སློབ་གྲྭའི་སློབ་གསོའི་ཐད་ཀྱི་གཏམ་བརྗོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »སློབ་གྲྭའི་སློབ་གསོའི་ཐད་ཀྱི་གཏམ་བརྗོད།
སློབ་གྲྭའི་སློབ་གསོའི་ཐད་ཀྱི་གཏམ་བརྗོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-08ལྟ་ཀློག (3815)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གྲྭའི་སློབ་གསོའི་ཐད་ཀྱི་གཏམ་བརྗོད་ཕྲན་བུ།

ཆོས་སྒར། སྦྱིན་པ་རྒྱ་མཚོ།


ལྷག་བསམ་པད་དཀར་འཛུམ་པའི་ཁང་བཟང་དུ།།

རྣམ་དཔྱོད་མཁྱེན་བརྩེའི་འོད་སྣང་འབུམ་འཕྲོ་བ།།

གདུལ་བྱ་རྒྱ་མཚོ་སྐྱོང་བའི་མགོན་གཅིག་བུ།།

དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་རྒྱལ།།


ཟབ་ཡངས་མཁྱེན་པའི་དཀྱིལ་འཁོར་རབ་རྫོགས་ཤིང་།།

ཕུལ་བྱུང་འཆད་རྩོད་རྩོམ་པའི་འོད་སྣང་གིས།།

ཡང་དག་སློབ་གསོའི་དགའ་ཚལ་སྐྱོང་བའི་གཉེན།།

འཕགས་བོད་ལོ་པཎ་མ་ལུས་ཕྱག་གི་ཡུལ།།


        སྤྱིར་རྨོངས་རྟུལ་གྱི་འདམ་དུ་བྱིང་ཞིང་སྒྱིད་ལུག་དང་རྣམ་གཡེང་གི་དབང་དུ་གྱུར་བ་བདག་ལ་མཚོན་ན་སློབ་གསོའི་སྐོར་གླེང་བ་ནི་མཁའ་ལྡིང་ཁྱུང་ཆེན་གྱི་འཕུར་ལམ་དུ་ཕྱེ་ལེབ་འཕུར་བ་དང་མཚུངས་ཤིང་བློ་ངོར་ཤོང་དཀའ་བའི་གནས་ཤིག་ཡིན་ཡང་།བཤེས་གཉེན་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བདག་གིས་ཀྱང་གཞན་ཕན་གྱི་ཀུན་སློང་དཀར་པོའི་སྒོ་ནས་ཅུང་ཙམ་ཞིག་ཞུ་འདོད་དོ།   དེ་ཡང་སློབ་གསོ་ཞེས་པ་ནི་མི་རིགས་སྐྱེད་སྲིང་བྱེད་པའི་སྤྱི་ཚོགས་ཀྱི་བྱེད་ཐབས་ཤིག་དང་།རྒྱལ་ཁབ་དང་མི་རིགས་སྒེར་ཁྱིམ་སོགས་ཡར་རྒྱས་དང་དྲང་བདེན་གྱི་ཕྱོགས་སུ་བསྐྱོད་པའི་གཞི་རྩ་དང་།ཆབ་སྲིད་དང་སྔར་མེད་གསར་བཏོད་སོགས་མགྱོགས་མྱུར་ངང་གོང་འཕེལ་དང་།རང་མི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའམ་ཆེས་གལ་འགངས་ཆེ་བའི་ནུས་པ་ལྡན་པ་བཅས་ནི་སློབ་གསོ་ལ་རག་ལས་ཤིང་། ད་དུང་ས་གནས་དང་རྒྱལ་ཁབ་ལ་ཕན་ནུས་ཆེ་བའི་ཤེས་ལྡན་མི་སྣ་བསྐྱེད་པའི་མ་ཡུམ་ལྟ་བུ་ཡིན་ཏེ། ང་ཚོ་བོད་མི་རིགས་དེང་སྐབས་འཛམ་གླིང་སྟེང་གི་མི་རིགས་གཞན་དང་བསྡུར་ན་རྗེས་ལུས་སུ་གྱུར་བ་འདི་ཡང་སློབ་གསོ་དུས་རབས་དང་བསྟུན་ནས་ཡར་རྒྱས་སུ་གཏོང་མ་ཐུབ་པའི་རྐྱེན་གྱིས་ཡིན་ལ།དེ་བས་སློབ་གསོ་གོང་འཕེལ་དུ་གཏོང་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འོས་འགན་ཞིག་ཀྱང་ཡིན་ངེས་སོ། དེ་ཡང་སློབ་གསོ་ལ་དགོན་སྡེ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། རྒྱལ་ཁབ་དང་མི་རིགས་སྐོར་གྱི་སློབ་གསོ་སོགས་ཤིན་ཏུ་མང་ཡང་།  ད་ལྟ་བོད་མི་རིགས་ལ་མིག་སྔར་མཁོ་བ་ནི་སློབ་གྲྭའི་སློབ་གསོ་གཙོ་བོ་ཡིན་ལ།    དེ་དང་འབྲེལ་བའི་བསམ་ཚུལ་ཕྲན་བུ་ཞིག་བརྗོད་པ་ལ། བོད་ཀྱི་སློབ་གསོའི་བྱུང་འཕེལ་ཕྲན་བུ་དང་། དེང་སྐབས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་གསོའི་ཐད་ཀྱི་བསམ་ཚུལ་འགའ་ལས།
དང་བོ། བསིལ་ལྡན་ཁ་བ་རི་བའི་ཞིང་འདིར་སློབ་གསོ་ཞེས་པ་ནི་ལོ་རབས་ལྔ་བཅུའི་ཡར་མར་ཞིག་ནས་བྱུང་བར་ཁ་ཅིག་གིས་བཤད་ཀྱང་། དེ་ཡང་རྒྱ་བོད་རིག་གཞུང་ཀུན་ལ་མཁྱེན་རྒྱ་ཡངས་པའི་དགེ་བའི་བཤེས་གཉེན་ཆེན་པོ་་བཛྲ་ཚུལ་ཁྲིམས་མཆོག་གིས།

ད་ལྟའི་རང་གཞན་གྱི་མཁས་བླུན་དག་གིས།ཡོངས་གྲགས་འཇིག་རྟེན་གསར་བར་འབོད་པ་བཅིངས་གྲོལ་བྱས་པའི་ཚུན་ཆད་གཏོགས་བོད་རང་ལ་སློབ་གསོ་དར་བ་ཟེར་བ་དང་། ལ་ལས་སློབ་གྲྭའི་སློབ་གསོ་མ་བྱུང་ཟེར་བ་སོགས་ནི་རང་ཉིད་ལོ་རྒྱུས་མཐོང་བའི་མིག་ལོང་བའམ།  མཐོང་ཡང་ལིང་ཏོག་གིས་བསྒྲིབས་པའི་ཕྲ་ཞིབ་ཀྱི་བློ་མིག་མེད་པའི་ནང་ཉམས་ཁྲོམ་སྟོན་བྱས་པ་ཡིན་ཏེ།   སློབ་གསོ་ཞེས་པའི་ཐ་སྙད་འདིའི་མཇུག་གཞིའི་ནང་དོན་ཡོད་ཚེ་ཡོད་པར་ཁས་ལེན་དགོས་པའི་ཕྱིར་ཞེས་དང་།  དེས་ན་སློབ་གསོ་ཞེས་པའི་ཐ་སྙད་བྱུང་བ་འཕྱི་ཡང་ཐ་སྙད་འདིའི་འཇུག་གཞིའི་ནང་དོན་བྱུང་བ་ཤིན་ཏུ་སྔ་སྟེ།  བོད་ཀྱི་སློབ་གསོ་སྤེལ་འགོ་ཚུགས་པ་ཙམ་ནི་ལོ་ངོ་ཁྲི་བརྒྱ་དང་ལྔ་བརྒྱའི་ཡར་སྔོན་ནས་བྱུང་བར་བྱས་ནའང་ཐལ་བར་མི་སེམས་ཏེ། ཞེས་གསུངས་པ་སོགས་ལ་གཞིགས་ན་ཡང་། བོད་ཀྱི་སློབ་གསོ་ཞེས་པའི་མིང་མ་བཏགས་ཀྱང་རང་རེའི་སློབ་གསོའི་ནང་དོན་ནམ་འཇུག་གཞི་ནི་ཆེས་སྔ་མོ་ཞིག་ནས་བྱུང་ཡོད་པ་རྟོགས་ནུས་སོ། །

