​ཕ་ཡུལ་གྱི་མགྱོགས་བྲིས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »​ཕ་ཡུལ་གྱི་མགྱོགས་བྲིས།
​ཕ་ཡུལ་གྱི་མགྱོགས་བྲིས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-08ལྟ་ཀློག (4529)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕ་ཡུལ་གྱི་མགྱོགས་བྲིས།  

 ཨ་བུ་འབྲོང་།  

གཅིག

     བོད་ཀྱི་གཏམ་དཔེར་རང་ཡུལ་གད་ཁུང་ཡིན་རུང་སྐྱིད་ཟེར། དེ་ནི་ལོས་ཡིན་ཏེ་སྲོག་ཆགས་གང་ཡིན་ཡང་རང་རང་གི་སྐྱེ་ས་སྐྱེ་ཡུལ་དང་རང་གི་ཕ་ཡུལ་གྱི་སྣོད་བཅུད་སོགས་ལ་རབ་ཏུ་དགའ་ཞིང་དུངས་པ་ཡིན། ང་ཚོས་སྒོ་ཕྱུགས་སོགས་ཡུལ་གཞན་དུ་དེད་ཚེ་དེ་མ་ཉིད་དུ་རང་རང་གི་སྐད་འབྱིན་བཞིན་ཕྱིར་རང་གི་ཡུལ་ལ་ལོག་ངེས་པ་དང་། ད་དུང་གཞན་གྱི་ཡུལ་དུ་ར་བ་སོགས་ལ་བཅུག་སྟེ་ཕྱིར་འོང་མི་ཐུབ་པ་བྱས་ཚེ་ཉིན་མང་བོར་སྐད་འབྱིན་པ་དང་སྡུག་མདོག་སྟོན་པ་སོགས་བྱེད། དེ་ནི་དུད་འགྲོ་རྣམས་རང་གི་ཡུལ་ལ་བརྩེ་ཞིང་དུངས་པ་ཡོད་པ་དང་།  རང་ཡུལ་དྲན་ཅིང་དེ་ལ་ལོག་འདོད་པའི་གོ་བརྡ་སྤྲོད་ཚུལ་ཞིག་ཡིན།

     ང་ཚོ་འགྲོ་བ་མིའི་རིགས་ལ་མཚོན་ན་རང་རང་གི་ཕ་ཡུལ་ནི་རང་གི་མི་ཚེའི་ཁྲོད་ཆེས་མེད་དུ་མི་རུང་བ་དེ་ཡིན། དེ་བས་འཇིག་རྟེན་འདིར་མི་མང་བོ་མང་བོ་ཞིག་གིས་རང་གི་ཕ་ཡུལ་གྱི་ཆེད་དུ་སྐད་ཆ་བཤད་ཅིང་ལས་ཀ་ལས། སྙན་ངག་བྲིས་ཤིང་ཁ་འབོད་བྱས། ད་དུང་རང་ལ་ཤིན་ཏུ་གཅེས་པའི་ཚེ་སྲོག་དེའང་རང་གི་ཕ་ཡུལ་གྱི་ཆེད་དུ་བློས་བཏང་བ་སོགས་མཆི་མ་དཀུ་བའི་གཏམ་རྒྱུད་ཤིན་ཏུ་མང་། ང་རང་ཆུང་དུས་སློབ་གྲྭར་ཡོད་དུས་རྒྱུན་དུ་ཕ་ཡུལ་དྲན་མྱོང་ཞིང་སྐབས་ལན་རེར་ཕ་ཡུལ་གྱི་རི་