​བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »​བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོ།
​བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-08ལྟ་ཀློག (4496)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོ།

བླ་ནག་པ་སྐལ་ལྡན་རྒྱ་མཚོ།

གླེང་གཞི།

     སྤྱིར་གཞུང་འབྲེལ་གྱི་སློབ་གསོ་ལ་རྣམ་གྲངས་དང་སྡེ་ཁག་མང་ཞིང་དེའི་སྐོར་གྱི་བསམ་ཚུལ་མཚོན་པའི་རྩོམ་ཡིག་ཅུང་མང་བོ་རིག་རྒྱུ་འདུག་ནའང།   དམིགས་བསལ་ཉེ་རབས་བོད་ཀྱི་སྒེར་བཙུགས་སློབ་གྲྭའི་སློབ་གསོའི་སྐོར་གྱི་ཆེད་རྩོམ་སོགས་མཐོང་དཀོན་པས།  འདིར་ཆེད་དུ་དེའི་སྐོར་ལ་རང་གི་མཐོང་ཐོས་མྱོང་གསུམ་དང་བསམ་ཚུལ་ཁག་ཅིག་གཞིར་བཞག་སྟེ་སྐད་ཆ་ཁ་ཤས་བཤད་འདོད།

དེ་ཡང་ཁོ་བོ་སྔོན་ཆད་སྤྱི་ལོ་༡༩༩༩ལོར་བོད་ཀྱི་སྒེར་གཉེར་སློབ་གྲྭ་སྔ་ཤོས་ཏེ་རྭ་རྒྱའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་ལོ་ངོ་བཞིའི་རིང་ལ་སློབ་སྦྱོང་བྱས་ཤིང་།  རྗེས་སུ་སྤྱི་ལོ་༢༠༡༠ལོ་ནས་བཟུང་སྒེར་གཉེར་ཡིན་པའི་ཆོས་ཚའི་གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་ནས་ལོ་ངོ་ལྔའི་རིང་ལ་དགེ་རྒན་ལྟ་བུ་བྱས་ཤིང་།   དེ་ནས་སྤྱི་ལོ་༢༠༡༤ལོར་ཡང་བསྐྱར་ཤེས་རིག་ནོར་བུའི་གླིང་ལ་ཡོང་སྟེ་མུ་མཐུད་དགེ་རྒན་གྱི་ལས་ཀར་འཐམ་པའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་འཆར་སྣང་ཁག་ཅིག་བརྗོད་གཞི་བྱས་ཏེ་གླེང་བར་བྱའོ།། 

ཉེ་རབས་བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོའི་གནས་བབ།

    བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོའི་གནས་བབ་གླེང་བ་ཞེ་ནའང་།   སྤྱིར་བོད་ལ་སྒེར་བཙུགས་སློབ་གྲྭ་འགའ་ཤས་ཡོད་མོད།   ཁོ་བོ་གཞན་དག་ལ་རྒྱུས་ཆེན་པོ་མེད་པས།  འདིར་རང་ཉིད་ལ་ཆ་རྒྱུས་ཅུང་ཟད་ཡོད་ཅིང་ཉེ་བའི་བོད་ཀྱི་སྒེར་གཉེར་སློབ་གྲྭའི་འཐུས་ཚབ་བྱ་ཐུབ་པའི་སློབ་གླིང་གཉིས་མཚན་གཞིར་བཟུང་སྟེ་མིག་སྔའི་གནས་བབ་ངོ་མ་ཞིག་འཚམས་སྦྱོར་ཞུ་བ་ལ།