དེ་ཡང་སྤྱི་ལོ་སྔོན་གྱི་ལོ་བརྒྱ་དང་ཉེར་བདུན་ལོར་བོད་རྒྱལ་བཙན་པོའི་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་བྱོན་ཞིང་། བོད་སྤྱི་ལ་དབང་བསྒྱུར་བ་ནས་བཟུང་སྲིད་འབྱོར་གཉིས། ཡར་རྒྱས་སུ་འགྲོ་འགོ་ཚུགས་ཤིང་། ལྷག་པར་དུ་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། ཐོན་མི་སཾ་བྷོ་ཊའི་འཁོར་དང་བཅས་བ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་། ཐོན་མིས་ཀྱང་བྲམ་ཟེ་ལི་བྱིན་ཀ་ར་དང་སློབ་དཔོན་ལྷ་རིག་པའི་སེང་གེ་སོགས་པཎ་ཊི་ཏ་མང་བོ་ལ་སྦྱང་བ་མཐར་ཕྱིན་པར་མཛད། ཕྱིར་བོད་དུ་ཕེབས་ནས་བོད་ཀྱི་ཆོས་སྲིད་གཉིས་ལ་མེད་ཐབས་བྲལ་བའི་བོད་ཡིག་གསར་བཟོ་གནངས་ཏེ། རྒྱལ་བློན་འབངས་འཁོར་དང་བཅས་པས་ཡང་ཐོན་མི་སཾ་བྷོ་ཊ་སློབ་དཔོན་དུ་བསྟེན་ནས། བོད་རང་སྐད་ཀྱི་སྟེང་ནས་ཡི་གེ་འབྲི་ཀློག་གིས་མཚོན་པའི་རིག་པའི་གནས་ལ་མཁས་པར་སྦྱངས།  དུས་དེ་ནས་བཟུང་བོད་རང་གི་རིག་པའི་གནས་ལ་འཆད་ཉན་བྱེད་པའི་སྲོལ་ཐོག་མར་དར།  སློབ་དཔོན་ཐོན་མིས་གཙོས་རྒྱ་གར་ནག་དང་བལ་ཡུལ་སོགས་ནས་བྱོན་པའི་ལོ་ཙཱ་བ་མང་བོས་རྒྱ་གཞུང་དུ་མ་བོད་དུ་བསྒྱུར།

མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་ཤིང་ཇོ་བོ་རྣམ་གཉིས་སྤྱན་དྲངས། དགེ་བཅུའི་ཁྲིམས་བཅས་པ་སོགས་ཆབ་དཔལ་རིག་གསུམ་ཆེས་ཆེར་དར་བར་མཛད། བཙན་པོ་འདིའི་སྐུ་རིང་ལ་རང་རེའི་བོད་དུ་ཅུང་འགོ་མཇུག་ཚང་ཞིང་གོ་རིམ་ལྡན་པའི་སློབ་གསོའི་བྱེད་ཕྱོགས་ཤིག་ཐོག་མར་དར་བར་མངོན། རྒྱལ་རབས་སོ་བདུན་པ་ཁྲི་སྲོང་སྡེ་བཙན་སྐུ་རིང་ལ་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་མཁན་སློབ་རྣམ་གཉིས་སྤྱན་དྲངས། སད་མི་མི་བདུན་རབ་ཏུ་བྱུང་ཞིང་རབ་བྱུང་གི་སྡེ་ཐོག་མར་བཙུགས། འདི་ནི་བོད་རང་གི་གཞུང་སྒྲུབ་སློབ་གྲྭའི་ཐོག་མ་ཡིན་པར་གསུངས་ལ། མཁས་དབང་དོན་གྲུབ་རྒྱལ་གྱིས།  བོད་ཀྱི་སད་མི་མི་བདུན་ནམ་རབ་བྱུང་གི་ཐོག་མ་བདུན་དུ་གྲགས་པའི་དམ་པ་བདུན་པོ་ནི་ཆོས་སྲིད་ཀྱི་རྗེ་བོ་སྲོང་བཙན་སྒམ་པོའི་རྗེས་སུ་བྱུང་བའི་སློབ་གཉེར་བ་མི་བདུན་རེད།  སྔོན་ཆད་ང་ཚོས་ཆོས་ལུགས་ནན་བཤད་བྱས་པའི་རྐྱེན་གྱིས་ཁོང་ཚོ་ནི་ཆོས་སློབ་མཁན་གྱི་རབ་བྱུང་བ་བདུན་དུ་བརྩིས་པ་ལས།  རིག་གནས་སློབ་མཁན་གྱི་སློབ་མ་བདུན་དུ་མ་བརྩིས་པ་རེད།  དོན་དམ་དུ་སངས་རྒྱས་ཆོས་ལུགས་འདི་ཡང་རིག་པའི་གནས་ཡིན་པས། རིག་གནས་གཞན་དག་བསླབས་པ་ལ་སློབ་མ་དང་། སངས་རྒྱས་ཆོས་ལུགས་བསླབས་པ་ལ་སློབ་མ་ཞེས་པའི་མིང་གདགས་མི་ཆོག་པ་ག་རེ་ཡོད་ཅེས་དང་།  དགེ་བའི་བཤེས་གཉེན་ཆེན་པོ་བཛྲ་ཚུལ་ཁྲིམས་མཆོག་གིས་ཀྱང་། སློབ་གྲྭའི་སློབ་གསོ་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་གསར་དུ་དར་བ་སྟེ། དེའི་དུས་སུ་སད་མི་བདུན་རབ་ཏུ་བྱུང་སྟེ། ཆོས་ཀྱི་གཙུག་ལག་མང་བོ་བསླབས།  གྲྭ་ས་སོ་སོར་བགོས་ཏེ་རཏྣ་སང་ཤི་སོགས་སློབ་དཔོན་དུ་བསྐོས་ནས་གཞུང་མང་བོ་འཆད་ཁྲིད་གནང་བ་འགྲོ་སྒོ་ཚང་མ་རྒྱལ་བོའི་བང་མཛོད་ནས་བཏང་བས་བོད་ཀྱི་གཞུང་སྒྲུབ་སློབ་གྲྭའི་ཐོག་མ་ཡིན་ཞིང་། གངས་ལྗོངས་གསོ་རིག་མེས་པོ་གཡུ་ཐོག་ཡོན་ཏན་མགོན་པོས་ཀྱང་དེའི་དུས་སུ་ས་ཕྱོགས་སོ་སོར་འབྱུང་བཞིའི་འདུ་བ་འཁྲུགས་པའི་ནད་ཀྱིས་གདུང་བའི་འགྲོ་བ་མང་བོའི་སྡུག་བསྔལ་གཞིལ་བའི་བྱ་བ་མཛད་པ་དང་། ཞོར་ལ་སློབ་མ་མང་བོ་བསྡུས་ནས་བོད་སྨན་གཞུང་དང་ཉམས་མྱོང་ཟུང་འབྲེལ་གྱིས་འཆད་ཁྲིད་གནང་བས་སྨན་པ་མཁས་པ་མང་དུ་བྱུང་བ་ཡིན་ཞིང་སྒེར་སྒྲུབ་སློབ་གྲྭའི་ཐོག་མ་ཡིན།  དེས་ན་བོད་ལ་གཞུང་སྒྲུབ་དང་སྒེར་སྒྲུབ་ཀྱི་སློབ་གྲྭ་བྱུང་བའི་དུས་ནི་ཤིན་ཏུ་སྔ་བར་ཤེས་དགོས་ཞེས་གསུངས་པ་སོགས་ལས། བོད་རང་ལ་གཞུང་སྒེར་གཉིས་ཀྱིས་སྒྲུབ་པའི་སློབ་གྲྭ་ཡང་དུས་དེ་ནས་བཟུང་ཚུགས་ཡོད་པ་གསལ་བོར་གསུངས་འདུག་ལ། དུས་དེར་ད་དུང་སྔར་མ་འགྱུར་བའི་གཞུང་མང་བོ་བོད་དུ་བསྒྱུར་ཏེ་འབངས་རྣམས་ཆོས་ལ་བཀོད། ཕྱོགས་ཀྱི་རྒྱལ་ཁབ་མང་བོ་དབང་དུ་བསྡུས་ཏེ་ནུབ་ཀྱི་ཆུ་བོ་གང་གཱའི་འགྲམ་ནས་ཤར་རྒྱ་ནག་ཁྲང་ཨན་ཡན་ལ་དབང་བསྒྱུར་ཏེ་ཆོས་སྲིད་མངའ་ཐང་སྟོབས་འབྱོར་ཡང་ཆེས་ཆེར་འཕེལ་རྒྱལ་རབས་བཞི་བཅུ་བ་མངའ་བདག་ཁྲི་རལ་གྱི་དུས་སུ་ཡང་། འུ་ཤིང་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང་བཞེངས་ཤིང་། པཎ་ཌི་ཏ་དང་ལོ་ཙཱ་བ་རྣམས་ཀྱང་དེ་རུ་བཞུགས་ནས་འཆད་རྩོམ་བསྒྱུར་གསུམ་གྱིས་དུས་འདའ་བར་བྱས་ཤིང་། བཀས་བཅད་ཐེངས་གསུམ་མཛད་པ་སོགས་ནི་བོད་ཀྱི་སློབ་གྲྭའི་སློབ་གསོ་ཁྲིམས་མཐུན་གྱི་སྒོ་ནས་དར་སྤེལ་དང་གཅིག་གྱུར་བྱུང་བ་རེད།  འོན་ཀྱང་འུ་དམ་བཙན་གྱིས་རྒྱལ་བསྟན་བསྣུབས་ཤིང་འབངས་རྣམས་སྡུག་བསྔལ་བར་བྱས་པའི་རྐྱེན་གྱིས་རྒྱལ་བོ་བཀྲོངས་ཤིང་རེ་ཞིག་མུན་པའི་གླིང་ལྟར་གྱུར་ཀྱང་།