ཆུ་སོགས་ལ་བསྟོད་གླུ་བླངས་ཤིང་སྙན་ངག་བྲིས། ཡང་མཚམས་ལན་རེར་ངས་མ་འོངས་པར་རང་གི་ཕ་ཡུལ་ལ་སྲི་ཞུ་ཇི་ལྟར་བསྒྲུབ་སྙམ་སྟེ་སྟོང་འདང་ཁོ་ནའི་ཁྲོད་དུས་འདའ་བར་བྱས་མྱོང་། ད་ལྟ་ངས་ཇི་ལྟར་འབད་ཀྱང་རང་གི་ཕ་ཡུལ་འདི་བལྟས་བལྟས་རིག་རིག་ལ་གཞན་ཞིག་ཏུ་འགྱུར་གྱིན་འདུག་པས། ད་ནི་ཉམས་ཆག་འདི་དག་སེམས་ཀྱིས་མ་བཟོད་པར་ཕ་ཡུལ་གྱི་མགྱོགས་བྲིས་ ཞེས་པའི་མུ་འབྲེལ་ཟིན་ཐོ་འདི་བྲིས་ཏེ་རང་སེམས་རང་གིས་གསོ་དགོས་པ་བྱུང་། སྤུན་ཟླ་ལགས། ང་ཚོ་མི་སུ་ཡིན་ཡང་རང་གི་ཕ་ཡུལ་ལ་ཡིད་དགའ་བ་ཙམ་དུ་མ་ཟད་དེའི་བདེ་སྡུག་ལ་འགན་འཁུར་བའི་བློ་སྤོབས་ཤིག་ཀྱང་སེམས་ཀྱི་གཏིང་ལ་ཡོད་དགོས་པ་ཡིན། གལ་ཏེ་བློ་དེ་ག་ཙམ་ཡང་མེད་ཚེ་གཟོད་ང་ཚོ་ནི་ལྟོ་འགྲང་འབའ་ཞིག་དོན་དུ་གཉེར་མཁན་ཁོ་ནར་འགྱུར་རོ།།

གཉིས།                                                            

    ང་ལ་འཇིག་རྟེན་འདིར་ཆེས་སེམས་ཁྲལ་ཆེ་དུས་ནི་ཁ་སང་དེ་རིང་སྟེ། རང་གི་ཕ་ཡུལ་འདི་བལྟས་བལྟས་རིག་རིག་ལ་གཞན་ཞིག་ཏུ་འགྱུར་གྱིན་པའི་དུས་ངན་འདིར་ཡིན། འགྱུར་བ་དེ་ནི་ཧོབ་སྟེ་བལྟས་བས་མི་ཤེས་ཤིང་ག་ལེར་ག་ལེར་འདང་བརྒྱབ་ན་དངངས་འཚབ་སྐྱེ་འོང་བ་ཞིག་ཡིན། ཁྱེད་ཚོས་ལྟོས་དང་ང་ཚོའི་ཁྲོམ་སྲང་དུ་བོད་ཡིག་གི་སྒོ་བྱང་ཆེན་པོ་ཞིག་མཐོང་རྒྱུ་ཨེ་འདུག མཚན་མོ་ཞིག་ལ་ང་རང་ས་ཆ་གཞན་ཞིག་ཏུ་སོང་ནས་ཕྱིར་རང་ཡུལ་ལ་ལོག་པ་ཡིན། ངས་ང་རང་མགོ་འཁོར་སྟེ་ནང་ལོགས་ཀྱི་གྲོང་རྡལ་ཞིག་ཏུ་ཐོན་འདུག་སྙམ། ཞིབ་ཏུ་བལྟས་ཚེ་ང་རང་རྒྱ་ཡིག་རྐྱང་རྐྱང་གི་སྒོ་བྱང་མ་གཏོགས་མི་མངོན་པའི་རང་གི་ཕ་ཡུལ་དུ་ཐོན་པ་ལས་མགོ་འཁོར་བ་ནི་མ་ཡིན་ཏེ། ང་ནི་རང་གི་ལས་སྒྲུབ་ཁང་གི་སྒོ་ཁར་ཐོན་འདུག