༡.གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་ལམ་ལུགས་དང་ཁ་ཕྱོགས།

     བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་བཙུགས་པའི་རྭ་རྒྱའི་སློབ་གླིང་འདིར་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དང་འཛམ་གླིང་གི་སྔོན་ཐོན་རིག་གནས་ཀྱི་ལེགས་ཆ་གཉིས་ཟུང་སྦྲེལ་གྱིས་སྦྱང་བྱ་བཀོད་སྒྲིག་བྱེད་པ་དང་། སློབ་མའི་བྱ་སྤྱོད་གཏམ་གསུམ་ཐད་ནན་ཏན་ཡིན་པའི་ཞིབ་ཚགས་ཀྱི་སྒྲིག་ལམ་བཟོ་བ་ནི་སློབ་གསོའི་ལམ་ལུགས་ཡིན་ལ། བསམ་བློ་དང་ཀུན་སྤྱོད་ལེགས་ཤིང་མི་རིགས་ལ་ཞབས་འདེགས་ཞུ་ཐུབ་མཁན་གྱི་ཕྱི་རབས་པ་སྐྱེད་བསྲིངས་བྱ་རྒྱུ་དེ་སློབ་གསོའི་ཁ་ཕྱོགས་སམ་དམིགས་ཡུལ་ཡིན་འདུག     བྱེ་བྲག་སྦྱང་བྱ་དང་འཛིན་གྲྭའི་རིམ་པ་ནི།  ང་སློབ་གླིང་དེར་ཡོད་སྐབས་སུ་འཛིན་གྲྭ་བདུན་ཡོད་ཅིང་།  ཐོག་མའི་གྲྭ་སྒྲིག་འཛིན་གྲྭ་དང་དངོས་གཞི་འཛིན་གྲྭ་གཉིས་ཀྱི་སྐབས་སུ་བོད་ཡིག་གི་དབྱངས་གསལ་ངོས་འཛིན་དང་སྦྱོར་ཀློག་འབྲི་གསུམ།      ལེགས་བཤད་དང་གཏམ་རྒྱུད།   དག་ཡིག་སོགས་བསླབ་དགོས་པ་དང་།  དབྱིན་ཡིག་ལ་དབྱངས་གསལ་ངོས་འཛིན་ནས་རྒྱལ་སྤྱིའི་སྒྲ་རྟགས།   སློབ་ཚན་འབྲི་ཀློག   རྒྱུན་བཀོལ་ཁ་བརྡ།  རྒྱ་ཡིག་ལ་མགོ་སྒྲ་སྦྱོར་ཡི་གེ་ནས་མིང་ཚིག་འབྲི་ཀློག་སོགས་ཀྲུང་གོའི་སློབ་ཆུང་ལོ་རིམ་དང་བོ་ནས་དྲུག་པའི་བར་གྱི་བསླབ་བྱ་དག་བསླབ་དགོས་ལ།  རྩིས་རིག་ཀྱང་དེ་བཞིན་རེད།   དམའ་རིམ་འཛིན་གྲྭ་དང་འབྲིང་རིམ་འཛིན་གྲྭ་གཉིས་ཀྱི་སྐབས་སུ་བོད་ཡིག་ལ་སུམ་རྟགས་གཉིས་དང་།  སྙན་ངག      བསྡུས་གྲྭ།     རྩོམ་ཡིག་འབྲི་སྦྱོང་སོགས་དང་།  དབྱིན་ཡིག་དང་རྒྱ་ཡིག      རྩིས་རིག་གསུམ་ལ་རྒྱལ་ཁབ་རིམ་པའི་དམའ་འབྲིང་གི་བསླབ་བྱ་དག་བསླབ་དགོས།   མཐོ་རིམ་འཛིན་གྲྭ་དང་མཐར་ཕྱིན་འཛིན་གྲྭའི་སྐབས་སུ་བོད་ཡིག་ལ་སྒྲ་རྩིས་གང་རུང་དང་།  སྙན་ངག   ལོ་རྒྱུས།  བློ་རྟགས།    ས་ལམ།   གྲུབ་མཐའ།   དོན་བདུན་ཅུ་སོགས་དང་།    དབྱིན་ཡིག    རྒྱ་ཡིག   གློག་རྩིས།  དངོས་ལུགས།  རྫས་འགྱུར་སོགས་ལ་རྒྱལ་ཁབ་རིམ་པའི་མཐོ་འབྲིང་གི་བསླབ་བྱ་དག་བསླབ་དགོས།   གསོ་རིག་ཆེད་སྦྱོང་འཛིན་གྲྭ་ལ་གོང་གསལ་བསླབ་བྱ་དག་གི་སྟེང་དུ་བོད་ལུགས་གསོ་རིག་གི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་འཁྲིད་པ་བཅས་ཡིན་ལ།   བོད་ཡིག་གི་སྦྱང་བྱའི་རིམ་པ་རྣམས་སློབ་གླིང་རང་གིས་སློབ་དེབ་ཏུ་བསྒྲིགས་ཏེ་ཚད་ལྡན་གྱི་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།  ད་དུང་འཛིན་གྲྭ་སོ་སོར་སྐབས་བབ་སྦྱང་བྱ་ལས་གཞན་བློ་འཛིན་སྐྱོར་སྦྱང་དང་རྩོད་པ།  དམ་བཅའ་སོགས་ཡོད་ཅིང་།  དམིགས་བསལ་ཤེས་རིག་འགྲན་གླེང་སྐབས་ལོ་རྒྱུས་དང་ཆབ་སྲིད།  ཁྲིམས་ལུགས།  རྒྱུན་ཤེས།  མཛེས་རིས།  རྒྱུ་རྩལ་སོགས་ལ་སྦྱོང་བརྡར་དང་ཉམས་ཞིབ་བྱ་དགོས་པ་སྟེ།  མཐར་ཕྱིན་དུས་ཡུན་ལོ་དྲུག་གི་རིང་ལ་རྒྱལ་ཁབ་རིམ་པའི་མཐོ་འབྲིང་གི་ཆུ་ཚད་ལས་བརྒལ་ཐུབ་པ་དེ་འདྲ་ཞིག་རེད།   དགེ་རྒན་གྱི་ངོས་ནས་མང་ཤས་ནི་བོད་ཀྱི་དགོན་སྡེ་ཁག་ནས་གདན་དྲངས་པའི་དགེ་བཤེས་དང་མཁས་པ།  མཐོ་རིམ་སློབ་གྲྭ་ཁག་ནས་བསླེབས་པའི་ཤེས་ཡོན་ཅན་རྐྱང་རྐྱང་ཡིན་ལ།   མགོ་སློབ་གཙོ་ནས་འོག་ལས་བཟོ་བ་ཚུན་ཆད་ཚང་མ་མི་རིགས་སློབ་གསོ་ལ་ལྷག་བསམ་གཙང་བ་དང་།  ཕན་ཚུན་བར་མཐུན་སྒྲིལ་དང་མཛའ་བརྩེ་ཟབ་པས་སྟོབས་ཤུག་ཆིལ་སྒྲིལ་བྱེད་ཐུབ་ཡོད་ལ།  ཚང་མས་འཇོན་ཐང་དང་ནུས་པ་གང་ཡོད་བཏོན་ཏེ་བྱ་བའི་སྟེང་འབད་བརྩོན་ལྷོད་མེད་བྱས་ཤིང་།  སློབ་མར་ཁ་གཏད་པའི་བསམ་བློ་དང་ཀུན་སྤྱོད་གཉིས་ཐད་ཀྱི་སློབ་གསོ་ཨང་དང་བོར་བཟུང་སྟེ་སྒྲིག་ལམ་བཟུང་བ་དམ་ཞིང་བཀོད་སྒྲིག་བྱས་པ་འཐུས་ཚང་ཡིན་པས།   སློབ་མས་དགེ་རྒན་ལ་གུས་ཤིང་དགེ་རྒན་གྱིས་སློབ་མར་གཅེས་པའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱ་ཐུབ་ཡོད།   དེ་བཞིན་སློབ་མའི་ཐད་ནས་བོད་ཡུལ་ཀྱི་ཕྱོགས་སོ་སོ་ནས་བསླེབས་པའི་སེར་སྐྱ་གཉིས་སུ་ངེས་པས་ཁྱབ་རྒྱ་ཧ་ཅང་ཆེ་མོད།   དམིགས་བསལ་བུད་མེད་གཅིག་ཀྱང་མེད།  ད་དུང་སྐབས་དེར་སློབ་གླིང་གི་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་།  གྲོང་ཁྱེར་གྱི་འུར་ཟིང་སོགས་ལ་ཁ་ཐག་རིང་བ་སོགས་ནི་སློབ་གཉེར་གྱི་ཆ་རྐྱེན་དམ་པར་གྱུར་ཡོད།   དེ་བས་སྐབས་དེ་དག་ཏུ་སློབ་གླིང་འདི་ནས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་མང་བོ་བྱུང་མྱོང་ལ།  དམིགས་བསལ་བསམ་བློའི་ཁ་ཕྱོགས་ལེགས་ཤིང་རྩོམ་རིག་སྒྱུ་རྩལ་ལ་དགའ་ཞིང་གྲུབ་འབྲས་ཧ་ཅང་བཟང་བའི་སློབ་མའང་མང་ཙམ་བྱུང་ཡོད།  དཔེར་ན་སློབ་གླིང་འདི་ནས་སྒེར་གཉེར་གྱི་དཔེ་དེབ་དང་ཚགས་པར་མང་བོ་འདོན་སྤེལ་བྱས་པ་དང་།   དམིགས་བསལ་མི་སྒེར་གྱི་ཆེད་དེབ་སྣ་ཚོགས་བརྒྱ་ཕྲག་དུ་མ་འགྲེམ་སྤེལ་བྱས་པས།   སློབ་གླིང་འདི་ནས་རྩོམ་རིག་གི་མཐོ་རླབས་ཅུང་ཆེ་བ་ཞིག་འཕྱུར་མྱོང་ཡོད།   གཞན་ཡང་ཕ་སྐད་དང་རྒྱུན་བཀོལ་ཐ་སྙད་མང་བོ་རྩོམ་སྒྱུར་དང་བསྡུ་སྒྲིག་བྱས་པའི་ཉེར་མཁོའི་དཔེ་དེབ་དང་བརྙན་འཁོར་སོགས་དམངས་ཁྲོད་དུ་བཀྲམས་པས་ཀྱང་བོད་ཀྱི་སྐད་ཡིག་གཉིས་ལ་མྱུར་སྐྱོབ་ཀྱི་ཞབས་འདེགས་བླ་མེད་བསྒྲུབས་ཡོད།  དེ་བས་བར་སྐབས་དེ་དག་ཏུ་རྭ་རྒྱའི་སློབ་གྲྭའི་སློབ་གསོའི་འཕེལ་རྒྱས་གྱི་གོམ་སྟབས་མགྱོགས་ལ་རིག་གནས་ཀྱི་མཁའ་འབུགས་ཧ་ཅང་ལེགས་པར་སྣང་བས།   སློབ་གླིང་འདིའི་མཚན་སྙན་བོད་ཡུལ་ལས་བརྒལ་ཏེ་འཛམ་གླིང་ལ་ཁྱབ་མགོ་བརྩམས། 

