་འགྲམ་ལྕག་ཅིག་གཞུས་ན་ད་གཟོད་བརྩེ་བར་ཚོར། འོན་ཀྱང་ཁོང་ཚོས་རིམ་གྱིས་བརྩེ་བ་ནི་འདི་ལྟར་མཚོན་པ་དང་ཆེས་བཟང་བའི་མཚོན་དོན་ཞིག་ཡོད་པ་རྟོགས་ངེས།  བརྩེ་བ་ལ་འཇམ་མཉེན་དང་དྲོད་སྐྱིད་ལྡན་འོས་ལ། ཧ་ཅང་བཟང་བའི་རྣམ་པ་ཞིག་ཀྱང་ཡོད་ཆོག  ཁྱོད་ལ་དེ་འདྲའི་སེམས་ཡོད་པའི་སྐབས་སུ། ཁྱོད་ཀྱི་ནང་སེམས་ནར་སོན་པ་དང་ཁྱོད་ལ་འཚོ་བ། རྣམ་དཔྱོད། བརྩེ་བ་བཅས་ཡོད་པ་དང་། ཁྱོད་ཁ་སང་ལས་དེ་རིང་འཚོ་བ་ཧ་ཅང་བཟང་བ་དང་ལེགས་འགྲུབ་འབྱུང་།

      ན་གཞོན་སུ་ཡིན་ཡང་འཚོལ་སྙེག་དེ་ལེགས་འགྲུབ་འབྱུང་ཐུབ། ཅི་འདྲ་ཞིག་ལ་ཡང་དག་པའི་ལེགས་འགྲུབ་ཟེར་རམ། དེ་ནི་ཁ་སང་ལས་དེ་རིང་མཛེས་སྡུག་གི་འཚོ་བ་རྟོགས་ཐུབ་པ་དང་། ཁ་སང་ལས་དེ་རིང་རྣམ་དཔྱོད་དང་ལྡན་པ། ཁ་སང་ལས་དེ་རིང་བརྩེ་བ་རྟོགས་མཁན་ཞིག་དགོས། འདི་འདྲའི་མི་ནི་ཁ་སང་ལས་དེ་རིང་ལེགས་འགྲུབ་འབྱུང་བ་དང་། ཟླ་འདི་ལས་རྗེས་མར་ལེགས་འགྲུབ་འབྱུང་བ། ནམ་ཡང་ལེགས་འགྲུབ་ཀྱི་ཚད་ཐིག་རྒྱུན་འཁྱོངས་ཐུབ། བྱེད་སྟངས་གང་འདྲ་ཞིག་དང་འཕྲད་ཀྱང་། ཡང་ན་མི་ཚེ་རྣམ་པ་གང་འདྲ་ཞིག་ཡིན་ཡང་། མདུན་སྐྱོད་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ། ལོ་སུམ་ཅུར་བསླེབས་པ་ཡིན་ན། ད་གཟོད་གོམ་པ་རེ་རེ་བཞིན་འཆི་ལམ་ལ་ཕྱོགས་པ་རེད། ལོ་བརྒྱད་ཅུ་ཟིན་ཀྱང་ད་དུང་མདུན་སྐྱོད་རྒྱུན་འཁྱོངས་ཐུབ། རྒྱུ་མཚན། དུས་ཚོད་ནི་མཐའ་མེད་པ་དང་ཡང་བསྐྱར་མཛེས་སྡུག་གི་འཇིག་རྟེན་ཞིག་ཡོད་པར་རྦད་དེ་ཡིད་ཆེས་བྱས་ཡོད། དེས་ན་ཁྱོད་ཀྱིས་དུས་གཏན་དུ་འཚོལ་སྙེག་གིས་རྒྱུན་ཆད་མེད་པར་གོང་སྤེལ་ཐོངས།

ཐཱའེ་ཀཱང་རྩོམ་ཡིག་བདམས་བཀོད་ལས་བཏོན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5914145
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号