མ་ཡུམ་སློབ་གྲྭའི་ངོ་མཚར་བའི་སློབ་གསོ་དྲན་པ།
འབའ་སྣང་གྲོལ།
༡ ངའི་མ་ཡུམ་སློབ་གྲྭའི་སློབ་གསོའི་འགོ་རྩོམ་ས་ནི་ཀུན་སྤྱོད་ནས་འགོ་རྩོམ་པ་ཡིན།
འདི་ནས་ལུག་ལྡོག་གིས་ཡར་བརྩིས་པའི་བགྲང་བྱའི་ཉག་མ་བཅུ་བཞི་འདས་པའི་སྟོན་དུས་ཤིག་ལ་ང་རང་རྭ་རྒྱའི་སློབ་གླིང་དུ་ཐོག་མར་ཞུགས་ཤིང་། དེ་དུས་ང་ལ་མཚོན་ན་རི་མཐོ་ལུང་རིབ་ཀྱི་འབྲོག་ཁུལ་ཞིག་ནས་ཡོང་བ་ཡིན་པས་ཡིག་རྨོངས་པ་མ་ཡིན་པ་ཙམ་དུ་ཟད་དེ། རང་ཉིད་ཀྱི་མིང་ཡིག་ཀྱང་ཡག་པོ་ཞིག་འབྲི་མི་ཤེས་ན། ཀུན་སྤྱོད་ཀྱི་སློབ་གསོ་ནི་དེ་བས་ཀྱང་ཞན་པ་སྨོས་ཅི་དགོས། ཡིན་ནའང་ང་རང་སློབ་གྲྭ་འདིར་ཞུགས་པའི་ཉིན་དང་བོ་ནས་བཟུང་ད་གཟོད་ངའི་མི་ཚེ་འདིའི་ཀུན་སྤྱོད་ཀྱི་སློབ་གསོ་ཐོག་མར་མྱོང་འགོ་བརྩམས་ཤིང་། དེ་ཡང་དགེ་རྒན་བཀའ་དྲིན་ཅན་དག་གི་དུལ་ཞིང་ཞི་བའི་སྤྱོད་པ་དང་། བདེན་པར་སྨྲ་བའི་བཀའ་གསུང་། ཆོས་བཞིན་སྤྱོད་པའི་ལག་ལེན་གྱིས་ད་གཟོད་སྐབས་དེའི་སློབ་བུ་ཆུང་ཆུང་ངའི་སེམས་ནང་ལ་ཀུན་སྤྱོད་ཀྱི་མིག་དཔེ་གསོན་པོ་ཞིག་རྙེད་སོང་བར་མ་ཟད། དགེ་རྒན་བཀའ་དྲིན་ཅན་དག་གིས་སློབ་ཁྲིད་ཀྱི་སྐབས་དང་། བཀའ་སློབ་ཀྱི་སྐབས་གང་དུ་ཡང་ནམ་རྒྱུན་ཀུན་སྤྱོད་སློབ་གསོ་གཙོ་བོར་བཟུང་སྟེ་སློབ་མ་རྣམས་ལ་ཨ་ནན་ཡང་ནན་གྱིས་མི་ཇི་ལྟར་བཅའ་བའི་ཕྱོགས་ཀྱི་སློབ་གསོ་མང་དུ་གནང་ཞིང་། ཁྱད་པར་དུ་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་གཏམ་རྒྱུད་ཡིད་དུ་འོངས་པ་རེ་རེ་གསུང་རྒྱུ་ཡོད་པ་དེས་ང་རང་ལ་ཆེས་བརྗེད་དཀའི་བའི་བག་ཆགས་ཟབ་མོ་ཞིག་བཞག་སོང་། དེ་ཙམ་མ་ཟད་སློབ་གྲྭ་འདིར་སློབ་གྲྭ་གཞན་ན་མཐོང་དུ་མེད་པའི་དགེ་སློབ་ཡོངས་ཀྱི་བར་ལ་ཀུན་སྤྱོད་ཀྱི་དམ་ཚིག་གཙང་མ་ཞིག་གིས་ཀུན་ནས་སྦྲེལ་ཡོད་དེ། དེང་སྐབས་ཀྱི་དགེ་སློབ་གཞན་དང་མི་འདྲ་བར་ནང་ཕན་ཚུན་ལ་མཐུན་པོ་དང་། བརྩི་བཀུར། གཅེས་སྐྱོང་། གདེངས་འཇོག རོགས་རམ་བྱེད་པའི་ཀུན་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་ཀྱང་གཏན་ཆགས་སུ་གྲུབ་ཡོད་པས་ན། གསར་དུ་སློབ་ཞུགས་བྱས་པའི་ང་རང་ལ་སྐབས་དེར་ཀུན་སྤྱོད་ཀྱི་ཕྱོགས་ལ་ཤུགས་རྐྱེན་གཏིང་ཟབ་པ་ཐེབས་ཤིང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་རང་ཉིད་ཀྱི་མི་ཚེ་འདིའི་ཀུན་སྤྱོད་ཀྱི་གཞི་ཡང་མ་ཡུམ་སློབ་གྲྭ་འདི་ནས་ཐོག་མར་བཏིངས་ཡོང་བ་བསྙོན་དུ་མེད་ལ། དེ་ཡང་ཡིན་ཏེ། ངའི་མ་ཡུམ་སློབ་གྲྭའི་སློབ་གསོའི་འགོ་རྩོམ་ས་ནི་ཀུན་སྤྱོད་ནས་འགོ་རྩོམ་པ་ནི་ང་རང་སློབ་གྲྭ་འདིའི་མཐར་ཕྱིན་སློབ་མའི་གྲལ་མཐའ་བ་ཞིག་ཡིན་པའི་ཆ་ནས་མྱོང་བ་དངོས་ཀྱིས་བདེན་དབང་གསལ་གསལ་བྱས་ཡོད་དོ།།
༢ ངའི་མ་ཡུམ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ནི་དགེ་སློབ་མཉམ་འདུས་ཀྱི་རྔུལ་ཆུ་ཞིག་ཡིན།
སློབ་སྦྱོང་གི་ཆེད་དུ་དཀའ་སྤྱད་སྡུག་རུས་བྱེད་ཐུབ་རྒྱུ་ནི་མ་ཡུམ་སློབ་གླིང་འདིའི་ཆེས་རྩ་བའི་དམ་བཅའ་རེད་ལ། ང་ཚོ་དགེ་སློབ་གཉིས་མཉམ་གཅིག་ཏུ་མ་ཡུམ་སློབ་གྲྭའི་པང་ཁུག་འདིར་འཛོམས་པའི་མི་སྒེར་རེ་རེའི་དམ་བཅའ་ཡང་རེད། དེ་བས་ང་རང་སློབ་གྲྭ་འདིར་ཐོག་མར་དམའ་རིམ་འཛིན་གྲྭར་ཞུགས་པ་ནས་བཟུང་ལོ་ངོ་བཞིའི་རིང་དུ་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་གཉོར་སྐྱོང་འོག་སློབ་གྲོགས་རྣམས་དང་བརྩོན་པ་མཉམ་གཤིབ་ཀྱིས་སློབ་སྦྱོང་ལ་དཀའ་སྤྱད་ཅུང་བྱེད་ཁུལ་བྱས་པ་ཡིན་ལ། ནམ་རྒྱུན་ནངས་སྔ་ལངས་དང་དགུང་འཕྱི་ཉལ་བྱས་ཏེ་དགེ་རྒན་རྣམ་པས་དཀའ་ཚེགས་འཛེམ་མེད་ཀྱིས་སྒོ་སམ་ངོས་སུ་གཅིག་གཅིག་གཉིས་གཉིས་བྱས་ཏེ་བཏབ་པའི་ཟིན་བྲིས་དང་ཁྲིད་གཞི་བློར་འཛིན་པ་དང་། དཔེ་ཁྲིད་སྐབས་ཀྱི་ལས་བྱ་དག་གཅིག་ཀྱང་ཆད་ལྷག་མེད་པར་ཉིན་རེ་བཞིན་འགྲུབ་པར་བྱས་པར་མ་ཟད། དགེ་རྒན་བཀའ་དྲིན་ཅན་དག་གིས་ཀྱང་ཉིན་རེ་རེ་བཞིན་འཛིན་གྲྭ་རྣམས་ལ་ཇི་འདྲའི་དཔེ་ཁྲིད་མང་བོ་ཞིག་ཡོད་ནའང་ནམ་རྒྱུན་གཅིག་ཀྱང་ཆད་ལྷག་མེད་པར་ཕེབས་པ་དང་། སློབ་མ་རེ་རེའི་ལས་བྱར་ལྟ་བ་དང་བློ་རྒྱུགས་ལེན་པ་སོགས་ཀྱང་ཅུང་ཙམ་ཡང་འགོར་འགྱངས་མེད་པར་རེ་རེ་བཞིན་ནམ་རྒྱུན་དུས་ལྟར་ཡོངས་སུ་འགྲུབ་པར་གནང་བ་དང་། ཐ་ན་དགེ་རྒན་བཀའ་དྲིན་ཅན་དག་ལ་སྐུ་བསྙུང་བཞེས་ཏེ་ལུས་ཀྱིས་ལྕོགས་དཀའ་ཚོད་དུ་འདུག་ནའང་སློབ་མ་རྣམས་ཀྱི་ཆེད་དུ་ཉིན་རྒྱུན་བཞིན་སློབ་ཁྲིད་ལ་གཅིག་ཀྱང་མ་ཆད་པར་ཕེབས་པ་སོགས་ངོ་མཚར་བའི་དགེ་སློབ་གཉིས་ཀྱི་དཀའ་སྤྱད་སྡུག་རུས་ཀྱིས་ད་གཟོད་མ་ཡུམ་སློབ་གླིང་གི་སློབ་གསོའི་བརྒྱུད་རིམ་ནི་འདི་ལྟར་དགེ་སློབ་མཉམ་འདུས་ཀྱི་རྔུལ་ཆུ་ཞིག་ཏུ་གྱུར་སོང་བ་རེད་ལ། དེ་ལྟར་ལས་འབྲས་བསླུ་བ་མེད་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་ལོ་ངོ་ཉི་ཤི་འཁོར་བའི་དུས་དེ་རིང་ལ་སླེབས་དུས། ར་རྒྱའི་སློབ་གྲྭ་ཟེར་ན་སུས་ཀྱང་མི་ཤེས་པ་མེད་པར་ཀུན་ལ་ངོམ་དུ་རུང་བའི་མ་ཡུམ་སློབ་གྲྭའི་གྲུབ་འབྲས་གཡུར་དུ་ཟ་བ་འདི་འདྲ་ཞིག་ལོན་སོང་བའང་རེད།
༣ ངའི་མ་ཡུམ་སློབ་གྲྭའི་སློབ་གསོའི་དམིགས་ཚད་ནི་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བསྐྱེད་བསྲིང་གནང་རྒྱུ་དེ་ཡིན།
སློབ་གྲྭ་རེ་རེའི་སློབ་གསོའི་དམིགས་ཚད་མི་འདྲ་བའི་དབང་གིས་དེའི་སློབ་གསོ་མི་འདྲ་ལ། སློབ་གསོ་མི་འདྲ་བའི་དབང་གིས་དེ་ལས་མཐར་ཕྱིན་པའི་སློབ་མའི་སྤུས་ཚད་དང་དམིགས་ཡུལ་ཡང་མི་འདྲ་བ་རེད། ཡིན་ནའང་ངའི་མ་ཡུམ་སློབ་གྲྭའི་སློབ་གསོའི་དམིགས་ཚད་ནི་རྒྱལ་ཁབ་ཀྱི་བྱ་བ་ཞིག་ལག་ཏུ་ལོན་པར་རེ་བ་དེ་མ་ཡིན་ལ། རིག་གཞུང་ཞིབ་འཇུག་དང་བསམ་་བློ་བའི་མིང་གིས་བསྙད་དེ་དགག་རྩོམ་ཞིག་ཤར་ཤར་འབྲི་ཤེས་རྒྱུ་དེ་ཡང་གཏན་ནས་མ་ཡིན། ཐ་ན་ཁ་ཁུ་སིམ་པོར་ཀུན་མཐུན་གྱི་འཚོ་བ་སྐྱིད་པོ་ཞིག་རོལ་རྒྱུ་དེ་ཡང་ཡེ་ནས་མ་ཡིན་པར། མིའི་རིགས་དང་མི་རིགས་སམ། ཡང་ན་སྤྱི་ཚོགས་དང་རང་གང་དུ་གནས་སའི་ས་ཁོངས་དང་ཁོར་ཡུག་དེ་ལ་ལྷག་བསམ་དཀར་པོའི་ངང་ཐུབ་ཚོད་ནུས་ཚོད་ཀྱིས་ཕན་ཐོགས་པའི་མི་ཞིག་བྱ་རྒྱུ་དེ་རེད། དེ་བས་མདོར་བསྡུས་ན། ཕུགས་ཀྱི་འབྲས་བུ་རྡོག་རྡོག་འདིའི་ཆེད་དུ་དགེ་རྒན་དམ་པ་འཇིགས་མེད་རྒྱལ་མཚན་གྱིས་སློབ་གྲྭ་འདི་ཐོག་མར་གསར་དུ་བཙུགས་པར་མ་ཟད། སློབ་གསོའི་རྨང་གཞི་ཡང་དེ་ལྟར་ཀུན་སྤྱོད་སློབ་གསོ་ནས་རྨང་བཏིངས་པ་ཡིན་ལ། སློབ་གསོའི་བརྒྱུད་རིམ་ཡང་དེ་བཞིན་དཀའ་སྡུག་གི་རྔུལ་ཆུ་དང་བསྡོངས་ནས་ལམ་ལ་བསྐྱོད་པ་ཡིན། དེས་ན་མཇུག་ཏུ་མ་ཡུམ་སློབ་གླིང་གི་ཕུགས་བསམ་བསྐལ་བའི་བར་དུ་རྒྱལ་བར་གྱུར་ཅིག་ཅེས་སློབ་བུ་ངའི་སྙིང་ཁོང་རུས་པའི་གཏིང་ནས་སྨོན་ལམ་རྣམ་དག་འདེབས་པ་ལགས་སོ།།
༢༠༠༡༤ ༣ ༢༦ཉིན་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་ཡུལ་དཔའ་རིས་ནས་མགྱོགས་པར་སྦྱར་རོ།།
|