༢.གངས་ལྗོངས་ཤེས་རིག་དར་སླེལ་སློབ་གླིང་གི་སློབ་གསོའི་ལམ་ལུགས་དང་ཁ་ཕྱོགས།  

     སློབ་གླིང་འདི་ནི་ཨ་མདོའི་མཚོ་སྔོན་པོའི་ལྷོ་རྒྱུད།  རྫ་རི་བློན་པོ་གསེར་ཆེན་གྱི་འདབས་རོལ་ཏུ་ཡོད་ཅིང་།  སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་བོད་ཀྱི་གྲྭ་བཙུན་སློབ་གསོ་བ་ཆོས་ཚ་འཇམ་དབྱངས་གྲགས་པ་ལགས་ཀྱིས་བཙུགས་པ་ཞིག་ཡིན་ལ།  སློབ་གླིང་འདི་ནི་རྭ་རྒྱའི་སློབ་གླིང་གི་ཡན་ལག་སློབ་གྲྭ་ཞིག་ཀྱང་རེད།  དེ་ཡང་སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་དང་དམིགས་ཡུལ་ནི།    གཙོ་བོ་རྭ་རྒྱའི་སློབ་གླིང་གི་སློབ་གསོའི་ཁ་ཕྱོགས་བཟང་བོ་རྒྱུད་འཛིན་བྱས་ཐོག་དམིགས་བསལ་རང་གི་ཁྱད་ཆོས་ལྡན་པ་ཞིག་སྟེ།  བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་སྟེང་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་ཏེ་ཉེར་མཁོའི་ཤེས་བྱ་སྣ་ཚོགས་སྦྱངས་ནས་བསམ་བློ་དང་ཀུན་སྤྱོད་ལེགས་ཤིང་།  ནུས་པ་འོས་འཚམ་ཡོད་པའི་ཕྱི་རབས་པ་སྐྱེད་སྲིང་བྱེད་རྒྱུ་དང་།  རང་ས་གནས་ཀྱི་ལོ་ན་ཉེར་ལྔ་ནས་བཅོ་ལྔའི་བར་གྱི་ན་གཞོན་ཡིག་རྨོངས་པ་རྣམས་ལ་ཁ་གཏད་དེ།  དུས་ཡུན་ལོ་ངོ་གསུམ་ནས་བཞིའི་རིང་ལ་སློབ་མ་རྣམས་ཡིག་རྨོངས་ལས་ཐར་ཏེ་སོ་སོར་རྨང་གཞིའི་སློབ་གསོའི་ཆུ་ཚད་འཐུས་ཚང་ཞིག་རེག་ཏུ་འཇུག་རྒྱུ་དེ་རེད།  སློབ་གླིང་འདིའི་དགེ་རྒན་ཕལ་ཆེ་བ་སྔ་རྗེས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་ཅིང་རྗེས་སོར་རྒྱལ་ཁབ་སློབ་གྲྭ་གང་མང་འགྲིམས་ཤིང་སྤྱི་ཚོགས་ལས་རྐང་མང་བོ་ནས་བྱ་བའི་ཉམས་མྱོང་བླངས་མྱོང་ལ། དམིགས་རྒྱང་རིང་ཞིང་ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པ།   བསམ་བློ་འཐུས་ཚང་ཡིན་པ།  ཕན་ཚུན་བར་མཐུན་སྒྲིལ་དམ་ཞིང་མཛའ་བརྩེ་ཟབ་པ་སོགས་སློབ་གླིང་འདིར་དགེ་རྒན་གྱི་དཔུང་སྡེ་ཡག་པོ་ཞིག་ཆགས་ཡོད།  སློབ་གླིང་འདིར་ད་སྔ་འཛིན་གྲྭ་གསུམ་ཡོད་ཅིང་།   སོ་སོར་གོང་གསལ་རྭ་རྒྱའི་སློབ་གྲྭའི་འཛིན་གྲྭ་ཐོག་མ་གསུམ་གྱི་སྦྱང་བྱ་ཇི་བཞིན་བཀོད་སྒྲིག་བྱས་ཡོད་ཅིང་།  བོད་ཡིག་གི་བསླབ་དེབ་ཆ་ཚང་རྭ་རྒྱའི་སློབ་གླིང་གིས་བསྒྲིགས་པའི་བསླབ་དེབ་རྣམས་ཡིན་ལ།  དེའི་སྟེང་དུ་བློ་གསལ་འཇུག་ངོགས་དང་སྙན་ངག་སྤྱི་དོན།  ལོ་རྒྱུས་ཀུན་དགའི་མེ་ལོང་།  གུང་ཐང་བསླབ་བྱ་སོགས་ཆ་ཚང་ཁྲིད་དེ།  བོད་ཡིག་གི་ཆུ་ཚད་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མཐོ་འབྲིང་གི་ཆུ་ཚད་དང་།  རྒྱ་ཡིག་དང་དབྱིན་ཡིག    རྩིས་རིག་སོགས་དམའ་འབྲིང་གི་ཆུ་ཚད་ལ་བསླེབ་ཏུ་འཇུག་རྒྱུ་དེ་རེད།  ད་དུང་སྐབས་བབ་སྦྱང་བྱ་ལས་གཞན་ཆེད་མཁས་པའི་འཆད་ཁྲིད་དང་ཤེས་རིག་འགྲན་གླེང་དང་།  བགྲོ་གླེང་དང་འགྲན་བསྡུར།  རིག་རྩལ་དང་ལུས་རྩལ་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་ཏེ་སློབ་མའི་བསམ་བློ་སྐྱེད་སྲིང་དང་འཇོན་ནུས་སྔོག་འདོན་སོགས་ལ་ཕན་པའི་ཐབས་ལམ་སྣ་མང་བསྟེན་པ་བཅས་ཀྱི་དབང་གིས།   དུས་ཡུན་ལོ་ལྔའི་ནང་ལ་དམིགས་བསལ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས།    ཐོག་མའི་དམིགས་ཡུལ་དང་འཆར་གཞིའི་ཚད་ཐིག་ལས་བརྒལ་ཏེ་སློབ་ཞུགས་སློབ་མའི་ཁྱབ་ཁོངས་བོད་ཁམས་ཡོངས་ལ་ཁྱབ་ཡོད་ནའང་།   གནས་སྐབས་འདིར་རྒྱལ་གཞུང་གི་ཆོག་མཆན་མ་ལོན་པར་སློབ་མཚམས་བཞག་ཡོད། 

