བསླབ་བྱ་སྙིང་གི་འོད་སྣང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 9 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »བསླབ་བྱ་སྙིང་གི་འོད་སྣང་།
བསླབ་བྱ་སྙིང་གི་འོད་སྣང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-08ལྟ་ཀློག (3368)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       བསླབ་བྱ་སྙིང་གི་འོད་སྣང་།
བཛྲ་ཚུལ་ཁྲིམས་རྒྱ་མཚོ། 

མགོན་རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་གཏེར།།
ཕ་བླ་མ་གཙུག་གི་རྒྱན་དུ་མཆོད།།
ངག་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་རློབས།།
སུས་ཐོས་ནའང་རྒྱུད་ལ་ཕན་པར་སྨོན།།
 ང་རང་གི་གཤིས་རྒྱུད་མ་ཐུལ་བར།།
མི་གཞན་རྒྱུད་འདུལ་བའི་བསླབ་བྱ་དེ།།
ནང་སེམས་པ་འཕྱོ་བའི་སྨྱོན་པ་ཡིན།།
སྲབ་མེད་པར་རྟ་རྒོད་འདུལ་བ་བཞིན།།
གོང་དམ་པས་གཟིགས་ན་ཐུགས་ཁྲེལ་ཞིང་།།
བར་མཁས་པའི་བཞད་གད་རྒྱུར་འགྱུར་ཡང་།།
བློ་ཆོས་ལ་མོས་པའི་སློབ་བུ་ཞིག།
ལན་གཅིག་མིན་ཡང་ཡང་ནན་བསྐུལ་བས།།
ལྷ་མཆོག་གསུམ་སྙིང་ནས་མ་བོར་ཞིང་།།
རྗེ་བླ་མར་དད་པ་མ་འགྱུར་བ།།
དུས་སྙིགས་མའི་བཙུན་གཟུགས་ཁོ་བོའི་ཡིད།།
མདངས་རབ་དཀར་འོ་མཚོ་བསྲུབ་དགོས་བྱུང་།།
ལམ་ཆེ་ཆུང་ཀུན་གྱི་སྒོ་གཅིག་བུ།།
མགོན་བཤེས་གཉེན་དད་པས་གཙུག་ཏུ་བཀུར།།
དུས་དེང་སང་བླ་མར་སྐུར་འདེབས་མཁན།།
ཕུགས་ངན་སོང་འཚོལ་རྣམས་རྒྱང་དུ་དོར།།
ཁས་བླངས་པའི་དམ་ཚིག་སྡོམ་པ་ཀུན།།
སེམས་མངོན་ལྐོག་མེད་པར་སྲུངས་དང་བདེ།།
ཚེ་འདི་སྣང་ཙམ་གྱི་བདེ་བའི་ཕྱིར།།
ཡུན་བསྐལ་བའི་བསྐལ་བར་སྡུག་བསྔལ་བ།།
བསམ་མི་ཤེས་བླུན་པོས་བསྔགས་ན་ཡང་།།
ཟས་ཁམ་གང་རོལ་བའི་བདེ་དགའ་དང་།།
ནོར་རིན་ཆེན་དབང་རྒྱལ་མཆོད་པ་གཉིས།།
ཕུགས་གང་ཡོད་དཔྱོད་ཅིག་རིགས་ཀྱི་བུ།།
ཆོས་བྱེད་འདོད་སེམས་ལ་བཞག་ན་ཡང་།།
ཐུན་གཅིག་ཀྱང་ཉམས་ལེན་མ་བྱས་པར།།
ལོ་ཟླ་བ་ཟད་ནས་ལྔ་ལམ་དུ།།
འགྲོ་རན་དུས་འགྱོད་པས་གདུང་བ་མང་།།
དེའི་གཉེན་པོར་དལ་འབྱོར་རྙེད་དཀའ་དང་།།
ཚེ་མི་རྟག་འཇིག་སླའི་ངང་ཚུལ་སྒོམས།།
དགྲ་འཆི་བདག་ཕོ་ཉའི་བང་ཁ་དང་ནས།།
ལག་གང་སྔ་བརྩད་ནས་དགེ་ལ་འབུངས།།
འཆི་མི་དགོས་འདུག་ཐབས་གཏན་མེད་ཅིང་།།
དུས་ནམ་འཆིའི་ངེས་པ་སུ་ཡིས་ཟིན།།
འཆི་རན་དུས་སྐྱིད་སྡུག་ལས་ལ་ཐུག།
ལས་དགེ་སྡུག་བླང་དོར་ད་ནས་གྱིས།།
སེམས་གདོན་གྱིས་ཟིན་པའི་ཅོལ་ཆུང་འགས།།
ལས་རྒྱུ་འབྲས་མེད་ཅེས་ཀུ་ཅོ་འདོན།།
སྡུག་རྣམ་སྨིན་སྟེང་དུ་བབ་ཚེ་འགྱོད།།