དེ་ནས་བཟུང་ངས་རང་རེའི་ཁྲོམ་སྲང་དུ་རྒྱ་ཡིག་རྐྱང་རྐྱང་གི་སྒོ་བྱང་མ་གཏོགས་བོད་ཡིག་གི་སྒོ་བྱང་མངོན་གསལ་ཅན་ཞིག་མེད་པའི་རྒྱུ་རྐྱེན་སོགས་ལ་ དཔྱད་པ་ཡིན། དེ་ནི་ཁག་མི་འདུག་སྟེ། ངའི་ཕ་ཡུལ་ནི་ལྗོངས་ཁུལ་ཞིག་ཡིན་པ་དང་ལོ་རེར་ནང་ལོག་གི་ཡུལ་སྐོར་བ་འབུམ་ཕྲག་དུ་མ་ལྗོངས་རྒྱུར་འོང་གིན་ཡོད། དེ་བས་གྲོང་རྡལ་གྱི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་ཚང་མ་ནང་ལོག་གི་ཡུལ་སྐོར་བར་ཁ་གཟས་ཡོད་ཅིང་སྒོ་བྱང་སོགས་ཀྱང་དེ་ག་རང་དུ་འདུག འོན་ཀྱང་འདི་ནི་བོད་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་པས་བོད་ཡིག་གི་སྒོ་བྱང་མེད་ན་ག་ལ་འགྲིག སྤྱིར་རང་རེའི་ཡི་གེ་ལ་སྤྱི་ཚོགས་ཀྱི་གྲུ་ག་ཀུན་ཏུ་གོ་གནས་ཤིན་ཏུ་ཆུང་བཞིན་དུ་ད་ནི་རང་གི་སྒོ་བྱང་དུའང་བོད་ཡིག་མེད་པར་བྱས་ཚེ་འདི་ནི་གཞན་ལ་ངོ་ཚ་དགོས་པ་ཞིག་མ་ཡིན་ནམ། བོད་ཀྱི་ཁྲོམ་སྲང་ཞིག་ཏུ་བོད་ཡིག་གི་སྒོ་བྱང་ཙམ་ཡང་ལྷང་ངེར་མི་མངོན་པ་ནི་ཇི་འདྲའི་ཉམ་ང་བ་ལ། ངས་ནི་ནམ་ཡང་བོད་ཡུལ་དུ་རང་རེའི་ཁྲོམ་སྲང་གི་མཚན་ལྗོངས་ལྟ་བུ་ཞིག་རིག་རྒྱུ་མེད་ན་བསམ། སྤྱིར་འདི་ལ་གོང་རིམ་གྱི་འབྲེལ་ཡོད་ལས་ཁུངས་དང་ས་གནས་རང་གི་ཤེས་ཡོན་པ་ དག་གིས་འགན་ཁུར་དགོས་པ་ཞིག་ཡིན་མོད་ཀྱང་། རང་རེའི་ཁོར་ཡུག་འདིར་འབྲེལ་ཡོད་ཀྱི་མི་སྣ་ཡོད་ཚད་ལ་ངག་རྡིབ་ཀྱི་ནད་བྱུང་འདུག་པ་འདི་ཅི་ཞིག་ལན། མི་ལ་ལས་འདི་ནི་དོན་དག་ཆུང་ཆུང་ཞིག་ཏུ་བརྩི་ན་ཐང་མོད། འོན་ཀྱང་ང་ལ་མཚོན་ན་འདི་ནི་དོན་དག་ཆེན་པོ་ཆེན་པོ་ཞིག་ཡིན། འདིས་ནི་གཅིག་ཏུ་ན་ས