     གོང་དུ་མཚམས་སྦྱོར་ཞུས་པའི་སློབ་གླིང་འདི་གཉིས་ཀྱིས་ད་བར་དུ་བླངས་པའི་གྲུབ་འབྲས་འདི་ལྟ་བུ་ནི།  སློབ་གྲྭ་བཙུགས་པའི་དུས་ཡུན་དང་།  མིག་སྔའི་དཔལ་འབྱོར་གྱི་ཆ་རྐྱེན།    སྤྱི་ཚོགས་ཀྱི་རྒྱབ་སྐྱོར།   རྒྱལ་ཁབ་ཀྱི་ལྟ་སྐྱོང་གང་ཐད་ནས་བལྟས་ནའང་མཐུན་རྐྱེན་ཞན་པའི་བར་བརྒལ་ཆེན་པོ་ཞིག་སྟེ།   ཧ་ཅང་བློ་ཡུལ་དུ་ཤོངས་དཀའ་བ་ཞིག་རེད།   རྒྱུས་ལོན་བྱུང་བ་ལྟར་ན།  ཤེས་རིག་ནོར་བུའི་སློབ་གླིང་ཐོག་མར་སྒྲུབ་མགོ་རྩོམ་དུས་སློབ་གཙོ་འཇིགས་མེད་རྒྱལ་མཚན་ཁོང་མི་སྒེར་གྱི་ཕྱག་ཏུ་སློབ་སྒྲུབ་ཀྱི་མ་དངུལ་སྒོར་སུམ་སྟོང་ཙམ་ལས་མེད་ཅིང་།  ཤེས་རིག་དར་སྤེལ་སློབ་གླིང་ཐོག་མར་སྒྲུབ་དུས་སློབ་གཙོ་འཇམ་དབྱངས་གྲགས་པའི་ཕྱག་ཏུ་སློབ་སྒྲུབ་མ་དངུལ་སྒོར་སུམ་ཁྲི་ཙམ་ལས་མེད་ཟེར།  ཡིན་ནའང་གྲྭ་རྐྱང་ཁོང་གཉིས་ཀྱི་སྙིང་སྟོབས་ལ་ཞུམ་པ་མེད་ཅིང་ཐབས་ཤེས་ལ་འཛད་པ་མེད་པར་རང་རང་ས་ནས་གཞན་ལ་སློང་མོ་བྱས་ཤིང་སྒོར་མོ་གཡར་བསྐྱི་སོགས་བྱས་ཏེ།  སློབ་གླིང་འདི་གཉིས་མེད་པ་ནས་ཡོད་པ་དང་།   ཡོད་པ་ནས་ད་ལྟའི་ཚད་འདིར་བསྒྲུབས་འོངས་པ་རེད།   ད་རུང་སློབ་གྲྭ་བཙུགས་ཏེ་ཐོག་མར་སློབ་མ་བསྡུ་སྐབས་སློབ་གླིང་གཉིས་ཀར་གསར་ཞུགས་སློབ་མ་བཅུ་ཕྲག་འགའ་རེ་ལས་མེད་ཅིང་།   ཆེས་བཟང་བའི་སློབ་གསོའི་ཐབས་ལམ་གང་ཞིག་མ་ནོར་བར་བེད་སྤྱོད་བཏང་བའི་དབང་གིས།   སློབ་གླིང་གཉིས་ཀའི་སློབ་མའི་ཁྱབ་ཁོངས་བོད་ཁམས་ཡོངས་ལ་ཁྱབ་བཞིན་ཡོད།   དམིགས་བསལ་ཤེས་རིག་ནོར་བུའི་གླིང་ལ་མཚོན་ན་ས་ཁུལ་གཞན་དང་གཞན་དུའང་ཡན་ལག་སློབ་གྲྭ་དུ་མ་ཡོད་ཅིང་།   དེ་དག་གིས་རང་རང་གི་ས་གནས་སུ་བོད་ཀྱི་སློབ་གསོ་ཡར་རྒྱས་ཀྱི་ཐད་ལ་ནུས་པ་བླ་མེད་ཐོན་གྱིན་ཡོད།   ད་དུང་སློབ་གླིང་འདིས་གཞུང་སྒེར་གྱི་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གཞན་དག     སྤྱི་ཚོགས་ཀྱི་ཕྱོགས་མང་བོར་སྣེ་ཁྲིད་དང་ལམ་སྟོན་གྱི་ནུས་པ་བླ་ལྷག་ཐོན་གྱིན་ཡོད།    ཤེས་རིག་དར་སྤེལ་སློབ་གླིང་གིས་གཙོ་བོ་སློབ་ལོ་བརྒལ་བའི་བོད་ཁམས་ཀྱི་ན་གཞོན་སེར་སྐྱ་ཕོ་མོ་རྣམས་ལ་ཁ་གཏད་དེ་དུས་ཡུན་ཐུང་བའི་སློབ་སྦྱོང་གི་ཁོར་ཡུག་སྐྲུན་གྱིན་ཡོད་པས་མི་ཚད།   ད་རུང་སྔ་ཕྱིར་མཐར་ཕྱིན་སློབ་མ་མང་བོ་མཐོ་རིམ་སློབ་གྲྭ་ཁག་ཏུ་མངགས་ཀྱིན་ཡོད་པས།  བོད་མི་རྨོངས་པ་དང་རྗེས་ལུས་ལས་ཐར་ཏེ་སྔོན་ཐོན་ཅན་དུ་བསྒྱུར་བར་འདི་ལས་ལྷག་པའི་མཐུན་རྐྱེན་སྦྱར་རྒྱུ་མེད་དོ།།

བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོའི་བཟང་ཆ།

    དེང་སྐབས་བོད་ཁུལ་གྱི་གཞུང་གཉེར་སློབ་གྲྭ་དག་ལས་སྒེར་གཉེར་སློབ་གྲྭ་རྣམས་ཀྱི་བསྟན་པ་ཆེས་ཆེར་དར་གྱིན་འདུག      དེ་ལ་རྒྱུ་རྐྱེན་གཙོ་བོ་བཅུ་ཡོད་པར་འདོད་དེ།   ༡སློབ་གསོའི་རྒྱུ་སྤུས་བཟང་བ།   ༢དགེ་རྒན་ལ་ཡོན་ཏན་དང་ལྷག་བསམ་ཡོད་པ།  ༣བསླབ་བྱའི་གཞུང་ལུགས་ཚད་ལྡན་ཡིན་པ།  ༤སློབ་ཁྲིད་ཀྱི་བྱེད་ཐབས་འགྲིག་པ།    ༥སྒྲིག་ལམ་བཟང་བ།    ༦སློབ་སྦྱོང་གི་ཁོར་ཡུག་ལེགས་པ།    ༧ལོ་ནའི་ཚད་བཀག་མེད་པ།    ༨སློབ་སྦྱོང་གི་དུས་ཡུན་འོས་འཚམ་ཡིན་པ།    ༩སྐར་གྲངས་དང་ལག་རྟགས་གཙོ་བོར་མི་བྱེད་པ།   ༡༠སློབ་ཡོན་སྟེར་མི་དགོས་པ་བཅས་སོ།།

གོང་གསལ་རྒྱུ་རྐྱེན་དེ་དག་གི་དབང་གིས་བོད་ཀྱི་སྒེར་གཉེར་སློབ་གྲྭ་རྣམས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་དང་སློབ་གསོ་ཡར་རྒྱས་ལ་ནུས་པ་བླ་མེད་ཐོན་གྱིན་ཡོད་པར་མ་ཟད།   བསམ་བློ་དང་ཀུན་སྤྱོད།   འཇོན་ཐང་དང་ནུས་པ་སོགས་བསྐྱེད་བསྲིང་བྱས་པ་ཧ་ཅང་ལེགས་པས།  ད་ལྟའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་སྒེར་བཙུགས་སློབ་གྲྭ་ནི་མེད་དུ་མི་རུང་བའི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད་པས།   ཚང་མས་རྒྱབ་སྐྱོར་དང་གཞོག་འདེགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་མཐོང་ངོ་།།

བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོའི་ཞན་ཆ།

གོང་གསལ་སྒེར་གཉེར་སློབ་གྲྭ་འདི་དག་གི་སློབ་གསོའི་ཁ་ཕྱོགས་དང་ལམ་ལུགས་ཀྱི་ཐད་ན་དམིགས་བསལ་མ་འདང་ས་དང་སྐྱོན་ཆ་ཆེན་པོ་མེད་པས་ཞན་ཆ་ཞེས་གླེང་རྒྱུ་ཅང་མེད་ནའང་།    སྤྱིར་བཏང་སྒེར་གཉེར་སློབ་གྲྭ་མང་ཤས་ལ་ཡོད་པའི་ཆ་རྐྱེན་སྐོར་གྱི་ཞན་ཆ་རེ་གཉིས་བཤད་པ་ལ།   ༡དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ།     ༢དགེ་རྒན་དང་ལས་བཟོ་བ་འཐུས་ཚང་མིན་པ།   ༣བསླབ་དེབ་དང་སློབ་ཆས་སོགས་ཀྱི་སྒྲིག་གཞི་ཆ་མི་ཚང་བ།   ༤གཞུང་ཕྱོགས་ཀྱི་འབྲེལ་ལམ་ཞན་པ།   ༥སློབ་གསོའི་སྒྲིག་སྲོལ་དང་ཁྲིམས་ལུགས་ལ་བློ་སྦྱོང་དང་ལག་ལེན་ཞན་པ།       ༦རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་གསར་བ་དང་འཆར་བཀོད་སོགས་ལ་རྒྱུས་ལོན་བྱས་པ་མི་འདང་བ།

༨མཐར་ཕྱིན་དཔང་ཡིག་ཚད་ལྡན་མིན་པ་དང་ཚད་གཞི་ཞན་པ་སོགས་དོན་ཚན་གཙོ་བོ་བརྒྱད་པོ་འདི་དག་ནི་མིག་སྔའི་བོད་ཀྱི་སྒེར་གཉེར་སློབ་གྲྭ་ཁག་གི་ཞན་ཆར་མཐོང་བས་ན།   རྗེས་ཕྱོགས་ཡུལ་དང་དུས་ལ་བསྟུན་ཤེས་ཀྱིས་ཐབས་ཤེས་གང་ཡོད་སྤྱད་དེ་དཀའ་ཁག་འདི་དག་ལས་རྣམ་པར་རྒྱལ་ཐུབ་དགོས།   དེ་མིན་ས་ཆ་སོ་སོ་ནས་སྒེར་གཉེར་སློབ་གྲྭ་མང་བོ་ཞིག་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་བཙུགས་ནའང་ཡུན་རིང་བོར་རྒྱུན་འཁྱོངས་བྱ་མི་ཐུབ་པ་ཐག་གིས་ཆོད་དོ།།

བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོ་ཚད་ལྡན་དུ་གཏོང་ཐབས།

       སྤྱིར་བཏང་སྒེར་གཉེར་སློབ་གྲྭ་ནི་གཞུང་གཉེར་སློབ་གྲྭའི་སྟོང་ཆ་བསྐང་ཆེད་དུ་བཙུགས་པ་ཞིག་གམ།   ཡང་ན་དེའི་ཁ་ཕྱོགས་དང་རྦད་དེ་ཐ་དད་དུ་གྱུར་བའི་དམིགས་བསལ་གྱི་སློབ་གསོའི་སྡེ་ཁག་ཅིག་ཏུ་ངོས་གཟུང་དགོས།

ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་སློབ་གསོའི་གནས་བབ་ལ་བལྟས་ན།   སྒེར་བཙུགས་སློབ་གྲྭའི་སློབ་གསོ་ནི་མེད་དུ་མི་རུང་བ་ཞིག་སྟེ།   ང་ཚོར་དོན་ངོ་མར་རེ་ལྟོས་འཆའ་ས་འདི་ལས་མི་འདུག    སྤྱིར་བཏང་རྒྱལ་གཞུང་གིས་ཕྱི་ཚུལ་ནས་མི་རིགས་ས་ཁུལ་ལ་སློབ་གྲྭ་འདྲ་མིན་བཙུགས་ཤིང་བོད་ཡིག་གི་ཐོག་ནས་རང་མི་རིགས་ཀྱི་རིག་གནས་བསླབ་ཆོག་པའི་སྲིད་ཇུས་གཏན་ལ་ཕབས་ཡོད་ཟེར་བཞིན་འདུག་ནའང་།   དོན་ངོ་མའི་སྟེང་ནས་མི་རིགས་སློབ་གསོའི་ལས་དོན་ལ་མངོན་ལྐོག་གང་རུང་ནས་གནོན་ཤུགས་རྐྱང་རྐྱང་སྤྲོད་པ་ལས་རྒྱབ་སྐྱོར་ཅི་ཡང་བྱེད་ཀྱིན་མེད་ལ།   ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོར་བྱ་བའི་སྟེང་མདུན་ལམ་ཅི་ཡང་མེད་པ་བཟོས་ཡོད།  ད་དུང་ཕྱི་ཚུལ་གྱི་རྒྱས་ཤོམ་ཙམ་ལས་ནང་སྙིང་གིས་དབུལ་བའི་རྒྱལ་གཉེར་སློབ་གྲྭ་དེ་དག་ལ་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་སོང་སྟེ་མཐར་ཕྱིན་ནས་ཕྱིར་སྤྱི་ཚོགས་སྟེང་བསླེབས་འོངས་དུས་ཡོན་ཏན་དང་ཀུན་སྤྱོད་ཡར་རྒྱས་འབྱུང་རྒྱུ་ལྟ་ཞོག      དེ་ལས་ལྡོག་སྟེ་འཇོན་ཐང་དང་ནུས་པ་ཅི་ཡང་མེད་པའི་རྐྱལ་སྟོང་དང་ཁྲམ་པ་སྐོར་ཞིག་སྐྱེད་སྲིང་བྱས་པ་ལས་ཅི་ཡང་མེད་པ་ཆགས་ཀྱིན་འདུག      དེས་ན་ང་ཚོས་རང་གི་བུ་རབས་ཚ་རྒྱུད་རྣམས་འཕྲོ་བརླག་ཏུ་མི་གཏོང་ཆེད་སྒེར་བཙུགས་སློབ་གྲྭ་སྣ་ཚོགས་བཙུགས་ནས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་སྟེང་དེང་རབས་སྔོན་ཐོན་རིག་གནས་ཀྱི་ལེགས་ཆ་འཛོམས་པའི་སློབ་གསོའི་ཁོར་ཡུག་ཚད་ལྡན་ཞིག་བསྐྲུན་རྒྱུ་ནི་རང་རེའི་ཐར་ལམ་ཉག་གཅིག་ཏུ་གྱུར་ཡོད་དོ།།

དེ་བས་སྒེར་གཉེར་སློབ་གྲྭ་ཁག་གིས་སོ་སོར་རང་རང་གི་ཁྱད་ཆོས་དང་ཁ་ཕྱོགས་དམིགས་བསལ་བ་ཞིག་ཡོད་དུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། གལ་སྲིད་སྒེར་གཉེར་སློབ་གྲྭ་ལ་རང་གི་ཁྱད་ཆོས་དང་དགེ་མཚན་དམིགས་བསལ་བ་ཞིག་སྟོན་རྒྱུ་མེད་ཅིང་།   དེ་ནི་འཛུགས་མཁན་རང་རང་གི་ཁེ་གྲགས་གཉེར་བྱེད་ཅིག་ཏུ་གྱུར་ཚེ།   དེས་མིའི་རིགས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་དལ་འགོར་བྱས་ཤིང་མི་རིགས་སློབ་གསོ་ལམ་ལོག་ཏུ་ཁྲིད་པའི་ནག་ཉེས་གནམ་དུ་མི་ཤོང་བར་འགྱུར་ངེས།