འགྱོད་མི་དགོས་ཐབས་ཤིག་ད་ནས་རེམས།།
སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་ཀྱང་།།
གང་འདོད་དུ་མ་གཏོང་དྲན་ཤེས་ཀྱིས།།
སེམས་ཟིན་པར་བྱོས་ལ་རང་གཞན་ཀུན།།
ཕུགས་གནོད་པར་སྦྱོར་དེ་སྤང་བར་བྱ།།
ཕན་ངེས་པའི་རྒྱུ་རུ་གང་འགྲོ་བ།།
བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་གི།
རྩིས་ཟིན་པར་གྱིས་ལ་དགེ་སྦྱོར་རྣམས།།
རྒྱ་ཆེན་པོར་འགྲོ་བའི་ཐབས་ལ་འབོད།།
ཕྱི་དགྲ་འདྲེ་གདོན་གྱི་བར་ཆད་དང་།།
ནང་འདུ་བ་འཁྲུགས་པའི་ན་ཚ་སོགས།།
ཅི་བྱུང་ཡང་ལམ་དུ་འཁྱེར་ཤེས་ན།།
ལམ་སྒྲུབ་པའི་གེགས་སུ་མི་འགྱུར་ཞིང་།།
ཆོས་དགེ་བའི་བོགས་འབྱིན་ཆེན་པོར་འགྱུར།།
དུས་སྙིགས་མ་ལྔ་བདོའི་སྨག་རུམ་དུ།།
རྐྱེན་བར་ཆད་ངན་པའི་རུ་འཛིངས་པ།།
ལམ་གྲོགས་སུ་འཁྱེར་ཤེས་གདམས་པའི་མཆོག།
དུས་ཀུན་གྱི་སྙིགས་མའི་སྙིགས་མ་དང་།།
མགོན་རྒྱལ་བསྟན་དར་བའི་མཐའ་མ་འདིར།།
ཆོས་ཚིག་བཞི་ཙམ་ཡང་ལྷག་བསམ་གྱིས།།
གཞན་རྒྱུད་ལ་ཞོག་ན་ཕན་ཡོན་ཆེ།།
ཡུལ་དབུས་ལས་མཐའ་འཁོབ་སེམས་ཅན་ལ།།
ཆོས་གང་འཚམ་བསྟན་ནས་ཕན་བཏགས་ན།།
དེ་བསོད་ནམས་ཕུང་བོ་ཚད་མེད་དུ།།
གསུངས་ཚད་མས་བསྔགས་པ་ཡིད་ལ་ཟུངས།།
དུས་དེང་སང་ཐོས་པ་བྱེད་མཁན་ཉུང་།།
ཆོས་ཐོས་ཀྱང་ནང་དོན་ཤེས་པ་དཀོན།།
གང་ཤེས་པ་རྒྱུད་ལ་སྦྱོར་མཁན་དེ།།
ཉིན་གུང་གི་སྐར་མ་ཇི་བཞིན་དཀོན།།
རྗེ་བླ་མ་མཚན་ཉིད་ཚང་བའི་དྲུང་།།
ཁུངས་རྣམ་དག་གཞུང་ལ་ཐོས་བསམ་བྱོས།།
གང་ཐོས་དོན་རང་གི་རྒྱུད་ལ་སྦྱོར།།
གྲོགས་སྐལ་མཉམ་གཞན་ཡང་དེ་ལ་ཁོད།།
ལས་འདི་བཞིན་བྱུང་ན་ཆོས་པ་ཡིན།།
ཆོས་དེ་ལྟར་སྒྲུབ་ན་བསྟན་འཛིན་ཡིན།།
འཛིན་ཤེས་ན་ལ་རྒྱ་བཟུང་བ་ཡིན།།
གཡོ་མེད་པའི་ལ་རྒྱ་ཟུངས་ཤིག་བུ།།
     ཞེས་པ་འདི་ནི་སློབ་བུ་ས་སྒང་འཇམ་དབྱངས་མཁྱེན་རབ་ཀྱིས་ཡང་ཡང་ནན་གྱིས་བསྐུལ་བའི་ངོ་མ་བཟློག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིགས་སྨྲ་ཡོངས་ཀྱི་གྲལ་མཐའ་བ།  རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་་དགེ་མིང་འཛིན་པ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས་སྤྱི་ལོ་ཉིས་སྟོང་བདུན་གྱི་ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་སློབ་གླིང་དུ་ཡོད་པའི་རང་ཤག་ཏུ་བྲིས་པ་འདིས་ཀྱང་སྐལ་བ་མཉམ་པའི་ཆོས་གྲོགས་རྣམས་ཆོས་ལ་སྐུལ་བར་ཤོག་ཅིག།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23596039
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།