་གནས་གང་གི་གོང་རིམ་འབྲེལ་ཡོད་ལས་ཁུངས་སོགས་ཀྱིས་མི་རིགས་རང་སྐྱོང་གི་སྲིད་ཇུས་ལ་འགན་འཁུར་མིན་མཚོན་ཞིང་། གཉིས་སུ་ན་ས་གནས་གང་གི་ཤེས་ཡོན་པས་རང་གི་སྐད་ཡིག་གི་གོ་ཐོབ་སོགས་ལ་དོ་ཁུར་བྱེད་མིན་མཚོན། གསུམ་དུ་ན་ས་གནས་དེ་གའི་མང་ཚོགས་ཕལ་བས་རང་གི་སྐད་ཡིག་ལ་མཐོང་ཆེན་བྱེད་མིན་སོགས་མང་བོ་མང་བོ་ཞིག་མཚོན། དེ་བས་ང་རང་ས་གང་ལ་སོང་ཡང་ཐོག་མར་ས་གནས་དེ་གའི་ཁྲོམ་སྲང་གི་སྒོ་བྱང་དག་ལ་མིག་ཤོར་འགྲོ་བ་ཞིག་ཡིན། ཡིན་ནའང་ངའི་སྣང་ངོར་རང་གི་ཕ་ཡུལ་ལས་ཐབས་རྡུགས་པ་ཞིག་ད་སྔ་བར་དུ་མཐོང་མ་སོང་། ངའི་ཕ་ཡུལ་དུ་ཡོད་ཚད་སྒོར་མོ་ཁོ་ནར་མགོ་འཁོར་བ་ལས་རང་གི་ཁང་ཀླད་སོགས་སུ་བོད་ཡིག་གིས་བཙན་ས་ཟིན་ཡོད་མེད་ལ་བསམ་བློ་ཙམ་ཡང་གཏོང་གིན་མི་འདུག ཉེ་བའི་ལོ་འདི་དག་གི་རིང་ཕ་ཡུལ་གྱི་རྒྱུ་ཆེན་འགས་ཁང་བ་རྫིག་པོ་རེ་བརྒྱབ་སྟེ་རང་གི་ས་གནས་སུ་ཚོང་གི་ལས་ཀ་གཉེར་མགོ་བཙུགས། འདི་ནི་དོན་བཟང་ཞིག་རེད་དེ་རང་གི་ས་ཆ་རང་གིས་བཟུང་བ་ནི་ཤིན་ཏུ་ཡག་གོ།། འོན་ཀྱང་ཁོ་ཚོའི་ཁང་ཀླད་སོགས་སུ་སྔར་བཞིན་བོད་ཡིག་གི་གོ་ཐོབ་དེ་ཉིད་ཧ་ཅང་དམའ་བ་དང་ལ་ལར་བོད་ཡིག་གི་གཟུགས་བརྙན་ཙམ་ཡང་མཐོང་རྒྱུ་མེད་པ་ནི་ཁོ་ཚོས་ཅི་ཡང་ཧ་མ་གོ་བས་ལན་ནམ། ཡང་ན་རྒྱུ་རིག་དུས་གཞན་དག་ཡོད་ཚད་བརྗེད་སོང་བ་ཞིག་ཡིན། ལོ་འགའི་སྔོན་དུ་ང་དང་གྲོགས་པོ་འགས་ས་གནས་སྲིད་གཞུང་དང་མཉམ་འབྲེལ་སྒོས་ཕ་ཡུལ་གྱི་ཁྲོམ་སྲང་གི་སྒོ་བྱང་ཡོད་ཚད་གཅིག་གྱུར་བཟོས་ཤིང་བོད་རང་སྐད་དང་མཐུན་པའི་མིང་ཡང་ཡག་པོ་བཏགས་མྱོང་། འོན་ཀྱང་ད་ལྟ་དེ་དག་ཡོད་ཚད་ཀྱང་རྒྱ་ཡིག་གི་སྒོ་བྱང་ཆེ་ལ་རིང་བ་དག་གིས་ཡོངས་སུ་བཀབ་སྟེ་ཇི་འདྲའི་མངོན་ཆུང་བ་ལ་ཨང་།

བདག་གི་སྙིང་ཉེ་བའི་ཕ་ཡུལ་ལགས། ནམ་ཞིག་ཁྱེད་ཀྱི་པང་དུ་ཆགས་པའི་ཁྲོམ་སྲང་སོགས་སུ་རང་གི་ཡི་གེ་མངོན་པར་ གསལ་བའི་སྒོ་བྱང་ངམ་ལམ་བྱང་ཙམ་ཡང་མཐོང་རྒྱུ་མེད་ཚེ་དེ་དུས་ཁྱེད་རང་འཇིག་པའི་ཉེན་ལ་ཐུག་པ་ཨེ་ཡིན་ནམ།

 གསུམ།

  ལར་དེང་གི་བོད་མི་རྣམས་བྱ་བ་གང་ལ་འཇུག་ཀྱང་ཧ་ཅང་མིག་རྒྱང་ཐུང་བ་དང་གུ་དོག་པ། རང་ཚུགས་མེད་པ་སོགས་ཀྱི་སྣང་ཚུལ་འདུག དེ་བཞིན་བདག་གི་ཡུལ་མི་དག་ཀྱང་དེ་ག་རང་དུ་འདུག་སྟེ། ཁོ་ཚོ་ནི་གཏན་ནས་ཡར་རྒྱས་མེད་པ་དང་ཕུགས་མི་འཁྱོལ་བ། རང་མགོ་གཅོག་བྱེད་སོགས་ཀྱི་བྱ་བ་བསྒྲུབ་རྒྱུར་དགའ། ཁོ་ཚོས་ནམ་ཡང་ཕྱི་རོལ་གྱི་ཁྲ་ཁྲ་དག་ལ་དོན་གཉེར་བྱེད་པ་ལས་ནང་གི་མཛེས་སྡུག་བསྙེག་རྒྱུ་ནི་རྨི་ལམ་ཙམ་དུའང་འཁོར་གྱིན་མི་འདུག ཕར་དེད་ན་ཁོ་ཚོའི་བྱ་བྱེད་ཡོད་ཚད་ནི་བསམ་བློ་ཉི་ཚེ་བ་ཞིག་གིས་བསླངས་པར་འདུག་སྟེ། རྒྱན་པོ་འགྱེད་པ་དང་དུད་ཆང་སྤྱོད་པ་སོགས་ནི་ཕ་ཡུལ་གྱི་རྒན་གཞོན་མང་ཆེ་བར་ཆེས་རྒྱུག་ཆེ་བའི་ལས་ཀ་ཞིག་ཡིན། ཁོ་ཚོས་བྱ་བ་འདི་འདྲར་བརྟེན་ནས་རང་གི་འཚོ་ཚེས་གཉེར་འདོད་པ་ཡིན་ནམ། ཉིན་མཚན་ཀུན་དུ་རྒྱན་སྐུག་པར་བྲེལ་ཞིང་། དེའི་ཆེད་དུ་ཡོད་ཚད་བློས་གཏོང་བར་བྱེད། ད་རུང་དབྱར་གྱི་རྟ་རྒྱུག་འགྲན་སྡུར་ དང་དགུན་གྱི་སྤོ་ལོ་འགྲན་སྡུར་སོགས་ལུས་རྩལ་གྱི་བྱེད་སྒོ་ཡོད་ཚད་ཀྱང་རྒྱན་གྱི་ཁྲོད་ནས་མགོ་བརྩམས་ཤིང་རྒྱན་གྱི་ཁྲོད་ནས་མཇུག་སྡུད་པར་བྱེད། ལྷག་ཏུ་གཞོན་ནུ་མང་བོ་ཞིག་བྱ་བ་འདི་འདྲར་སེམས་གཡེང་སྟེ་རང་གི་ཕ་མར་ཇི་ལྟར་སྙིང་ཉེ་བོ་བྱ་བ་དང་རང་གི་ཁྱིམ་ཚང་འདི་ཇི་ལྟར་ཡར་རྒྱས་གཏོང་བ་སོགས་ནི