ཕྱིས་སུ་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་སྨད་ནས་གསོས་ཤིང་། ལྷ་བླ་མ་ཡེ་ཤེས་འོད་དང་རྔོག་ལེགས་པའི་ཤེས་རབ་ལོ་ཙཱ་བ་རིན་ཆེན་བཟང་བོ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བསྟན་པ་ཕྱི་དར་གྱི་འགོ་ཚུགས།   མཉམ་མེད་ཇོ་བོ་ཆེན་པོ་སྤྱན་དྲངས་ཏེ་སངས་རྒྱས་ཀྱི་བསྟན་པར་དག་ཐེར་དང་རིག་གནས་མཉམ་པ་སོར་ཆུད་མ་ཉམས་གོང་འཕེལ་དུ་བཏང་།  བསིལ་ལྡན་བོད་ཀྱི་ཞིང་ཁམས་སུ་སློབ་གསོའི་ཉི་གཞོན་སླར་ཡང་ཤར་ཏེ། དེ་ནས་ལོ་པཎ་མང་བོ་རྒྱུན་མ་ཆད་པར་བྱོན་ཏེ་དགོན་སྡེ་མང་བོ་གསར་འཛུགས་གནངས་ནས་སྔར་ཡོད་ཀྱི་རིག་གནས་རྨང་གཞི་བྱས་ཐོག་ཕྱི་ཕྱོགས་ཀྱི་རིག་གནས་རྣམས་ཀྱི་ལེགས་ཆ་ནང་འདྲེན་བྱས་ནས་སྔོན་བྱོན་མཁས་དབང་མང་བོས་དཀའ་ངལ་དང་སྐུ་སྲོག་ལའང་མ་འཛེམས་པར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཆོལ་གསུམ་ཁ་བའི་ལྗོངས་སུ་སློབ་གསོ་དར་རྒྱས་གོང་འཕེལ་དུ་བཏང་བས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ངོ་གནོང་མི་དགོས་པའི་བཅུ་ཕྲག་རིག་གཞུང་འདི་ཡང་ཡབ་མེས་དམ་པ་དེ་དག་གི་བཀའ་དྲིན་ལས་བྱུང་ཞིང་ཆེས་ཆར་དར་ཡང་།   དུས་རབས་ཉི་ཤུའི་སྨད་ཙམ་ནས་རིག་གནས་གསར་བརྗེའི་དུག་རླུང་ནག་པོས་བོད་ཀྱི་ཆོས་སྲིད་གཉིས་ལ་གོད་ཆག་ཆེན་པོ་བཏང་ཞིང་ལྷག་པར་དུ་བོད་ཀྱི་སྐད་ཡིག་ལའང་ཉམས་རྒུད་ཆེན་པོ་བྱུང་བ་སོགས་ཤིན་ཏུ་མང་ཡང་ཞིབ་པར་ལོ་རྒྱུས་དེབ་ཐར་རྣམས་ལ་གཟིགས་པར་ཞུ།


གཉིས་པ།    དེང་སྐབས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་དག་གི་སློབ་གསོའི་ཐད་ཀྱི་བསམ་ཚུལ་འགའ། དེ་ཡང་དུས་རབས་ཀྱི་འཕོ་འགྱུར་ཁྲོད་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོགས་ཚོགས་ཐེངས་གསུམ་པའི་རྗེས་སུ། རྒྱལ་ཡོངས་ཀྱི་ས་གནས་སོ་སོར་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་དགོས་པ་སྐུལ་སློང་བྱས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡང་ཆར་རྗེས་ཀྱི་ཤྭ་འོད་བརྡོལ་བ་བཞིན་གང་ས་གང་དུ་རྒྱལ་གཉེར་སློབ་གྲྭ་སྣ་ཚོགས་བཙུགས་དང་འཛུགས་བཞིན་ཡོད་ལ། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཡོངས་ལ་མི་རིགས་རང་གི་སློབ་གསོ་གདེང་འཇོག་དང་གཙིག་འཛིན་དར་སྤེལ་བྱེད་པ། མི་རིགས་རང་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་དགའ་ཞེན་ཆེ་བའི་མིེ་རིགས་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཆེད། མི་རིགས་ས་གནས་རང་སྐྱོང་རང་བདག་བྱེད་པ་དང་།གྲངས་ཉུང་མི་རིགས་ས་ཆར་རང་གི་སྐད་ཡིག་གཙོ་བོ་བཀོལ་སྤྱོད་བྱེད་དགོས་པའི་བཅའ་ཁྲིམས་རབ་དང་རིམ་པ་གཏན་ཁེལ་བྱས་ཏེ། མི་རིགས་སློབ་གསོ་རྒྱལ་ཁབ་ཀྱི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རྨང་གཞིའི་ཐོག་སྐད་ཡིག་འདྲ་མཉམ་ནི་མར་ཁེ་སིའི་དགོངས་གཞི་ཡིན་པས་བོད་རིགས་སློབ་གྲྭའི་སློབ་གསོ་དང་རིག་གནས་སོགས་སྔོན་དང་བསྡུར་ན་ཅུང་ཙམ་ཡར་རྒྱས་སོང་ཡོད་མོད། འོན་ཀྱང་།  ས་གནས་འགོ་ཁྲིད་ཚོས་མི་རིགས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་མ་ཐུབ་པའམ་བྱེད་འདོད་མེད་པས་བོད་ཀྱི་སློབ་གྲྭའི་སློབ་གསོ་སྒྲུབ་སྟངས་སོགས་མི་རིགས་རང་གི་རིག་གནས་འཆད་ཁྲིད་བྱེད་ཚུལ་དང་མི་མཐུན་པ་དང་། མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་སོགས་ལ་མི་མཐུན་པ་མང་པོ་ཡོད་པས་བོད་ཀྱི་ཆབ་དཔལ་རིག་གསུམ་ཡར་རྒྱས་སུ་འགྲོ་བར་འགལ་རྐྱེན་བགྲང་ལས་འདས་པ་ཞིག་ཐེབས་ཡོད་དོ། །

དང་པོ།  རོང་འབྲོག་ས་ཁུལ་གྱི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་མི་གཏོང་བ།  དེ་ཡང་རོང་འབྲོག་ས་ཁུལ་གྱི་ཁྱིམ་བདག་མང་ཆེ་བ་ཞིག་གིས་སློབ་གསོའི་གལ་ཆེན་རང་བཞིན་ལ་ངེས་ཤེས་སམ་གོ་བ་ཡག་པོ་ཞིག་ལོན་མེད་པས་རང་གི་བུ་བུ་མོ་སློབ་གྲྭར་མི་སྐྱེལ་བར་གསེར་དངུལ་ལས་ལྷག་པའི་བྱིས་པ་དྭངས་གཙང་གི་ལང་ཚོ་ཕྱུགས་རྗེ་དང་ཞིང་འདབས། ཁོ་ནར་ཟད་དུ་འཇུག་བཞིན་པའི་ཁྱིམ་བདག་ཤིན་ཏུ་མང་སྟེ།  དེ་དག་གི་བསམ་བློར་དེ་འདྲའི་ངན་ཤུགས་ཐེབས་པ་ལའང་རྒྱུ་རྐྱེན་སྣ་ཚོགས་ཡོད།  ལོ་འདི་དག་གི་རིང་ལ་གཞུང་སྒེར་གྱི་སློབ་གྲྭ་གང་ཡིན་ཡང་སློབ་ཡོན་ཕྱོགས་ཡོངས་ནས་གོང་དུ་འཕར་བས་དཔལ་འབྱོར་ཞན་པའི་ཁྱིམ་ཚང་གི་བྱིས་པ་སློབ་གྲྭར་སྐྱེལ་བར་དཀའ་ཁག་བཟོས་པ་དང་།  རོང་འབྲོག་ས་ཆ་མང་ཆེ་བར་ཁངས་གནོད་དང་ཐན་སྐྱོན་བྱུང་སྟེ་འཚོ་བར་གནོད་འཚེ་ཐེབས་པ།སློབ་གྲྭར་ཁ་ཐག་རིང་ཞིང་རུ་བ་ཐར་འཐོར་དུ་གནས་པ།   འགྲིམ་འགྲུལ་སྟབས་མི་བདེ་བས་སློབ་མ་ཕན་ཚུན་འགྲོ་འོང་བྱེད་དཀའ་བ། གནམ་གཤིས་ལ་འགྱུར་ལྡོག་ཆེ་བ།  ཁྱིམ་བདག་གི་བསམ་བློའི་ཆུ་ཚད་དམའ་བ་བཅས་ཀྱིས་ཕྱིའི་དཔལ་འབྱོར་དང་ནང་གི་ཡོན་ཏན་གཉིས་ཀྱི་ཆ་ནས་སློབ་མའི་མདུན་ལམ་ལ་གནོད་འཚེ་ཐེབས་ཡོད།   ད་དུང་སློབ་གསོའི་ལས་གནས་ཁྲོད་ཀྱི་དགེ་རྒན་དང་ཤེས་ཡོན་ཅན་མང་བོ་ཞིག་གིས་རང་གི་འགན་བབ་ཀྱི་བྱ་བ་དེ་ཡང་གླ་ཕོགས་ཁོ་ནའི་ཆེད་མ་གཏོགས་སློབ་ཕྲུག་གི་མ་འོངས་པའི་འདུན་ལམ་དང་མི་རིགས་ཀྱི་རིག་གནས་ལ་བརྩི་བཀུར་མེད་པ་དག་གིས་ཉིན་མཚན་མེད་པར། དུ་ཆང་ཤོ་གསུམ་ལ་གཡེངས་ནས་རང་གིས་བསྒྲུབ་འོས་པའི་ལས་འགན་རྣམས་མི་སྒྲུབ་པར་རང་རང་གཞན་གཉིས་ཕུང་གི་བྱ་སྤྱོད་དེས།  སློབ་མའི་ཕ་མ་དང་ཁྱིམ་བདག་བཅས་ལ་ལྟ་ཚུལ་ངན་པ་བཟོས་པ་དང་།  གནས་ཚུལ་དེ་འདྲའི་འོག་སློབ་མ་ཚོའང་ལོ་གཉིས་གསུམ་རིང་ལ་སློབ་གྲྭར་མངགས་ཀྱང་རིག་གནས་ཀྱི་རྨང་གཞི་ཞིག་ཆགས་རྒྱུ་ཕར་ཟད།   ཐ་ན་ཀློག་བཟང་བོ་ཞིག་ཀྱང་མི་ཤེས་པའི་ཚོད་དུ་འདུག་དེ་འདྲའི་ངན་ཤུགས་རྒྱུན་འཁྱམས་སུ་སོང་སྟེ་འཁོན་རེས་འཛིང་རེས་དང་།  རྐུ་འཕྲོག་སོགས་སྤྱོད་ངན་སྣ་ཚོགས་ཀྱི་ཁྲོད་དུ་མགོ་འཁོར་བཞིན་ཡོད་པ་ནི་དགེ་རྒན་དེའི་རིགས་སློབ་གྲྭ་ན་མང་བ་དང་།  རྒྱུ་རྐྱེན་དེ་འདྲའི་དབང་གིས་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་མི་བསྐྱེལ་བ།སློབ་མ་ཚོས་སློབ་གྲྭ་ནས་ཕྱིར་འདོན་པའི་གནས་ཚུལ་ཡང་དེ་འདྲའི་དབང་གིས་ཡིན།  གཞན་ཕན་གྱི་ལྷག་བསམ་དང་མི་རིགས་ལ་ཤ་ཞེན་མེད་པ་དེའི་རིགས་གོང་རིམ་སྡེ་ཁག་ལ་ཞུ་གཏུགས་བྱས་ནས་རྩ་ཁྲིམས་ལྟར་ངེས་པར་དུ་ཐག་གཅོད་དུ་བཅུག་ནས་ཕྱིས་སུ་གནས་ཚུལ་དེ་འདྲ་བཀག་འགོག་བྱ་དགོས་ཏེ། ད་སྐབས་ཁྱེད་ཅག་གི་གམ་དུ་སྡོད་པའི་བུ་ཕྲུག་འདི་དག་མ་འོངས་པར་གངས་ལྗོངས་ཀྱི་བདག་པོ་ཡིན་པས་དུས་རབས་གསར་བའི་རྗེས་ཆོད་རྒྱུ་ཤིན་ཏུ་གལ་ཆེ་བ་མ་ཡིན་ནམ།    ཁ་བ་ཅན་ལ་ལྷག་བསམ་གསེར་བཙོ་མའི་གཤིས་སུ་འཁྲུངས་པའི་སྐྱབས་མཆོག་དམ་པ།  ཀུན་གཟིགས་སྣང་བ་མཐའ་ཡས་ཀྱི་ཞལ་ནས་ཀྱང་། ངས་རྒྱུན་དུ་ང་ཚོ་བོད་རིགས་ཀྱིས་རང་གི་སྐད་ཡིག་སྦྱང་དགོས་པར་འདུག་ཅེས་གང་ས་གང་དུ་སྐད་རྒྱག་གི་ཡོད། ཏོག་ཙམ་ཡར་རྒྱས་ཕྱིན་ཡོད་ཀྱང་།   ད་དུང་ཡག་པོ་རང་མི་འདུག་འདོག་པ་ཚིམ་པོ་ཞིག་མི་འདུག་ཚང་མས་བོད་ཡིག་དེ་ཡག་པོ་ཞིག་སྦྱོངས་པར་ཞུ།  བོད་ཡིག་ཡག་པོ་སྦྱང་པའི་རྨང་གཞིའི་སྟེང་ནས་རྒྱ་ཡིག་དང་རྒྱ་སྐད་ཡག་པོ་སྦྱང་དགོས་པ་རེད།དེ་ནས་རང་ལ་ཡོན་ཏན་འཇོན་ཐང་ཡོད་ན་ཕྱི་རྒྱལ་གྱི་སྐད་ཡིག་ལ་སོགས་པར་སྦྱང་། དེའི་སྟེང་ལ་ང་ཚོ་བོད་རང་གི་རིག་གནས་ཏེ་སྙན་ངག   སུམ་རྟགས།  དེ་ནས་བོད་རང་གི་ལོ་རྒྱུས་ལ་སོགས་པར་ཚང་མར་སྦྱངས་ཏེ་ང་ཚོ་བོད་མི་རིགས་འདི་ཉིད་སྔོན་ཐོན་གྱི་མི་རིགས་ནང་དུ་ཚུད་ཐུབ་པ་ཞིག་བྱ་དགོས། ང་ཚོ་ད་ལྟའི་ནང་བཞིན་འབྲོག་པ་བྱས་ནས་འབྲི་གཡག་འཚོ་ཐབས་ཙམ་དང་ཞིང་བ་བྱས་ནས་འབྲུ་གདབ་རྒྱུ་ཙམ་ལས་གཞན་གང་ཡང་རང་མགོ་མི་ཐོན་པ་དེ་འདྲ་མ་ཡིན་པར།  ང་ཚོ་དེང་སྐབས་ཀྱི་ཆེད་ལས་བྱ་བ་དེ་འདྲ་བྱེད་འེ་ཐུབ་དེ་འདྲ་ཡོང་བ་གནང་རོགས། དེ་ཚང་མས་འབད་རྩོན་མཐར་ཕྱིན་བྱོས།  ཞེས་ཞལ་གསུངས་དྲོན་མོ་དེ་ང་ཚོ་བོད་གངས་ཅན་སྤྱི་དང་། ཁྱད་པར་མ་འོངས་པའི་བོད་མི་རིགས་ཀྱི་རྒྱུད་འཛིན་དེང་སྐབས་ཀྱི་བྱིས་པ་ཕོ་མོ་ཚོར་སློབ་གྲྭར་བསྐྱལ་ཏེ་ཤེས་རིག་བགོ་སྐལ་རེ་ཐོབ་ཏུ་འཇུག་རྒྱུ་ནི་ཁོང་གི་ཐུགས་འདུན་དང་ང་ཚོའི་འོས་འགན་ཉག་གཅིག་ཡིན་ནོ། །