དེས་ན་བོད་ཀྱི་སྒེར་གཉེར་སློབ་གྲྭ་སོ་སོས་རང་གི་ཁྱད་ཆོས་ཅི་ཞིག་དང་ཁ་ཕྱོགས་གང་ཞིག་གཙོ་བོར་བཟུང་ན་འགྲིག་གམ་ཞེ་ན།   བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སློབ་གསོའི་ཐབས་ལམ་དག་ལས་དུས་དང་མཐུན་པའི་ཉེ་བར་མཁོ་བའི་ཤེས་བྱ་དང་ལམ་ལུགས་ལེགས་པོ་རྣམས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཤིང་།   དེའི་སྟེང་དུ་དེང་རབས་སྔོན་ཐོན་གྱི་ཤེས་རིག་དང་ལམ་ལུགས་གསར་བ་རྣམ་གདམས་གསེས་མ་ནོར་བར་བེད་སྤྱོད་དང་ལག་ལེན་ཟུང་སྦྲེལ་གྱིས་བཀོད་སྒྲིག་བྱ་དགོས།   

དཔེར་ན།   སྲོལ་རྒྱུན་རིག་གནས་ཀྱི་སྐོར་ལ།  སློབ་གྲྭ་གང་དེར་སློབ་སྒྲུབ་ཀྱི་ཆ་རྐྱེན་འཐུས་ཚང་འཛོམས་ན།  བོད་ཀྱི་རིག་གནས་བཅུ་བོ་ཆ་ཚང་སྦྱང་སའི་སྒེར་བཙུགས་མཐོ་རིམ་སློབ་ཆེན་མང་བོ་ཞིག་གཟུག་དགོས་ལ།  གལ་སྲིད་ཆ་རྐྱེན་འོས་འཚམ་ཞིག་ལས་མེད་ཚེ། གནས་སྐབས་རིང་དེའི་བྱེ་བྲག་རེ་རེ་སྦྱང་སའི་ཆེད་སྦྱོང་འཛིན་གྲྭ་ལྟ་བུ་བསྒྲུབ་དགོས།  དེ་ལ་ཐོག་མར་བརྡ་སྤྲོད་ཀྱི་ཐད་ནས་དག་ཡིག་ཚད་ལྡན་གྱི་སྐོར་དང་།  སུམ་རྟགས་གཉིས་ཀྱི་རྩ་བ་གཞིར་བཟུང་སྟེ་དེའི་སྟེང་དུ་སྔོན་བྱོན་མཁས་པའི་འགྲེལ་བ་ཚད་ལྡན་གྱི་རིགས་བསླབ་དེབ་ཏུ་སྤྱོད་རྒྱུ་དང་།   དེ་ནས་བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་དང་མདོ་མཛངས་བླུན།  མི་རོ་རྩེ་སྒྲུང་།  གེ་སར་སྒྲུང་།  སྐྱབས་འགྲོ།  ལྟུང་བཤགས།  མདོ་གདུགས་སྒྲོལ་གསུམ།   བཟང་སྤྱོད།   སྤྱོད་འཇུག་སྨོན་ལམ་སོགས་བློར་འཛིན་གྱི་བསླབ་བྱ་བཀོད་སྒྲིག་བྱས་ཏེ་བོད་ཡིག་གི་རྨང་གཞི་བརྟན་པོ་འཇོག་པ།   དེ་ནས་མངོན་བརྗོད་དང་མཁས་འཇུག   སྙན་ངག་མེ་ལོང་མ་དང་དེའི་འགྲེལ་བ་སོགས་རྩོམ་རིག་སྐོར་གྱི་བསླབ་ཚན་བཀོད་སྒྲིག་བྱ་རྒྱུ་དང་།  དེ་རྗེས་རིམ་པས་བསླབ་བྱ་དང་ལེགས་བཤད།   བློ་སྦྱོང་དང་བློ་རིགས།   སེམས་ཁྲིད་དང་སྤྱོད་འཇུག   ལམ་རིམ་སོགས་ཀུན་སྤྱོད་སློབ་གསོའི་སྐོར་གྱི་གཞུང་ལུགས་དག་ལས་ཉིང་བསྡུས་ཀྱིས་བསླབ་ཚན་བཀོད་སྒྲིག་བྱ་རྒྱུ།  བསྡུས་གྲྭ་དང་རྟགས་རིགས།  གྲུབ་མཐའ་དང་རྣམ་འབྲེལ།   རྟེན་འབྲེལ་བསྟོད་པ་དང་དབུ་མ་རྩ་བ།  མཛོད་སོགས་མཚན་ཉིད་རིག་པའི་སྐོར་གྱི་བསླབ་ཚན་རྒྱས་བསྡུས་འཚམ་པར་བཀོད་སྒྲིག་བྱ་རྒྱུ།   སྐར་རྩིས་དང་ས་དཔྱད་སོགས་གནམ་རིག་དང་ས་གཤིས་རིག་པའི་སྐོར་གྱི་བསླབ་ཚན་བཀོད་སྒྲིག་བྱ་རྒྱུ།  སྒྲ་མདོ་དང་སྔགས་བཀླགས་ཐབས་སོགས་ཀྱི་སྟེང་ནས་རྒྱ་གར་བའི་སྒྲ་རིག་པའི་སྐོར་གྱི་བསླབ་ཚན་བཀོད་སྒྲིག་བྱ་རྒྱུ།  སྔགས་ཀྱི་ས་ལམ་སོགས་ཀྱི་སྟེང་ནས་གསང་སྔགས་རིག་པའི་སྐོར་གྱི་བསླབ་ཚན་བཀོད་སྒྲིག་བྱ་རྒྱུ།  གསོ་རིག་དང་བཟོ་རིག་གི་ཐད་ནས་ཀྱང་ཉེར་མཁོའི་རྒྱུན་ཤེས་སྐོར་གྱི་བསླབ་ཚན་འོས་འཚམ་བཀོད་སྒྲིག་བྱ་རྒྱུ་དང་།   ལྷག་པར་བོད་ཀྱི་སྲོལ་རྒྱུན་གྱི་ལག་རྩལ་སྐོར་གྱི་ཤེས་བྱ་ཁྲིད་སྤེལ་བྱ་རྒྱུ།  ད་དུང་བོད་ཀྱི་མོ་འདེབས་དང་བྲ་ཕབ་པའི་རིག་པ།  གཏོ་ཆོག་གི་རིག་པ།  ཆར་འབེབས་རླུང་འགུག་སོགས་མན་ངག་གི་རིག་པ།   གཉེན་སྲོལ་དང་དུར་འདེབས་སོགས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ཉེར་མཁོའི་དམངས་སྲོལ་གྱི་རིག་གནས་སོགས་ཀྱང་ངེས་པར་བསླབ་ཚན་དུ་བཟོས་ཏེ་ཁྲིད་སྤེལ་བྱ་དགོས།    གཞན་ཡང་།    འཆད་པའི་འགྲན་བསྡུར་དང་།   རྩོད་པའི་འགྲན་བསྡུར།   རྩོམ་པའི་འགྲན་བསྡུར་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཁས་པའི་བྱ་བ་རྣམ་གསུམ་སོགས་ལ་སྦྱོང་བརྡར་རམ་ཟབ་སྦྱོང་བྱ་བ་སྟེ་བསླབ་དེབ་དང་སློབ་ཁྲིད་མེད་པའི་དམིགས་བསལ་གྱི་བྱེད་སྒོའམ་བྱ་འགུལ་ཡང་ཡང་སྤེལ་བ་སོགས་ཀྱང་ཤིན་ཏུ་གལ་ཆེ་བར་མཐོང་བས་འདིར་གསལ་འདེབས་བྱས་པ་ཡིན།