་སེམས་ཀྱི་བས་མཐར་སྤྱུགས་ཟིན་པ་འདྲ། ཁོ་ཚོར་འཚོ་རྟེན་ཉག་ཅིག་ཡོད་པ་ནི་ཕ་མེས་ཀྱིས་བཞག་པའི་གསེར་གྱི་ཕ་ས་དེ་དང་དྲིན་ལན་གཞལ་དུ་མེད་པའི་སྒོ་ཕྱུགས་འདི་དག་ཡིན་མོད་། དེའང་སྤྱོད་སྒོ་འཐུས་ཚང་ཅན་དུ་གཏང་རྒྱུར་མི་འབད་པར་ཕན་ཚུན་རྩོད་པ་དང་སྒོ་ཕྱུགས་ཀྱི་སྲོག་གཅོད་པའི་ལས་ཁོ་ནར་འབད། ཁོ་ཚོས་སྒོ་ཕྱུགས་དག་གི་ཚེ་སྲོག་ལས་བྱུང་བའི་སྒོར་མོ་དག་རང་གི་འཚོ་ཚེས་དང་མདོ་མེད་ཀྱི་ལས་གཉིས་ཀར་སྤྱོད། ཁོ་ཚོས་བྱ་བ་ཅི་ཞིག་སྒྲུབ་ཀྱང་རང་གི་མིག་སྔུན་གང་བོ་ལས་རྒྱང་རིང་སར་བསམ་བློ་མི་གཏོང་། རིན་ཐང་ཡོད་ཚད་སྒོར་མོས་ཐག་གཅོད་པ་ལས་རང་གི་རིག་གནས་ཞེས་པ་དང་རང་གི་སྐད་ཡིག་ཅེས་པ། གཞན་བྱམས་དང་སྙིང་རྗེ། ལས་དང་རྒྱུ་འབྲས། ཡ་རབས་བཟང་སྤྱོད་ཅེས་པ་སོགས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ངེས་པར་མཁོ་བ་དག་དང་རིང་ནས་རིང་དུ་ཁ་གྱེས་ཀྱིན་འདུག ཁོ་ཚོས་མེས་པོ་དམ་པའི་ཤུལ་བཞག་ཡོད་ཚད་ཡལ་བར་དོར་ཏེ་གཞན་གྱི་ཕུན་ཚོགས་ལ་འགྲམ་ཆུ་ལྡང་བར་བྱེད། ཡང་ཁོ་ཚོས་དེང་རབས་འཕྲུལ་གྱི་རིགས་ལ་ཧ་ཅང་དགའ་བོ་བྱེད་ཅིང་རླངས་འཁོར་དང་ཁ་པར་སོགས་གང་སྟོབས་འགྲན། ཁ་པར་སོགས་ལེགས་པར་བཀོལ་མི་ཤེས་ནའང་དེ་ཉིད་རྫིག་མདོག་སྟོན་བྱེད་དུ་ཉོ། སུ་ལ་རླངས་འཁོར་དང་ཁང་བ་རྫིག་པོ་ཞིག་ཡོད་ན་དེའི་མགོ་བོ་ཅུང་ཟད་མཐོ་རུ་འདེགས་ཤིང་གཞན་དག་གིས་ཀྱང་དེར་ཡིད་སྨོན་བྱེད། གཞན་བྱ་བ་གང་ཞིག་མི་རེ་འགའ་ཞིག་གིས་བསྒྲུབས་ཏེ་ལམ་ལྷོང་བྱུང་ཚེ་ཚང་མས་དེའི་ལད་མོ་བྱེད། དཔེར་ན་མི་རེ་འགས་མགྲོན་ཁང་གཉེར་བས་ཚང་མས་མགྲོན་ཁང་གཉེར། ཡང་ལ་ཤས་ཀྱིས་ཇ་ཁང་གཉེར་བས་ཚང་མས་དེ་ལ་འབད། ཁ་ཤས་ཀྱིས་སྒོར་མོ་འཚོལ་ཐབས་སུ་རྟ་རྒྱུག་དང་ལྒང་ལི་འགྲན་སྡུར་སྤེལ་བས་ཡང་མང་བོ་ཞིག་གིས་དེ་ལྟར་བྱེད། བྱ་བྱེད་འདི་དག་གིས་ཁོ་ཚོ་ནི་མི་ཚེ་ལ་ངོས་ཟིན་དང་འཚོ་གནས་ལ་གོ་རྟོགས་མེད་པ་མཚོན་ལ་ཡོད་ཚད་ནས་ཡོད་ཚད་ལ་རྨང་གཞི་མ་ཚུགས་པ་མཚོན། མདོར་ན་ཁོ་ཚོས་ཇི་ལྟར་ཕན་ཚུན་ལ་རོགས་རེས་བྱེད་པ་དང་མཐུན་པོ་བཟོ་བ། ཇི་ལྟར་ཐུན་མོང་གི་སྟོབས་ཤུགས་སྤེལ་ཏེ་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་པ་སོགས་ལ་བསམ་བློ་མི་འཁོར་བར་བྱ་བ་ཡོད་ཚད་གང་དྲན་དྲན་དུ་སྤེལ་བར་བྱེད། འདི་ལྟར་སོང་ཚེ་ནམ་ཞིག་ང་ཚོ་ཚང་མའང་མི་སྒེར་རིང་ལུགས་ཀྱི་འོབས་དོང་དུ་མི་ལྷུང་བའི་ངེས་པ་ག་ལ་ཡོད། བདག་གི་སྙིང་ཉེ་བའི་ཕ་ཡུལ་ལགས། ཁྱེད་ཀྱི་རྒུད་པ་འདི་དག་ངས་ ནི་ནམ་ཡང་བཟོད་རེ་སྐན།

 བཞི།

  གཞན་ཡང་ཡིད་རབ་ཏུ་སྐྱོ་བ་ནི་ཕ་ཡུལ་གྱི་སློབ་གསོའི་ཉམས་རྒུད་དེ། འདི་ནི་རྒུད་པ་ཀུན་ལས་ཆེས་ཚབས་ཆེ་བ་དེའོ། ། སྤྱིར་སློབ་གསོ་ནི་ཡར་རྒྱས་ཀུན་གྱི་རྩ་བ་ཡིན་པས་དེ་ཉིད་གོལ་ལམ་དུ་སོང་ཚེ་ཐམས་ཅད་ཀྱི་རྨང་གཞི་བཤིག་པ་ཡིན་ནོ།།        དེ་ན་རང་རེའི་སློབ་གསོ་ནི་ཇི་ལྟར་ཡིན་ཞེ་ན། མཐའ་གཅིག་ཏུ་གོལ་ལམ་དུ་སོང་འདུག་ཅེས་སྨྲ་བར་སྤོབས་ཏེ། ང་ཚོའི་སློབ་གསོ་ནི་འཕྱོན་མའི་བུ་བཞིན་ནང་དོན་དང་དམིགས་ཡུལ།  ཐབས་ལམ་དང་ཁ་ཕྱོགས་སོགས་ཀྱིས་སྟོང་བར་འདུག་གོ།། 

དེ་ཡང་རང་རེའི་སློབ་དེབ་ཀྱི་ནང་དུ་མི་རིགས་གཞན་གྱི་བསྒྱུར་རྩོམ་ཉག་ཉོག་ང་ཚོ་དང་འབྲེལ་བ་ཡེ་ནས་མེད་པ་དག་གིས་གང་ནས་ཡོད་དེ། ཚིག་དོན་གང་ལ་བསམ་ཡང་རང་གི་རིག་གནས་ཀྱི་ཟུངས་སྤུ་ཙམ་ཡང་མེད་པས་བསླབ་དེབ་དེ་ལྟ་བུས་ང་ཚོའི་བུ་རབས་ཚ་རྒྱུད་ཀྱི་ལུས་སེམས་ལ་རིག་པའི་ཁོ་ལག་རྒྱས་ཐུབ་བམ། གཞན་ཡང་རང་གི་རིག་གནས་ཀྱི་ནང་དོན་ཅུང་ཟད་ཡོད་པ་དག་ཀྱང་ཁ་ཆག་སྣ་རལ་དུ་བཏང་སྟེ་སློབ་མ་ཡོད་ཚད་མགོ་བོ་རྨོངས་པར་བྱས་པར་མ་ཟད། ཁོ་ཚོས་རང་གི་མིག་མདུན་གྱི་སློབ་དེབ་ལ་ཇི་ལྟར་འབད་ཁུལ་བྱས་ཀྱང་མཇུག་འབྲས་ནི་སྔར་བཞིན་ཅི་ཡང་ཧ་མི་གོ་བ་དེའོ།། མདོར་ན་ང་ཚོའི་སློབ་གསོའི་ཁྲོད་ན་རང་གི་རིག་གནས་ཀྱི་འོ་མ་བཏུང་རྒྱུ་ཅི་ཡང་མེད་པར་། སློབ་མ་རྣམས་ཀྱིས་གཞན་གྱི་སྐྱུག་པ་རྐྱང་རྐྱང་བལྡག་སྟེ་འདུག་དགོས་བྱུང་ཡོད་པས་རང་རེའི་སློབ་མ་རྣམས་ལ་རིག་གནས་ཀྱི་མུ་གེ་ཆེན་པོ་འདི་བྱུང་བ་ཡིན་ནོ།།

ད་དུང་དེ་ལས་ཀྱང་ཉམ་ང་བ་ནི་ང་ཚོའི་སློབ་གསོའི་དམིགས་ཡུལ་ཡིན་ཏེ། དེ་ནི་གཞུང་གི་གླ་ཕོགས་ཤིག་བླངས་ཏེ་རང་གི་ཁ་རྒྱབ་གསོ་རྒྱུ་དེ་ཁོ་ན་ཡིན་ཞིང་། འདི་ནི་དགེ་རྒན་དང་ཕ་མ། སློབ་མ་སོགས་ཐུན་མོང་གི་དམིགས་ཡུལ་ཡིན་ལ་རེ་བའང་ཡིན། ང་ཚོར་སློབ་གསོའི་དམིགས་ཡུལ་འདི་ཙམ་ལས་མེད་པས་ང་ཚོའི་རིག་གནས་དང་དཔལ་འབྱོར་ཡོད་ཚད་གཞན་དབང་དུ་ཤོར་ཏེ་རང་ཉིད་ནི་ཅི་ཡང་མེད་པའི་སྤྲང་བོ་ལྟར་འདུག་དགོས་བྱུང་ཡོད། དེ་བས་ང་ཚོས་ཇི་སྲིད་སློབ་གསོའི་དམིགས་ཡུལ་ཉི་ཚེ་བ་འདི་མ་བསྒྱུར་བ་དེ་སྲིད་དུ་རང་རྐྱ་ཐུབ་པའི་ཡར་རྒྱས་ཤིག་རྩ་བ་ཉིད་ནས་མེད་དོ།། མདོར་ན་ང་ཚོའི་སློབ་གསོའི་དམིགས་ཡུལ་དུ་ཇི་ལྟར་སེམས་ཅན་གཞན་གྱི་དོན་བསྒྲུབ་པ་དང་། ཇི་ལྟར་རང་གི་རིག་གནས་དང་སྐད་ཡིག་ལ་འགན་འཁུར་བ། ཇི་ལྟར་མི་ཚེ་ལ་སྙིང་བོ་ལེན་པ་སོགས་མེས་པོ་གོང་མའི་སྙིང་རྗེ་དང་ཤེས་རབ་ཀྱི་སྲོག་དབུགས་ཟད་ནས་ཡོད་པས་ང་ཚོར་ངེས་དོན་གྱི་ཡར་རