ང་འཛིན་བདག་བྱས་པའི་མྱོང་ཚོར་ཕྲན་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། » ང་འཛིན་བདག་བྱས་པའི་མྱོང་ཚོར་ཕྲན་བུ།
ང་འཛིན་བདག་བྱས་པའི་མྱོང་ཚོར་ཕྲན་བུ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-09ལྟ་ཀློག (4573)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ང་འཛིན་བདག་བྱས་པའི་མྱོང་ཚོར་ཕྲན་བུ།

-----༢༠༡༡ལོའི་སློབ་ལོ་གཅིག་གི་བྱ་བའི་སྤྱི་སྡོམ།
ཨ་རིག་མཁས་བཟང་།  (མདོ་ལའི་བརྙན་འཕྲིན་ཁང)
ཐོག་མར་གསལ་ཁ་བཅོལ་རྒྱུ་ཞིག་ལ།
གློག་རིག་བརྡ་འཕྲིན་གྱིས་མི་ཡུལ་བདག་ཏུ་འཛིན་པར་བརྩམས་པའི་ད་ལྟའི་དུས་འདིར།    རང་བདག་ཀྱང་ནང་དུ་ཐེ་བའི་གཞུང་ལས་ཁང་གི་ནང་གཡོག་ཚང་མར་རྒྱུན་འབྱམས་སུ་གྱུར་བའི་གོམས་གཤིས་ཤིག་ཡོད་པ་ནི།    གློག་རིག་དྲ་བའི་སྟེང་གི་ཡིག་ཆའི་ཁ་ལུད་རྣམས་གང་འཚམས་སུ་བཏུས་ཏེ་སྲིད་དོན་དང་གཞུང་དོན་དུ་བརྩི་བའི་ཡིག་ཆ་རྫུན་མ་བཟོ་བ་དེ་རེད།   ད་ལོ་ལྟས་དབང་ཞིག་གིས་ཁུལ་དང་རྫོང་།   སློབ་གྲྭ་རིམ་པས་གདམ་ཐོན་བྱུང་སྟེ་ཕྲན་གྱིས་སྐྱོང་ཁུལ་བྱེད་ཀྱིན་པའི་འཛིན་གྲྭ་དང་རང་བདག་སྒེར་ལ2010-2011ལོའི་ཁུལ་ཡོངས་ནས་སློབ་མཇུག་གི་ཕུལ་བྱུང་གཟེངས་རྟགས་ཀྱི་ཆོ་ལོ་ཞིག་སྤྲད་པའི་ཞོར་དུ་རྫོང་རིམ་པའི་འཛིན་བདག་དགེ་རྒན་གྱི་བྱ་བའི་མྱོང་བ་བརྗེ་རེས་བྱ་བའི་འདུ་ཚོགས་ཤིག་བསྡུ་གྲབ་ཡོད་པས།    དེ་ལ་འཛིན་བདག་དགེ་རྒན་གྱི་ཉམས་མྱོང་བརྗོད་པའི་གཏམ་གླེང་རྩོམ་ཐུང་ཞིག་ཀྱང་འབྲི་དགོས་པའི་རེ་བ་ཡང་བཏོན་ཐལ།    ལོ་ངོ་གཅིག་ཙམ་ལ་འཛིན་བདག་བྱས་པའི་ཉམས་མྱོང་ཙམ་གྱིས་འཛིན་བདག་དགེ་རྒན་གྱི་ཉམས་མྱོང་ཟེར་ནས་ཆེན་པོ་ཞིག་བདག་ལ་བརྗོད་རྒྱུ་ག་ལ་ཡོད་དེ།     མེད་མོད་ཀྱང་།     འབྲི་ཚེ་དྲ་ཚིགས་གང་རུང་གི་གད་སྙིགས་བཏུས་ཏེ་རྒྱ་ཡིག་གི་ལམ་ནས་སྐད་ཆ་རོམ་པོ་བརྗོད་པ་ལས་རང་གི་སེམས་ཀྱི་མྱོང་བ་ངོ་མ་བོ་དྲང་མོར་བརྗོད་ན་འོས་པར་འདོད་དེ་སྨྲས་ན །  