    གཉིས་པ། ད་ལྟའི་སློབ་གྲྭ་ཆུང་འབྲིང་དག་གི་ཁྲིད་གཞི་ནི་འོས་མཚམས་མིན་པ། དེ་ཡང་དེང་སང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་སྒྲིག་སྟངས་ཀྱི་ཐད་ནས་མི་རིགས་རང་གི་རིག་གཞུང་བོད་རང་གི་ཡུལ་སྲོལ་དང་མི་མཐུན་པས་བྱིས་པའི་བློ་ལ་ངེས་དཀའ་བ་དང་། སློབ་དེབ་མང་ཤོས་བསྒྱུར་ཡིག་རྐྱང་རྐྱང་ཡིན་པས་མི་རིགས་རང་གི་ལྷོད་ཆགས་ཀྱི་སྐད་དང་མི་མཐུན་པ། རྩིས་དངོས་རྫས་གསུམ་དང་གློག་ཀླད་སོགས་ཀྱང་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་སློབ་ཁྲིད་མི་བྱེད་པར་རྒྱ་ཡིག་རྒྱ་སྐད་རྐྱ་རྐྱང་གི་སྟེང་ནས་སློབ་ཁྲིད་བྱས་པས་སློབ་མའི་གོ་བ་ཡག་པོ་ལོན་དཀའ་བ་སོགས་གནད་དོན་མང་ངོ་། བོད་ཀྱི་ས་ཁུལ་སོ་སོའི་སློབ་གྲྭ་མཐོ་དམན་གང་ཡིན་ཡང་སློབ་ཆུང་ནས་སློབ་འབྲིང་དེ་ནས་སློབ་ཆེན་སོགས་ལོ་མང་བརྒྱུད་དེ་མཐར་ཕྱིན་པའི་སློབ་མ་ཡིན་ཡང་བརྡ་སྤྲོད་སྐོར་ལ་ངེས་ཆ་བཟང་བོ་ཞིག་ཕར་ཟད་ད་དུང་ཡི་གེའི་ཐོབ་ཐང་ཙམ་ཡང་བློ་ན་མེད་ཚོད་ཡིན་པ་དང་། སློབ་ཆུང་སློབ་མ་དག་ལ་མཚོན་ན་ཡང་རང་གི་ཁོར་ཡུག་དང་རྒྱུན་སྤྱོད་ཐ་སྙད་སོགས་གཙོ་བོ་བཀོལ་སྤྱོད་བྱས་ནས་སློབ་ཁྲིད་བྱས་ཏེ་བློ་རིག་ལ་འཚར་ལོངས་འབྱུང་དགོས་མོད། འཁྲིད་བྱའི་སློབ་དེབ་ནང་དུ་བྱིས་པ་ཚོར་མཐོང་ཐོས་མྱོང་གསུམ་མེད་པའི་ཐ་སྙད་མང་བོ་བཀོལ་པས་འཁྲིད་ཡུལ་གྱི་བློ་དང་མི་འཚམ།  བསླབ་བྱ་མང་ཤོས་རྒྱའི་སློབ་དེབ་ལས་བསྒྱུར་བ་རྐྱང་རྐྱང་ཡིན་ལ་དེས་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྐད་ཆའི་བཤད་སྟངས་དང་།  མི་མཐུན་ཞིང་ཚིག་གི་སྦྱོར་སྟངས་ཀྱང་མི་ལེགས་པ་ཞིག་ཏུ་ངང་ངམ་ཤུགས་ཀྱིས་བསྒྱུར་འགྲོ་སྟེ། མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་། དེང་སང་སློབ་གྲྭར་ཆུང་དུས་ནས་རྒྱ་ཡིག་ལས་བསྒྱུར་པའི་སློབ་དེབ་སྟེང་ནས་བསླབས་པ་ཤ་སྟག་ཡིན་པས། དེའི་ཚིག་སྦྱོར་ལ་སྒྱུར་རྩོམ་གྱི་ཤན་ཡོད་སྟབས།  བོད་རང་གི་མཁས་པས་བརྩམས་པའི་ཚིག་སྦྱོར་བུང་བའི་གཤོག་སྒྲ་ལྟ་བུའི་སྙན་ཆ་དེ་གཏན་ནས་མེད། དེའི་ཕྱིར་ལད་མོ་བྱེད་ས་འཆུག་མི་ཉན། འདི་ཧ་ཅང་གལ་ཆེན་ཞིག་རེད་ཅེས་གསུངས་པ་ནང་བཞིན་སྒྱུར་རྩོམ་དེའི་རིགས་ཡུན་རིང་ལ་བསླབས་པས་མི་རིགས་རང་གི་སྐད་དང་རྩོམ་རིག་སོགས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་ལ།   ད་དུང་རྩིས་དངོས་རྫས་གསུམ་དང་།གློག་ཀླད་སོགས་ཀྱང་རྒྱ་སྐད་རྐྱང་རྐྱང་གི་སྟེང་ནས་སློབ་ཁྲིད་བྱས་པས། རོང་འབྲོག་ས་ཁུལ་ནས་ཡོང་བའི་སློབ་མ་ཚོ་རྒྱ་སྐད་ལ་འདྲིས་ཆ་ཆེར་མེད་པས་སློབ་ཁྲིད་ཀྱི་དོན་རྟོགས་དཀའ་བར་གྱུར།  གནས་ཚུལ་དེ་དག་གིས་བོད་རིགས་སློབ་མའི་རིག་གནས་ཆུ་ཚད་ཡར་རྒྱས་སུ་འགྲོ་དཀའ་བར་འདུག          གཅིག་ནས་བོད་ཀྱི་སློབ་མའི་མདུན་ལམ་ལ་འགལ་རྐྱེན་ཐེབས་པ་དང་། གཉིས་ནས་བོད་མི་རིགས་མི་དམངས་ཀྱི་སྲིད་འབྱོར་རིགས་གསུམ་དར་རྒྱས་སུ་འགྲོ་རྒྱུར་གནོད་སྐྱོན་ཐེབས ། དུས་རབས་གསར་བའི་ནང་འདིར་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་པ་ལ་ཡང་བཀག་རྡོ་ལྟ་བུར་གྱུར། དེ་འདྲའི་དཀའ་ཁག་གི་གནས་སུ་ལྷུང་ཡང་ང་ཚོས་དོ་སྣང་དང་བསམ་གཞིག་ཙམ་ཡང་མ་བྱས་ཚེ།   བོད་མི་རིགས་ཞེས་པའི་ཐ་སྙད་འདི་ཡང་ས་སྒང་རིལ་མོའི་སྟེང་དུ་ཡུན་རིང་དུ་གནས་ཐབས་བྲལ།རྒྱུ་མཚན་དེ་དག་གི་དབང་གིས་ང་ཚོའི་ནུས་ཤུགས་ཡོད་ཚད་བཏོན་ཏེ་མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་ནས་མི་རིགས་སློབ་གསོ་དེ་མིང་དོན་མཚུངས་པ་ཞིག་བྱེད་དགོས་ན་བསླབ་བྱ་རྣམས་མི་རིགས་རང་གི་སྐད་ཡིག་སྟེང་ནས་སློབ་ཁྲིད་བྱེད་རྒྱུ་གནད་དུ་བཟུང་སྟེ།  བོད་མི་རིགས་རང་གི་བརྡ་སྤྲོད་སྐོར་ལ་ངེས་པ་བརྟན་པོ་ཆགས་ཕྱིར་སློབ་ཆུང་ནས་བཟུང་སུམ་རྟགས་དག་གསུམ་གྱི་གཞུང་གང་བདེ་ཞིག་ཆ་ཚང་བའི་སྒོ་ནས་འདམ་སྒྲིག་བྱས་ཏེ་སློབ་ཁྲིད་དུ་བཀོད་སྒྲིག་བྱས་ན་བོད་ཡིག་གི་རྨང་གཞི་བརྟན་པོ་ཆགས་ཐུབ་པར་མ་ཟད་སྙན་ངག་སོགས་ཁྲིད་པར་རམ་འདེགས་ངེས་ཅན་ཞིག་བྱེད་ཐུབ།  དམའ་རིམ་སློབ་དེབ་རྣམས་ལའང་བོད་རང་གི་གནའ་དེང་མཁས་དབང་དག་གིས་བརྩམས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས་གདུལ་བྱའི་བློ་ཁ་དང་མཐུན་པ་གང་མཁོ་རེ་སློབ་དེབ་དུ་བཀོད་ན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྐད་ཆའི་བཤད་སྟངས་དང་མཐུན་ངེས་ཡིན།  རྩོམ་རིག་དང་དངོས་ལུགས་རྫས་འགྱུར་སོགས་ཀྱང་སློབ་ཆུང་ནས་བཟུང་དམའ་འབྲིང་མཐར་མ་ཕྱིན་པར་བོད་ཡིག་གི་སྟེང་ནས་ཁྲིད་དེ་བསླབ་བྱ་དེའི་ནང་དོན་གཙོ་བོ་ཤེས་སུ་འཇུག་དགོས་པ་ལས།  དེ་དག་རྒྱ་ཡིག་རྒྱ་སྐད་ཀྱི་སྟེང་ནས་སློབ་ཁྲིད་བྱས་ཏེ་རྒྱ་ཡིག་གི་ཆུ་ཚད་མཐོ་འདེགས་སུ་གཏོང་བ་ཙམ་ལ་དམིགས་ནས་སྦྱང་ན་རང་གི་ཕ་སྐད་མིན་པས་བསླབ་བྱའི་ནང་དོན་ཇི་བཞིན་རྟོགས་མི་ཐུབ། ད་དུང་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱང་བོད་ཡིག་དང་ཤན་སྦྱར་བྱས་པའི་སྟེང་ནས་སློབ་སྦྱོང་བྱས་ན་དེ་དག་གི་དོན་བདེ་ལེགས་སུ་རྟོགས་ཐུབ་ཅིང་གཞུང་དང་བརྡ་སྤྲོད་སོགས་ཀྱི་དཀའ་གནད་ཀྱང་ཐད་ཀར་ཤེས་ཐུབ།དེང་སྐབས་རྒྱ་ཡིག་གི་སྟེང་ནས་སློབ་པ་ན་འགན་ཁུར་ལྷག་པ་ཞིག་སྟེ།   དཔེར་ན།  དབྱིན་ཡིག་གི་མིང་ཚིག་གཅིག་ལ་རྒྱ་ཡིག་གི་འགྲེལ་བ་བརྒྱབ་ཡོད་ཚེ་ཐོག་མར་རྒྱ་ཡིག་གི་ནང་དོན་དེ་བོད་ཡིག་གིས་འཚོལ་དགོས་ལ་དེ་ནས་དབྱིན་ཡིག་དང་རྒྱ་ཡིག་གི་མིང་ཚིག་ལ་གོ་བ་ལོན་རྗེས་ད་གཟོད་དབྱིན་ཡིག་དང་རྒྱ་ཡིག་གི་མིང་ཚིག་གཉིས་ཀ་སྦྱངས་ཏེ་མཐར་རྒྱུགས་སྤྲད་པས་དབྱིན་ཡིག་གི་མིང་ཚིག་སློབ་པ་ལ་རྒྱ་ཡིག་མིང་ཚིག་ལྷག་པ་ཞིག་སྦྱང་དགོས་པ་འདི་ཡང་རྒྱལ་གཉེར་སློབ་གྲྭ་དག་གི་སློབ་དེབ་སྒྲིག་སྟངས་ཀྱིས་ང་ཚོར་གནང་པའི་དཀའ་སྡུག་གི་ཁུར་བོ་ཉིས་རྩེག་ཅིག་དེ།གནད་དོན་འདི་དག་ངེས་པར་དུ་བསྒྱུར་དགོས་པ་ཞིག་གོ།

གསུམ་པ།  སློབ་མའི་སྤྱོད་ངན་སྔོན་འགོག་བྱས་ནས་སློབ་སྤྱོང་བདེ་བླག་ངང་འཚར་ལོངས་ཡོང་བར་བྱེད་དགོས།  ད་ལྟའི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གང་ཡིན་ཡང་སློབ་མའི་སྒྲིག་ལམ་དང་ལྟ་སྐྱོང་བྱས་པ་ནན་ཏན་མིན་པས་སློབ་ཆུང་ཞིག་ལ་མཚོན་ནས་བཤད་ན། རོང་འབྲོག་ས་ཁུལ་ནས་བསྐྱལ་ཡོང་བའི་ལོ་ན་ཆུང་བའི་བྱིས་པ་མང་ཆེ་ཤོས་སློབ་གྲྭ་དང་རྒྱང་ཐག་ཤིན་ཏུ་རིང་བས། ཕ་ཡུལ་དང་ཕ་མར་ཁ་བྲལ་ནས་ཡོང་བའི་སློབ་མ་རྣམས་ལ་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་བདག་གཉེར་བ་བཅས་ཀྱིས་ལྟ་སྐྱོང་བཟང་བོ་མི་བྱེད་པ་དང་།
དུས་ཀུན་སློབ་མའི་ཟ་འཐུང་དང་ཉལ་ཁང་སློབ་ཁང་སློབ་མའི་ཡོ་བྱད་བཅས་གཙང་སྦྲ་མི་བྱེད་པ་སོགས་ཀྱི་སློབ་མར་ནད་རིགས་སྣ་ཚོགས་འབྱུང་སླ་ཞིང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་གནོད་སྐྱོན་ཡོད་པར་མ་ཟད་སློབ་མའི་ཚེ་སྲོག་ལ་ཡང་སྐྱོན་ཐེབས་བཞིན་ཡོད།  སློབ་མ་རྣམས་དུ་ཆང་ཤོ་གསུམ་ལ་དུས་རྒྱུན་དུ་གཡེངས་ནས།སྦྱང་དགོས་པའི་བསླབ་བྱ་རྣམས་མི་སྦྱོར་བར་སྦྱང་མི་དགོས་པའི་བྱ་ངན་དེའི་རིགས་ངང་གིས་གོམས་བཞིན་ཡོད་ལ་གནས་ཚུལ་དེ་འདྲའི་འོག་སློབ་མ་ཕན་ཚུན་འཁོན་རྡུང་བྱེད་པ་སོགས་ཀྱིས་ལོ་ན་ཆུང་བའི་བྱིས་པ་ཚོར་འཇིགས་སྣང་དང་སུན་སྣང་སྐྱེས་ནས་སློབ་སྦྱོང་དང་སེམས་ཁམས་བཅས་ལ་གནོད་འཚེ་ཐེབས་པར་མ་ཟད་ཕྱིར་ཕ་ཡུལ་དུ་བྲོས་བྱོལ་ཀྱང་བྱེད་བཞིན་མཆིས། ད་དུང་མཐོ་འབྲིང་དང་སློབ་ཆེན་གྱི་སློབ་མ་འགའ་རེར་སྤྱི་ཚོགས་སྟེང་གི་མི་ངན་པའི་ཤུགས་རྐྱེན་ཐེབས་ཏེ་རྐུ་འཕྲོག་བཅོམ་གསུམ་སོགས་བྱས་ནས་མི་གཅིག་གིས་མི་བརྒྱ་ནད་པར་བཏང་ཞེས་པའི་དཔེ་ལྟར་སློབ་གྲྭ་ཡོངས་ཀྱི་སློབ་མ་ལ་མིག་ལྟོས་ངན་པ་འཇོག་བཞིན་པ་དང་རྒྱལ་ཁབ་དང་མི་དམངས་ལ་ཡང་གྱོང་གུད་བཟོས་མཐར་རང་ཉིད་ཀྱི་མདུན་ལམ་ཀྱང་མེད་པར་གཏོང་བ་དང་།  དགེ་རྒན་གྱི་འདུ་ཤེས་མེད་པར་ཁ་ལན་དང་འཁོན་ལན་འཛེམ་མེད་དུ་བྱེད་པའི་ཚུལ་དང་མི་མཐུན་པའི་བྱ་སྤྱོད་དེ་དག་གིས་སློབ་མའི་ཁྱིམ་བདག་དག་དང་ཕ་མར་བྱིས་པ་སློབ་གྲྭར་གཏོང་འདོད་མེད་པར་མ་ཟད་སློབ་མ་ཕྱིར་ཁྲིད་པ་སོགས་ཀྱང་བྱུང་དང་འབྱུང་བཞིན་ཡོད་དོ། །

  དེ་ནི་སློབ་མ་རང་ངོས་ནས་བཤད་ན་འོད་སྟོང་འབར་བའི་མ་འོངས་པའི་མདུན་ལམ་མེད་པར་བཏང་བ་དང་། ཆེ་ཕྱོགས་ནས་བཤད་ན་བོད་མི་རིགས་ཀྱི་རིག་གནས་དར་རྒྱས་སུ་གཏོང་བར་ཚད་བཀག་ཐེབས་པ་ཡིན། གནས་ཚུལ་དེ་དག་གི་འབྱུང་རྐྱེན་གཙོ་བོ་སློབ་གྲྭའི་སྒྲིག་ལམ་དང་སློབ་མ་ལྟ་སྐྱོང་བྱས་པ་ནན་ཏན་མིན་པས། སློབ་གྲྭའི་དགེ་སློབ་ཡོངས་སམ་དེ་དང་འབྲེལ་བའི་འགན་ཁུར་བ་དང་འགོ་ཁྲིད་པ་བཅས་ཀྱིས་ངེས་པར་དུ་སྒྲིག་ལམ་ཡོད་པའི་སྒོ་ནས་སློབ་གསེང་སྐབས་སོགས་རྒྱུན་དུ་སློབ་མར་དོ་དམ་དང་ལྟ་སྐྱོང་ནན་མོ་བྱས་ནས་གོང་གི་གནད་དོན་དེའི་རིགས་སྔོན་འགོག་བྱེད་དགོས། དགེ་རྒན་གྱིས་བསམ་བློ་དང་ཀུན་སྤྱོད་སྐོར་གྱི་སློབ་གསོ་ཡང་ཡང་བཏང་སྟེ་སྤྱོད་ཡོན་གཉིས་ལྡན་ཀྱི་མི་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་རེ་བ་ཉག་གཅིག་ཡིན།

བཞི་བ།    དགེ་རྒན་གྱིས་སློབ་མའི་བློ་ཁ་དང་བསྟུན་གང་ཐུབ་བྱས་ནས་སློབ་ཁྲིད་ལེགས་པོར་བྱ་དགོས།
མི་རིགས་ཤིག་དར་རྒྱས་གོང་འཕེལ་གྱི་རེ་འདུན་དང་ཡུན་དུ་གནས་ཐུབ་མིན་དེ་སློབ་གསོ་ལ་རག་ལས་ཤིང་། སློབ་གསོ་དར་རྒྱས་གོང་འཕེལ་གྱི་རེ་འདུན་དང་མི་རབས་རྗེས་མར་ཤེས་རིག་ཁྱབ་སྤེལ་བྱེད་ཐུབ་མིན་སོགས་དགེ་རྒན་ལ་རག་ལས་ཡོད་པ་རེད།  དེ་བས་དགེ་རྒན་ནི་སྤྱི་ཚོགས་དང་མི་རིགས་ཀྱི་སྣེ་ཁྲིད་པ་ཡིན་པས།

  དགེ་རྒན་ཞིག་ལ་མཚོན་ན།   རིག་གནས་སྣ་གཅིག་ལ་མཁས་པ་ཙམ་གྱིས་མི་ཡོང་བར་རིག་གནས་ཀུན་ལ་མཐོང་རྒྱ་དང་ཐོས་རྒྱ་བཟང་བོ་ཡོད་དགོས་ཤིང་སློབ་ཁྲིད་ཀྱང་གནའ་དེང་ཐབས་ཤེས་བཟང་བོ་ཟུང་འབྲེལ་བྱས་ཏེ་ཁྲིད་སྟོན་བྱེད་དགོས་ལ། རང་ཉིད་ཀྱི་ཁུར་དུ་བབ་པའི་གཞུང་ལུགས་ལ་ཐོགས་པ་མེད་པར་བརྡབ་ཤ་གཅོད་ནུས་པ་དང་།   འཁྲིད་བྱ་རིང་ཐུང་གང་འཆད་ཀྱང་ཟློས་སྐྱོན་བྲལ་ཞིང་ངག་སྒོ་ཡངས་པ་གཞུང་དཀའ་གནད་གང་ཞུས་ཀྱང་མ་ནོར་བར་ལན་འདེབས་ནུས་པ་ཞིག་ཡིན་དགོས།  དེ་ལྟར་བྱུང་ན་སློབ་ཁྲིད་སྐབས་སུ་གཞུང་ལུགས་སྣ་ཚོགས་དང་འབྲེལ་བའི་ཐ་སྙད་སོགས་འབྲེལ་བཤད་ཡག་པོ་བྱེད་ཐུབ་ཅིང་།  སྐབས་འབྲེལ་གཞུང་ལུགས་དག་གི་ཐ་སྙད་ལ་འགྲེལ་བཤད་ཡག་པོ་གནང་བ་དེས་གཞུང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་དང་དགོས་མཁོ་མི་ཉུང་བ་ཞིག་ལ་ངོས་འཛིན་བཟང་བོ་བྱེད་ཐུབ།    སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ནི་སློབ་མ་རྣམས་ཀྱི་ཤེས་རིག་གི་ཆེས་ཐོག་མའི་རྨང་གཞི་ཡིན་པས་ཤིན་ཏུ་གཙིགས་ཆེན་དང་མཉམ་འཇོག་བྱ་དགོས་པས་དེ་གའི་དགེ་རྒན་དག་ནི་རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་ཐོག་རྒྱ་ཡིག་དང་དབྱིན་ཡིག་སོགས་ལའང་མཁྱེན་རྒྱ་ཅུང་ཆེ་ཞིང་ད་དུང་སྐབས་བབ་ཀྱི་ས་རྒྱུས་དང་ལོ་རྒྱུས། རྫས་འགྱུར་དང་དངོས་ལུགས་སོགས་དེང་རབས་བསླབ་བྱའི་རྨང་གཞིའང་བརྟན་པོ་ཡོད་དགོས།  དེ་འདྲའི་རིག་གནས་ཀྱི་ཆུ་ཚད་ཅུང་ཡོད་ཀྱང་སློབ་མའི་སེམས་ཁམས་དང་སྤྱི་ཚོགས་ཁོར་ཡུག་ལ་རྒྱུས་མངའ་མེད་ཅིང་དེ་དང་མི་བསྟུན་པར་སློབ་ཁྲིད་བྱེད་པ་ནི།  འབྲས་བུ་བཟང་བོ་ཞིག་ཐོབ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་ཞིག་ཡིན། སློབ་ཁྲིད་ཀྱི་ཉམས་མྱོང་ངམ་བྱང་ཆ་ལྡན་པའི་དགེ་རྒན་ཞིག་ཡིན་ཚེ། གདུལ་བྱའི་བློ་ཁ་དང་འཚམ་པའི་སྒོ་ནས་ཁྲིད་གཞི་དང་སློབ་མའི་བསམ་བློའི་བར་ཐག་དང་ཇེ་ཉེ་རུ་བཏང་ནས་སློབ་མའི་སློབ་སྦྱོང་གི་འདུན་པ་མཐོར་འདེགས་སུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཡོད་པ་ཡིན། དེ་འདྲའི་རྨང་གཞིའི་སྟེང་སློབ་ཁྲིད་ཀྱི་བྱེད་སྟེང་རིམ་བཞིན་སློབ་བུའི་སེམས་ཁམས་དང་བསྟུན་གང་ཐུབ་བྱས་ནས་ཁྲིད་སྟོན་བྱེད་དགོས་ཤིང་། དེ་ལྟར་བྱས་ན་སློབ་མ་ཚོར་སུན་སྣང་མེད་པར་ཁྲིད་གཞི་རྣམས་ལེགས་པར་སློབ་ཐུབ་ལ། སློབ་མར་ཐང་ཆད་ཅིང་ངལ་དུབ་གྱི་འདུ་ཤེས་མེད་པར་དགའ་སྣང་དང་བཅས་སླར་གསོ་ཉན་འདོད་ཀྱི་འདུན་པའང་སྐྱེ་ངེས་ཡིན།  དུས་རྒྱུན་སློབ་ཁྲིད་སྐབས་སུའང་དགེ་རྒན་གྱིས་ཁྲིད་གཞིའི་ཡི་གེ་རྐྱང་རྐྱང་ཁྲིད་རྒྱུ་མ་ཡིན་པར་སྐབས་འགའ་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཤེས་བྱ་རྣམས་རང་རང་གི་མྱོང་ཚོར་དང་ཟུང་འབྲེལ་གྱིས་དཔེ་བརྗོད་གོ་བདེའི་སྒོ་ནས་ངོ་སྤྲོད་བྱས་ན། བློ་ངོར་འཆར་སླ་ཞིང་སེམས་ལ་ངེས་ཐུབ་པ་ཡིན། ལྷག་པར་རང་གི་ཡུལ་སྲོལ་གོམས་གཤིས་དང་མཐོང་ཐོས་མྱོང་གསུམ་སོགས་བཀོལ་ནས། སློབ་ཁྲིད་བྱས་ན་སློབ་མ་ཚོའི་བློ་ངོར་དེ་ལས་ཀྱང་འཇོག་ཐུབ་ཅིང་འཚོ་བའི་ཁྲོད་ཀྱི་ཤེས་བྱ་མི་ཉུང་བ་ཞིག་ཀྱང་ངོ་སྤྲོད་ཞར་ལ་བྱེད་ཐུབ། དེ་འདྲའི་ཡོན་ཚད་དང་ཁྲིད་ཐབས་ལྡན་ཡང་།

ནང་གི་ཀུན་སློང་དང་ཕྱིའི་ཀུན་སྤྱོད་ཀྱང་གཞན་དང་མི་མཚུངས་པར།  འཁྲིད་བྱའི་གཞུང་དེ་འཆད་པ་དང་གྲགས་སྙན་རྒྱས་ཐབས་དང་རྒྱུ་ནོར་འཕེལ་ཆེད་འབའ་ཞིག་ཏུ་བསམ་པའི་ཀུན་སློང་ངན་པ་རིང་དུ་སྤངས་ཏེ་ཕན་སེམས་ཁོ་ན་ལྡན་པ་དང་།  སྐད་ཆ་བཤད་སྟངས་དང་འགྲོ་སྲོལ་འདུག་སྟངས།གོན་པ་གྱོན་སྟངས། རྒན་བཀུར་ཆུང་སྐྱོང་སོགས་ཀྱི་ཀུན་སྤྱོད་གཞན་གྱི་ཡིད་དུ་འཐད་ཅིང་མི་སེམས་འགུགས་ནུས་པ་ཞིག་ངེས་པར་ཡིན་དགོས།དེ་ལྟར་བྱས་ཚེ་རིམ་བཞིན་སློབ་མ་ཚོས་ཀྱང་ཁ་མིག་ཡར་ལྟ་བྱས་ཏེ་ཡ་རབས་སྤྱོས་བཟང་ལྡན་པ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་ཐུབ་སྙམ།


   སྦྱིན་པ་རྒྱ་མཚོ་ནི་༡༩༧༥ལོའི་དགུན་གཞུང་ཞིག་ལ་རྨ་ལྷོའི་སོག་རྫོང་ཨ་རིག་སྡེ་བར་བརྩེ་ཆེན་ཨ་མའི་པང་དུ་ངུ་ངག་གི་སྒོ་མོ་ཐོག་མར་ཕྱེ། བྱིས་དུས་ཀྱི་རྨི་ལམ་རེ་རེ་རྩྭ་ཐང་གི་ཕང་བར་རྨིས་ཤིང་།   བགྲང་བྱ་བཅུ་དགུར་སོན་དུས་ལས་དབང་གི་གོམ་ཁ་ངུར་སྨིག་གི་འཇིག་རྟེན་ཞིག་ཏུ་བསྒྱུར་ཏེ་གསེར་མདོག་གི་འོད་སྣང་བསྒོམས།  ཁོ་ནམ་ཡང་གསེར་མདོག་གི་འཇིག་རྟེན་ཞིག་ནས་འཚོ་འདོད་ཡོད་ཅེས་སྨོན་ལམ་བཏབ་མྱོང་ན་ཡང་རྐྱེན་དབང་གིས་ང་ཚོ་དང་གཏན་དུ་བྲལ་ནས་བཞུད་སོང་།

རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23581515
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།