དེང་རབས་རིག་གནས་ཀྱི་སྐོར་ལ།   རྒྱལ་ཁབ་ཕྱི་ནང་གི་བསླབ་དེབ་རྩོམ་སྒྲིག་ཁང་དག་གིས་བསྒྲིགས་ཤིང་སློབ་གྲྭ་ཆེས་བཟང་ཤོས་རྣམས་སུ་སྤྱོད་ཀྱིན་པའི་རྩིས་དངོས་རྫས་གསུམ་གྱི་བསླབ་ཚན་ཆ་ཚང་བཀོད་སྒྲིག་བྱ་རྒྱུ་དང་།   དེང་རབས་ཀྱི་གནམ་དཔྱད་དང་ས་གཤིས་རིག་པ།   སྐྱེ་དངོས་རིག་པ།   གནའ་རྫས་བརྟག་དཔྱད་རིག་པ།  གློག་རྡུལ་རིག་པ།   བཟོ་སྐྲུན་རིག་པ།  དཔལ་འབྱོར་རིག་པ།  ཁྲིམས་ལུགས།  ཆབ་སྲིད།  གསར་འགོད།   བཟོ་ཚོང་།  རྩིས་གཉེར།  དོ་དམ་སོགས་ཀྱི་ཐད་ནས་ཆེད་སྦྱོང་འཛིན་གྲྭ་བསྒྲུབ་རྒྱུ།  དེ་མིན་ད་ལྟ་དང་མ་འོངས་པར་ང་ཚོར་ངེས་པར་མཁོ་བའི་འཆར་བཀོད་དང་པར་འདེབས།  གློག་བརྙན།   གླུ་གར།  འཁྲབ་སྟོན།    རི་མོ།   འཇིམ་བཟོ།  བརྐོས་རིས།  གཏེར་འདོན།  ཆུ་བེད།  གློག་ལས།  ནགས་ལས།  ཨར་ལས།  ཞིང་ལས།  ཕྱུགས་ལས།     འཕྲུལ་ཆས་ཞིག་གསོ།  ཟ་མ་གཡོས་སྦྱོར། ཐོན་སྐྱེད།  ལས་སྣོན་སོགས་ཀྱི་ལག་རྩལ་འཛིན་གྲྭ་བསྒྲུབ་རྒྱུ།  ཡིག་རིགས་ཀྱི་ཐད་ནས་དབྱིན་ཡིག་དང་རྒྱ་ཡིག    འཇར་མན་དང་ཧྥ་རན་སི།  ཉི་ཧོང་དང་ལ་ཏེན་སོགས་འཛམ་གླིང་སྟེང་རྒྱུགས་ཆེ་བའི་སྐད་ཡིག་གི་བསླབ་དེབ་ལེགས་ཤོས་རྣམས་བཀོད་སྒྲིག་བྱ་རྒྱུ་བཅས་ཡིན།  

དགེ་རྒན་གྱི་སྐོར་ལ།  བོད་ཡིག་གི་འཛིན་རིམ་དང་བོ་ལྟ་བུ་ལ་ཐོག་མའི་སྦྱོར་ཀློག་འཁྲིད་མཁན་གྱི་དགེ་རྒན་དེ་ཉིད་ཁ་ལྕེ་དག་ཅིང་བརྡ་སྤྲོད་ཀྱི་གཞུང་དང་ཡུལ་སྐད་སྣ་ཚོགས་ལ་གོམས་པ་ཞིག་ཡིན་དགོས་ལ།   འཛིན་རིམ་གཉིས་པ་ལ་ཕུགས་བསམ་ཡོད་ཅིང་ལང་ཚོའི་གསོན་ཤུགས་ཀྱིས་བརྟས་པའི་ན་གཞོན་ཤེས་ཡོན་ཅན་གྱི་དགེ་རྒན་ཡིན་དགོས།  འཛིན་རིམ་གསུམ་པ་ལ་བསླབ་བྱ་དང་ལས་རིགས་སོགས་ལ་ཆེད་ལས་ཀྱི་ཡོན་ཏན་ལྡན་པའི་སྤྱོད་བཟང་ཚུལ་ལྡན་གྱི་དགེ་རྒན་དང་།   འཛིན་རིམ་བཞི་བ་དང་ལྔ་བ་སོགས་ལ་བྱ་བའི་ཐད་མཉམ་མྱོང་ཡོད་ཅིང་འཚོ་བའི་ཕྱོགས་ལ་མྱོང་གོམས་ཟབ་པ།  དམིགས་བསལ་སློབ་གསོ་རིག་པ་ལ་མཁས་ཤིང་།   འཇིག་རྟེན་ལྟ་ཚུལ་ཡང་དག་ལྡན་པ།   སློབ་བུ་རྣམས་ལེགས་ལམ་དུ་འཁྲིད་ནུས་ཤིང་གསར་བཏོད་ཀྱི་འཇོན་ཐང་ལྡན་པའི་དགེ་རྒན་བསམ་བློ་བ་མང་བོ་བཀོད་སྒྲིག་བྱ་དགོས།   དེ་བཞིན་དེང་རབས་ཀྱི་རིག་ཚན་གཞན་དག་དང་ཡིག་རིགས་གཞན་དག་གི་དགེ་རྒན་ཡང་ཡོན་ཚད་དང་བསམ་བློ།  ནུས་པ།  ཉམས་མྱོང་།  ལྷག་བསམ་སོགས་ཀྱི་ཆ་རྐྱེན་བཞི་ངེས་པར་ཚང་བའི་ས་གནས་རང་གི་མི་ཡོད་ན་རབ་དང་།   མེད་ན་ཕྱོགས་གཞན་དང་གཞན་ནས་གདན་ཞུ་བྱ་དགོས་པ་བཅས་སོ།།

     གོང་གསལ་གནའ་དེང་གི་རིག་གཞུང་མི་འདྲ་བ་ཁག་དང་རྒྱུན་ཤེས་དང་ལག་རྩལ་གྱི་ཕྱོགས་གང་ཡིན་ནའང་།  ངེས་པར་དུ་སློབ་མ་རྣམས་བསླབ་བྱ་དེ་དག་གི་ཆེད་མཁས་མི་སྣའམ་རིགས་གཅིག་རྐང་འཛིན་པར་སྐྱེད་སྲིང་བྱ་ཐུབ་པར་འབད་བརྩོན་གནང་རྒྱུ་ནི་བོད་ཀྱི་སྒེར་གཉེར་སློབ་གྲྭའི་གནས་སྐབས་ཀྱི་ཁ་གཏོད་ཡུལ་དང་མཐར་ཐུག་གི་དམིགས་ཡུལ་ཡིན་ལ།    དེ་ལྟར་ངོས་ཟིན་ཏེ་ལག་ལེན་དུ་གདབ་རྒྱུ་ནི་སློབ་གཙོ་དང་དགེ་རྒན་རྣམས་ཀྱི་འོས་འགན་ཉག་གཅིག་ཡིན་པ་དང་།   དེ་ལ་ད་དུང་འབྲེལ་ཡོད་ལས་ཁུངས་རྣམས་ཀྱི་རྒྱབ་སྐྱོར་དང་སྤྱི་ཚོགས་སྟེང་གི་མི་སྣ་སོ་སོའི་རྒྱབ་སྐྱོར་བཅས་ངེས་པར་མཁོ་བ་ཤེས་དགོས་སོ།།

བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོའི་མ་འོངས་པའི་མདུན་ལམ།

      ད་ལྟའི་བོད་ཀྱི་སྤྱི་ཚོགས་ནི་སྔོན་ཆད་དང་མི་འདྲ་བར་མི་དམངས་ཀྱི་སློབ་གསོའི་གོ་རྟོགས་ཅུང་ཟད་སད་ཡོད་པ་དང་།  དཔལ་འབྱོར་གྱི་ཆ་རྐྱེན་ཡང་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ནས་བརྒྱད་ཅུ་བ་དང་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས།  ང་ཚོས་གོ་སྐབས་བཟང་བོ་འདི་བེད་སྤྱོད་གཏོང་ཤེས་ན།   བོད་ཀྱི་སྒེར་གཉེར་སློབ་གྲྭའི་ཕྱི་ནང་གི་ཆ་རྐྱེན་གང་ཐད་ནས་ཀྱང་ཧ་ཅང་མགྱོགས་མྱུར་ངང་ཡར་རྒྱས་སུ་འགྲོ་ཐུབ་པ་ཞིག་རེད་འདོད།   ད་ལྟ་ཞིང་འབྲོག་མང་ཚོགས་ཀྱིས་ཀྱང་སློབ་གསོ་ཡར་རྒྱས་ཀྱི་ཆེད་དུ་ཞལ་འདེབས་འབུལ་རྒྱུར་སེར་སྣ་མེད་ཅིང་།   རང་རང་གི་བུ་བུ་མོ་སློབ་གྲྭར་སྐྱེལ་ནའང་སྒེར་གཉེར་སློབ་གྲྭ་འདེམས་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག    འདི་ལྟ་བུའི་གོ་སྐབས་ནི་སྔོན་ཆད་ཡོད་མྱོང་མེད་པ་ཞིག་སྟེ།   གལ་སྲིད་ང་ཚོས་དམ་འཛིན་ཡག་པོ་བྱ་ཐུབ་ན་བོད་ཀྱི་སྒེར་གཉེར་སློབ་གྲྭའི་མདུན་ལམ་ནི་རྒྱ་ཧ་ཅང་ཆེ་ཞིང་ཁོད་ཡངས་པ་ཞིག་ཏུ་འགྱུར་ཐུབ་པ་འདྲ།   དེའང་ཁ་གསལ་བོས་བཤད་ན།   རིག་གནས་དང་གོམས་སྲོལ།  དཔལ་འབྱོར་གྱི་ཆ་རྐྱེན་དང་ཁོར་ཡུག་གི་གནས་བབ་སོགས་ཕྱོགས་གང་ཐད་ནས་བོད་ཀྱི་སྤྱི་ཚོགས་ནི་ཧ་ཅང་དམིགས་བསལ་བ་ཞིག་ཡིན་པས།   མི་རིགས་ང་དྲུག་གིས་གྲུབ་པའི་གཞུང་གཉེར་སློབ་གྲྭ་ཁག་ཏུ་ང་ཚོར་འཚམས་ཤིང་ཕན་པའི་བསླབ་བྱ་སྦྱང་རྒྱུ་ཧ་ཅང་ཉུང་ཉུང་ཞིག་ལས་རེག་གིན་མེད་ཅིང་།  ལོ་ངོ་ཉི་ཤུ་ལྷག་གི་སློབ་སྦྱོང་གི་དུས་ཡུན་དང་དཔལ་འབྱོར་གྱི་འགྲོ་སྒོ།  ད་དུང་དེ་ལས་ཀྱང་རིན་ཐང་ཆེ་བའི་ན་གཞོན་གྱི་ལང་ཚོ་སོགས་རང་དགར་ཆུད་ཟོས་སུ་བཏང་བ་ལས་མ་འདས།   མ་ཟད་ད་རུང་དམིགས་བསལ་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོར་གཞུང་གཉེར་སློབ་གྲྭ་འགྲིམས་མཐར་མདུན་ལམ་ཅི་ཡང་མེད་པར་གྱུར་དང་འགྱུར་གྱིན་ཡོད་པས།  མ་འོངས་པར་བོད་རིགས་ལྟ་བུའི་གྲངས་ཉུང་མི་རིགས་ཁག་ལ་མཁོ་གལ་ཆེ་བ་ནི་སྒེར་བཙུགས་སློབ་གྲྭ་དག་ལས་གཞན་མེད་པ་ལྟ་བུ་ཞིག་ཏུ་འགྱུར་ངེས་ཡིན།   

      དེས་ན་བོད་ཀྱི་སྒེར་གཉེར་སློབ་གྲྭའི་གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་ལམ་ལུགས་ཀྱིས་མི་རིགས་ལ་སྣེ་འཁྲིད་ཐུབ་ཅིང་འཛམ་གླིང་ལ་གཡོ་འགུལ་དང་ཤུགས་རྐྱེན་བཟོ་ཐུབ་པ་ཞིག་ཡིན་དགོས་ཤིང་། དམིགས་བསལ་མི་སྣ་འཇོན་ནུས་ཅན་དང་ཆེད་མཁས་པ།  བསམ་བློ་བ་དང་གསར་བཏོད་མཁན་སོགས་སྐྱེད་སྲིང་བྱ་ཐུབ་པ་ཞིག་ཡིན་ཚེ།  ད་གཟོད་བོད་ཀྱི་སྒེར་གཉེར་སློབ་གྲྭ་འདི་དག་གི་སློབ་གསོའི་ལམ་ལུགས་ཚད་ལྡན་ནས་སྔོན་ཐོན་ཅན་དུ་གྱུར་ཏེ། མ་འོངས་པར་སྒེར་གཉེར་སློབ་གྲྭ་འདི་དག་ཀྱང་རྒྱལ་ཁབ་ཀྱི་ཆེས་མཐོའི་གཞུང་གཉེར་སློབ་གླིང་ལྟ་བུ་ཞིག་ཏུ་ངོས་ལེན་ཐོབ་ཅིང་།    རླབས་ཆེ་བའི་མི་རིགས་ཤིག་གི་ཚེ་སྲོག་ཀྱང་འདིས་སྐྱོབ་ཐུབ་པར་ཡིད་ཆེས་བྱས་ཆོག་པ་ཞིག་གོ།

མཇུག་གཏམ།

     མཇུག་མཐར་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི།   དམིགས་བསལ་ཆེད་མཁས་པ་དང་སློབ་གསོ་བ།   དགེ་རྒན་དང་སློབ་མ་སོགས་སློབ་གསོའི་ལས་རིགས་སྟེང་གི་མི་སྣ་ཡོངས་ཀྱིས་བོད་ཀྱི་སྒེར་གཉེར་སློབ་གྲྭའི་སློབ་གསོའི་སྐོར་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཏེ་མ་འདང་སར་ཁ་གསབ་བྱེད་རྒྱུ་དང་།    ལེགས་ཆ་གང་ཡོད་ཁྱབ་སྒྲོག་བྱས་ཏེ་སྔར་ལས་གོང་འཕེལ་དུ་གཏོང་རྒྱུའི་ཕྱོགས་ལ་བསམ་བློ་བཏང་སྟེ་རང་རང་ཚོད་ཀྱི་ནུས་པ་རེ་འདོན་རྒྱུར་སྙིང་ནས་རེ་སྐུལ་ཞུས་པ་ལགས་སོ།།            སྤྱི་ལོ་༢༠༡༤ལོར།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
23580832
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།