བསམ་གཞིག་གསར་བའི་ཚོད་ལྟ་ཡིན་གྱི་ལོ་མང་བརྒལ་བའི་ཉམས་མྱོང་མིན། །
རང་གིས་བྱ་བའི་སྒྲུབ་སྲོལ་ཡིན་གྱི་གཞུང་ལུགས་གང་གི་དགོངས་དོན་མིན། །
ཁོ་བོས་དངོས་བརྒྱུད་དངོས་མྱོང་ཡིན་གྱི་ཐད་ནས་བལྟས་ཏེ་ལབ་པ་མིན། །
མི་བུ་རང་གི་མྱོང་བ་ཡིན་གྱི་གཞན་གྱི་ཁ་ལུད་བཏུས་པ་མིན། །
    ང་རང་སྡོད་སའི་ཕ་ཡུལ་མདོ་ལ་ས་ཁུལ་ནི་བོད་ཁུལ་གཞན་དང་བསྡུར་ཏེ་བལྟས་ན་ཅུང་དམིགས་བསལ་རང་བཞིན་ཅན་གྱི་ས་ཆ་ཞིག་རེད།     ཅིའི་ཕྱིར་ཟེར་ན།  ས་ཆ་འདི་རུ་མི་རིགས་མང་བོ་གཞི་གཅིག་ཏུ་འདུས་སྡོད་བྱས་ཡོད་པར་མ་ཟད་བོད་ཁུལ་ཡོངས་གྱི་མཐའ་མཚམས་སུ་ཡོད་པའི་བོད་རིགས་མི་གྲངས་ཉུང་བའི་ས་ཁུལ་ཞིག་རེད།   དེའི་ཕྱིར་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་དུས་རབས་ཉེར་གཅིག་མགོར་སླེབས་རེག་བར་དུ་བོད་སྐད་ཡིག་སློབ་གསོའི་གནས་བབ་ནི་རྒུད་པ་ནས་ཉམས་པའི་གནས་སུ་བསྐྱོད་ཅིང་།    སྐབས་དེའི་གཞོན་རབས་པ་སྐོར་ཞིག་གིས་བོད་ཡིག་ཕར་ཞོག་བོད་སྐད་ཀྱང་རྒྱག་མི་ཤེས་པའི་ཚད་དུ་སླེབས་པར་མཐོང་།   ལྷག་པར་དུ་ངེད་མདོ་ལ་རྫོང་མི་རིགས་སློབ་འབྲིང་ལྟ་བུར་མཚོན་ན་མི་རིགས་མང་བོའི་སློབ་མ་འདུས་སྡོད་བྱས་ཏེ་སློབ་གསོ་མྱོང་སའི་གནས་ཤིག་ཡིན་ལ།    དེའི་ནང་གི་ངས་སྐྱོང་བཞིན་པའི་འཛིན་གྲྭ་ནི་བོད་ཡིག་འཛིན་གྲྭ་ཞིག་ཡིན།    བོད་ཡིག་འཛིན་གྲྭ་འདིའི་སློབ་མའི་ཡོང་ཁུངས་ནི་གཞི་རིམ་གྱི་འབྲོག་ས་རྐྱང་རྐྱང་ཡིན་པས་སློབ་མའི་ཁྱིམ་ཚང་གི་སློབ་ གསོ་དང་སློབ་ཆུང་དུས་ཀྱི་སློབ་གསོ་གཉིས་ཀའི་ཆ་གཞན་དང་བསྡུར་ན་ཧ་ཅང་རྗེས་ལུས་སུ་འཁུམས་སོ།  །    དེའི་ཕྱིར་དམིགས་བསལ་ཅན་གྱི་སློབ་མ་འདིའི་རིགས་སྐྱོང་བ་ལ་དམིགས་བསལ་གྱི་བསམ་གཞིག་དང་དམིགས་བསལ་གྱི་ཐབས་སྤྱོད་རྒྱུ་ནི་གལ་ཆེ་བར་སྙམ་ནས་བདག་གིས་ཀྱང་སེམས་ཀྱིས་འཛིན་པའི་ཐབས་ལམ་དང་།   ཐབས་ཀྱིས་ཐབས་སྐྱེད་པའི་ཐབས་ལམ།   སྤྲོ་བས་སྤྲོ་བ་སྐྱེད་པའི་ཐབས་ལམ་བཅས་ཕྱོགས་གཙོ་ས་གསུམ་གྱི་སྒོ་ནས་འཛིན་གྲྭ་ཞིག་བསྐྱངས་པ་ཡིན། སྤྱིར་འཛིན་བདག་དགེ་རྒན་ནི་གནམ་འོག་གི་ཆེས་ཆུང་བའི་དཔོན་པོ་རེད་མོད།    སློབ་མ་ཞིག་ལ་མཚོན་ན་འཛིན་བདག་དགེ་རྒན་བཟང་ངན་གྱིས་ཁོའི་མ་འོངས་པའི་མི་གཞིའི་བཟང་ངན་ལ་ཤན་ཤུགས་ཆེན་པོ་འཇོག་གིན་ཡོད་ཅིང་།     འཛིན་བདག་དགེ་རྒན་ཞེས་པའི་གནམ་འོག་གི་ཆེས་ཆུང་བའི་དཔོན་པོ་འདིས་གནམ་འོག་གི་ཆེས་ལྕི་བའི་འགན་འཁྲི་ཞིག་ཕྲག་ཏུ་བླངས་ཡོད་པས།       ལས་གནས་འདིའི་ཕྱིའི་རྣམ་པ་ཆུང་ཡང་ནང་གི་དགོས་དོན་ནི་ཧ་ཅང་གནད་ཆེ་བར་སེམས་སོ། །    སློབ་གསོ་བ་ཞིག་ལ་མཚོན་ན་སློབ་གསོ་ནི་མ་གཞི་ནས་མི་རྣམས་ལེགས་ལམ་དུ་འཁྲིད་པའི་ཐབས་ལམ་ཞིག་ཏུ་ངོས་འཛིན་དགོས་པ་ལས་བདེན་པའམ་ཚད་མ་རྐྱང་རྐྱང་གི་ངོས་ནས་གོ་བ་བླངས་ན་མི་འགྲིག་པར་འདོད་པས།     ངས་འདིར་ཐབས་ལམ་གཙོར་བཟུང་སྟེ་བརྗོད་རྒྱུ་ཡིན།
གཅིག    སེམས་ཀྱིས་སེམས་འཛིན་པའི་ཐབས་ལམ། 
   འོ་ན་ཅི་འདྲ་ཞིག་ལ་སེམས་ཀྱིས་སེམས་འཛིན་པའི་ཐབས་ལམ་ཟེར་ཞེ་ན།     དེ་ཡང་ང་རང་བོད་ཡིག་སྦྱོང་མྱོང་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རིག་གནས་ལས་བདག་ལ་བྱིན་པའི་ཤན་ཤུགས་ཤིག་སྟེ།    སེམས་གཙོ་བོར་འཛིན་པ་དེ་རེད།     རང་ཉིད་ཆུང་དུས་ཀྱི་མྱོང་བ་དང་ལོ་ན་ཕྲ་བའི་སློབ་མ་མང་ཕྱོགས་ཤིག་ལ་བལྟས་ནས་བཤད་ན།   ཁོ་ཚོ་ཁྱིམ་གྱི་ཕ་མ་དང་བྲལ་ཏེ་སློབ་གྲྭར་ཡོང་བ་དེས་མགོན་མེད་སྐྱབས་མེད་ལྟ་བུའི་གནོན་ ཤུགས་ཤིག་སྤྲད་ཡོད་པ་ཤེས་ཐུབ་ཅིང་།   གནས་སྐབས་དེ་ལྟ་བུའི་འོག་ཏུ་སློབ་མ་ཞིག་ལ་མཚོན་ན་ཆེས་མཁོ་བ་ཕ་མ་ལྟ་བུའི་རྒྱབ་དཔུང་ཞིག་གིས་ཁོ་ཚོའི་སེམས་ལ་དྲོད་འཇམ་གྱི་བྱིལ་བྱིལ་བྱ་རྒྱུ་དེ་རེད།    འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན་གོ་སྐབས་དེ་ལྟ་བུ་དམ་འཛིན་བྱས་ཏེ་སྙིང་ཉེ་བའི་སློབ་གསོ་གཏོང་བའམ།     ཡང་ན་སློབ་གྲྭའི་ནང་དུ་དགེ་རྒན་ལ་ཕ་མའི་འདུ་ཤེས་བཟུང་སྟེ་སྐྱིད་སྡུག་ཅི་ཡང་བཅོལ་ཆོག་པའི་ཁ་བརྡ་དང་བྱ་འགུལ་སྣ་ཚོགས་སྤེལ་ཅིང་།  སློབ་མ་སེམས་འགུལ་ཐེབས་པའི་བྱེད་ཐབས་མང་བོ་སྤྱད་དེ་སེམས་ཁྱེར་ནས་སློབ་མའི་སེམས་འཛིན་པ་ནི་བདག་འཛིན་བདག་བྱས་པའི་སྐབས་ཀྱི་བྱ་ཐབས་དང་བོ་ཡིན།    སློབ་མའི་སེམས་འཛིན་པའི་ཐབས་ལམ་ལ་ཡང་རིགས་མང་སྟེ།   སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་སྦྱང་སྟོབས་ཀྱིས་ཡོན་ཏན་དང་འཆད་ཁྲིད་སྨྲ་བརྗོད་ཀྱིས་སློབ་མའི་ཡིད་སེམས་འདྲེན་པ་དང་། དུས་རྒྱུན་དུ་དགེ་རྒན་གྱི་མི་གཞི་དང་ཀུན་སྤྱོད་གཙང་མས་སློབ་མའི་ཡིད་སེམས་འདྲེན་པ་སོགས་ཡོད།   གལ་ཏེ་དེ་ལས་ལྡོག་སྟེ་སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་འཆད་ཁྲིད་ཆུ་ཚད་དམའ་བ་དང་།   དུས་རྒྱུན་དགེ་རྒན་ལ་དུས་ཚོད་ཀྱི་འདུ་ཤེས་དང་མི་གཞིའི་རྩ་དོན་གང་མེད་པར་བྱ་བ་གང་བྱུང་དུ་བསྒྲུབ་ཚེ་སློབ་མའི་ཡིད་སེམས་འགུག་པའི་རེ་བ་སྟོང་ཟད་དུ་འགྲོ་བ་སྨོས་ཅི་དགོས།     ལྷག་པར་དུ་འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན་བྱ་བ་ཅི་བྱས་ཕྱོགས་རེས་ཡོད་མི་ཉན་ལ་རང་ཉིད་རང་གི་དགའ་སྐྱོ་ཆགས་སྡང་གི་དབང་དུ་གྱུར་ནས་གང་བྱུང་ལྟར་དབང་ཆ་ཡོད་པའི་ཚོད་ཀྱིས་སློབ་མར་སྡིགས་དམོད་དང་གཅར་རྡུང་རྩ་བ་ནས་བྱ་མི་རུང་།   དེའི་ཕྱིར་འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན་གཞུང་དོན་དང་མི་སྒེར་གྱི་ དགའ་སྐྱོ་ཆགས་སྡང་གཉིས་ནམ་ཡང་སོ་སོར་དགར་དགོས།  གལ་ཏེ་ཁྱོད་རང་ལེགས་འགྲུབ་འབྱུང་བའི་འཛིན་བདག་དགེ་རྒན་ཞིག་བྱ་དགོས་ན།  ཐོག་མར་སློབ་མའི་སེམས་ཀྱི་འཛིན་བདག་བྱ་རྒྱུ་ནི་རྩ་བའི་རྨང་གཞི་ཡིན་པར་མཐོང་།     སློབ་མའི་སེམས་འཛིན་མ་ཐུབ་ཚེ་ཕྱི་ཚུལ་ནས་སློབ་མར་གཅར་རྡུང་བྱས་ཏེ་འཇིགས་སྐུལ་བཏང་ཡང་གྲུབ་འབྲས་ཡག་པོ་འབྱུང་ས་མ་རེད། ཁྱོད་ཀྱིས་སློབ་མ་སེམས་ཟིན་པའི་སྐབས་ནས་སློབ་མར་སློབ་སྦྱོང་དང་སྒྲིག་ལམ་གང་གི་ཐད་ནས་རེ་བ་ཅི་ཞིག་བཏོན་ཡང་ཁོ་ཚོས་དགའ་མགུ་ཡི་རང་སྒོས་དང་ལེན་བྱ་བར་མ་ཟད་ཁྱོད་ཀྱི་སྤྱོད་སྟངས་གང་ལ་ཡང་ཁོ་ཚོས་ཡིད་སྨོན་བྱ་ངེས་སོ། །    དེའི་ཕྱིར་འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན་ཡོན་ཚད་མཐོར་འདེགས་དང་མི་གཞི་ལེགས་བཅོས།     བདག་བས་གཞན་གཅེས་བྱས་ཏེ་ཕན་སེམས་ཀྱིས་སློབ་མའི་སེམས་འཛིན་པ་ནི་སློབ་སྦྱོང་འཛིན་པ་དང་།    སྒྲིག་ལམ་འཛིན་པ་སོགས་འཛིན་པ་ཀུན་གྱི་རྩ་བ་རེད་སྙམ་མོ། །
གཉིས།   ཐབས་ཀྱིས་ཐབས་སྐྱེད་པའི་ཐབས་ལམ།
     སྐབས་འདིར་བརྗོད་པའི་ཐབས་ཀྱིས་ཐབས་སྐྱེད་པའི་ཐབས་ལམ་ཞེས་པ་ནི་གཙོ་བོ་དམངས་གཙོའི་ཐབས་བཀོད་དེ་འཛིན་གྲྭའི་ལས་འཛིན་པ་འདེམས་ པ་དང་།    འཛིན་གྲྭའི་ལས་འཛིན་པ་དག་ལ་ཡང་ཐབས་ལམ་སྣ་ཚོགས་སྤྱད་དེ་འཛིན་གྲྭའི་བྱ་བ་སྒྲུབ་ཐབས་སྐོར་གྱི་ཐབས་ལམ་མང་བོ་མཛུབ་སྟོན་བྱ་དགོས་པ་དེ་ལ་བྱའོ། །       འཛིན་གྲྭ་ནི་མི་སྣ་བཟང་ངན་མི་འདྲ་བ་སྣ་ཚོགས་འདུས་པའི་ཚོགས་པ་ཞིག་རེད།    ཚོགས་པ་ཞིག་ལ་མཚོན་ན་སྤྱི་མཐུན་གྱི་རྩ་འཛུགས་དང་སྒྲིག་ལམ། འགན་སྲུང་སོགས་ཆ་ཚང་དགོས་ལ།       འཛིན་གྲྭའི་བྱ་བ་སོ་སོའི་འགན་སྲུང་གི་ཁུར་བོ་དེ་འཛིན་བདག་དགེ་རྒན་གཅིག་པུས་ཁུར་ན་སླ་མོ་ཞིག་མ་ཡིན་ལ།    དེ་ཡང་གྲལ་རིམ་འགན་བདག་གི་སྒྲིག་གཞིའི་རྩ་འཛུགས་འཐུས་སྒོ་ཚང་བ་ཞིག་དགོས་ཏེ།     ཐོག་མར་འཛིན་གྲྭའི་ལས་འཛིན་པ་འདེམས་སྐབས་སློབ་སྦྱོང་གི་ཆ་དང་མི་གཞིའི་ཆ།  ནུས་པའི་ཆ་སོགས་ཕྱོགས་ཡོངས་ནས་སློབ་མ་ཀུན་པོས་ཁས་ལེན་པ་ཞིག་འདེམས་དགོས་ལ།     བདམས་ཐོན་བྱུང་བའི་ལས་འཛིན་པ་དག་ལ་ཡང་དུས་ཚོད་ངེས་ཅན་ཞིག་སྤྱད་དེ་འཛིན་གྲྭའི་འགན་བདག་བྱ་ཐབས་ཀྱི་མཛུབ་སྟོན་ཡག་པོ་ཞིག་བྱ་དགོས།  དཔེར་ན་བྱ་བ་སྒྲུབ་དུས་ཁོག་རྒྱ་ཆེ་དགོས་པ་དང་དྲང་བདེན་གཙིགས་སུ་འཛིན་པ།     ཐུན་མོང་གི་བསམ་ཚུལ་ལ་ཉན་ཏེ་དམངས་གཙོ་གཙིགས་འཛིན་བྱེད་པ།      མི་བུ་རང་བདག་ལ་སྒེར་ཚུགས་དང་རྩ་དོན་དགོས་པ།    ཕྱོགས་རེས་ཡོད་མི་རུང་བ།    བྱ་བ་ཐོག་མར་རང་ཉིད་ནས་མགོ་རྩོམ་ཐུབ་དགོས་པ།        བྱ་བ་གང་ཡང་ཨུ་ཚུགས་ཀྱིས་མི་བསྒྲུབ་པར་ཐབས་ལ་བརྟེན་དགོས་པ།   སློབ་སྦྱོང་དང་མི་གཞི། ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་གཞན་གྱིས་ཁས་ལེན་པ་ཞིག་བྱ་དགོས་པ་སོགས་ཀྱི་མཛུབ་  སྟོན་དང་སློབ་གསོ་གཏོང་དགོས།     དེ་ལྟར་འཛིན་གྲྭའི་ལས་འཛིན་པ་རྣམས་ཐབས་ཀྱིས་བསྐྱངས་པ་ལེགས་འགྲུབ་བྱུང་ཚེ་དུས་རྒྱུན་གྱི་འཛིན་གྲྭའི་བྱ་གང་ཞིག་བྱས་ཀྱང་འཛིན་བདག་དགེ་རྒན་གྱིས་ངལ་བ་ཆེར་མྱོང་དགོས་དོན་མེད་པར་མཐོང་ངོ་། །
གསུམ།  སྤྲོ་བས་སྤྲོ་བ་སློང་བའི་ཐབས་ལམ།
  ཡོན་ཏན་ཀུན་གྱི་རྩ་བ་སྤྲོ་སེམས་ལ་ཐུག་ཡོད་ཅིང་།  སྤྲོ་བ་ནི་ཆེས་བཟང་བའི་དགེ་རྒན་ཡིན་ཞེས་པ་དེ་ཤིན་ཏུ་མད་དོ། །   དགེ་རྒན་ལ་སློབ་མ་སྐྱོང་བའི་སྤྲོ་བ་ཡོད་པ་དེ་ནི་སློབ་མ་ལ་སློབ་སྦྱོང་བྱེད་པའི་སྤྲོ་བ་ཡོད་པའི་རྩ་བ་ཡིན་ལ།    དགེ་རྒན་ཞིག་ལ་མཚོན་ན་ལྷག་པར་དུ་འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན་ཐད་ཀར་དུ་སློབ་སྦྱོང་བྱོས་ཟེར་ནས་གནས་ལུགས་ཁོ་ན་བཤད་རྒྱུ་དེ་གཙོ་བོ་མིན་ལ།    སློབ་མའི་ན་ཚོད་དང་དུས་བསྟུན་དགའ་ཕྱོགས་སོགས་ཀྱི་གནས་བབ་ལ་གཞིགས་ཏེ་ཕྱོགས་ཡོངས་ནས་སློབ་མའི་དགའ་ཕྱོགས་དང་སྤྲོ་བ་སྐྱེད་བསྲིང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་རིགས།   དཔེར་ན།  རྩྭ་ཐང་དྲན་གླུ་ལྟ་བུའི་སློབ་ཚན་ཞིག་བློར་འཛིན་དགོས་ན།   དེ་ཐད་ཀར་དུ་བློར་འཛིན་དགོས་ན་སློབ་མར་སྤྲོ་བ་མེད་ཅིང་།  རྡུང་ལེན་ནམ་གླུ་དབྱངས་གང་རུང་གི་དབྱངས་རྟའི་ནང་དུ་བཞག་ནས་བློར་འཛིན་དུ་བཅུག་ན་ཁོ་ཚོར་དགའ་བོ་ཡོད་པས་བློར་འཛིན་སླ་བ་ལྟ་བུ་རེད།  ཡང་ན་མཐུན་སྒྲིལ་ལྟ་བུར་མཚོན་ན་ཡང་།   འཛིན་གྲྭའི་ཚོགས་འདུ་བསྡུས་མཐུན་སྒྲིལ་དགོས་རབས་ཀྱི་གནས་ལུགས་དང་གཞུང་ལུགས་འཆད་པ་དེ་ཐབས་ལམ་ཡག་པོ་མ་རེད།   དེ་ཡང་སློབ་མའི་སྤྲོ་བ་དང་བསྟུན་ནས་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་དེ་གལ་ཆེན་པོ་རེད།      སློབ་གསོའི་དམིགས་ཡུལ་ནི་གྲུབ་འབྲས་ཏེ་སློབ་མ་དེ་མི་ག་འདྲ་ཞིག་ཆགས་རྒྱུ་དེ་གཙོ་བོ་ཡིན་པས། སློབ་གསོ་ཐད་ཀར་བ་གཏོང་བ་རྒྱུན་འབྱམས་སུ་སོང་བས་སློབ་མར་སྤྲོ་བ་ཆེན་པོ་མི་འདུག་ལ།   དཔེ་བཞག་ན་སློབ་ཁང་དུ་འགྲོ་བ་དམིགས་ཡུལ་ཡིན་ཡང་།   ཐད་ཀར་དུ་སློབ་ཁང་དུ་འགྲོ་ཟེར་བའི་སྐད་ཆ་སྐམ་པོ་དེ་མི་བཤད་པར་ཁོ་ཚོའི་དགའ་ཕྱོགས་དང་སྤྲོ་བར་མཐུན་པའི་སྒོ་ནས་སློབ་ཁང་དུ་འཁྲིད་པ་ལྟ་བུ་ནི་ཐབས་ཡག་པར་སྙམ།  མདོར་ན།  འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་སྙིང་སྟོབས་དང་སྤྲོ་སེམས་ཡར་མ་བྱས་པར་སློབ་གསོ་ཡག་པོ་འཛིན་མེད་པས་སློབ་མའི་དགའ་ཕྱོགས་དང་སྤྲོ་སེམས་ལ་དོ་སྣང་བྱས་ཏེ།  སྤྲོ་སེམས་དེ་བེད་སྤྱད་ནས་སློབ་མ་ལེགས་ལམ་དུ་སྐུལ་བ་ནི་ཐབས་དམ་པ་རེད་དོ་སྙམ་ཡོད།   
མཇུག་ཏུ་སྨྲ་རྒྱུ་ཞིག་ལ། 
༡སློབ་གསོ་གཏོང་བ་ལ་གཡོ་སྒྱུ་ལྟ་བུའི་ཐབས་ལམ་སྣ་ཚོགས་སྤྱོད་དགོས་པ་དེ་ལ་རྒྱུ་མཚན་ཞིག་འདུག་སྟེ།   སློབ་གསོ་ནི་མི་རྣམས་ལེགས་ལམ་དུ་སྐུལ་བྱེད་ཀྱི་ལག་ཆ་ཅིག་ཡིན་པ་ལས་གཏན་ཚིགས་སམ་མཚན་ཉིད་རིག་པའི་གཞུང་ལུགས་ཤིག་མིན་པས་སོ། ། 
༢འཛིན་བདག་དགེ་རྒན་བྱེད་པ་ལ་བྱ་བའི་ཉམས་མྱོང་རྙིང་བ་གཅིག་གིས་མི་ཆོག་སྟེ། དུས་འགྱུར་གྱི་དབང་གིས་སློབ་མའི་རབས་ཐེངས་རེ་རེ་ལ་རིགས་མི་འདྲ་བའི་སློབ་མའི་བསམ་བློའི་ཀུན་སྤྱོད་རེ་རེ་ཡོད་པས་སོ། ། དཔེར་ན་དགེ་རྒན་ཕལ་ཆེར་བར་སྔོན་གྱི་སློབ་མ་རྣམས་ཡ་རབས་ཡིན་ཚུལ་དང་ད་ལྟའི་སློབ་མ་རྣམས་ལ་བཀོད་པ་མེད་ཚུལ་རེ་བཤད་རྒྱུ་ཡོད་པ་དེ་ཡང་དེ་ལ་འབྲེལ་བ་ཡོད། 
༣འཛིན་བདག་དགེ་རྒན་གྱི་བྱ་བ་ནི་གནམ་འོག་གི་ཆེས་གཟབ་ནན་བྱ་དགོས་པའི་དོན་ཆེན་ཞིག་ཡིན་ལ། དེ་ལ་འཐུས་ཤོར་བྱུང་ནས་མི་འཛིན་གྲྭ་གང་འཕྲོ་བརླག་ཏུ་བཏང་ཚེ།  ཁྱོད་རང་མི་གསོད་ལག་དམར་ནང་ནས་ཀྱང་མི་མང་བོ་བསད་པའི་ལག་དམར་ཞིག་དང་ཁྱད་པར་མེད། 
༤འཛིན་གྲྭ་ཞིག་གི་སྒྲིག་ལམ་དང་སློབ་སྦྱོང་ཇེ་སྡུག་ཏུ་འགྲོ་བའི་སྐབས་སུ།      འཛིན་བདག་གིས་ཐད་ཀར་དུ་འཛིན་གྲྭའི་ཚོགས་འདུ་མི་བསྡུ་བར་ཐོག་མར་རང་ཉིད་ལ་ཚོགས་འདུ་འཚོགས་རྒྱུ་དེ་གལ་ཆེན་པོ་ཡིན།
༥འཛིན་བདག་དགེ་རྒན་གྱི་བྱ་བ་དེ་གལ་ཆེ་ཞིང་།   བོད་ཀྱི་ཡིག་རྩོམ་གར་སྟེགས་སུ་ཕན་ཚུན་ལ་དགག་རེས་དམོད་རེས་བྱེད་པ་ལས་འདིའི་སྐོར་གྱི་གླེང་བརྗོད་ཧ་ཅང་ཉུང་བར་དམིགས་ནས།     རང་གི་མྱོང་བ་དམར་དམར་བོ་དྲང་བརྗོད་བྱས་པ་ཡིན་ལགས། 
ཚིག་གི་ཚོགས་པ་ཉུང་ཡང་མྱོང་བ་མང་། །
ལུང་འདྲེན་སྐྱབས་བཅོལ་ཉུང་ཡང་ལྟ་ཞིབ་མང་། །
འཛིན་བདག་ཅིག་གི་མྱོང་བ་ཉུང་བརྗོད་འདི། །
སུས་ཀྱང་མི་གོ་འཛིན་བདག་བྱས་ན་གོ །  

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjcp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   ང་འཛིན་བདག་བྱས་པའི་མྱོང་ཚོར་ཕྲན་བུ།   སྤེལ་མཁན།: བོད་ཀྱི་མི། སྤེལ་དུས:2015/8/18
དཔྱད་རྩོམ་འདིའི་རིགས་ང་ཚོར་དགོས་གལ་ཆེ། བཀའ་དྲིན་ཆེ།
abortion photos teenage abortion statistics when can you terminate a pregnancy
why do married men cheat wives that cheat women affair
prescription discount codes rite aid photo coupon code rx discounts
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23580904
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།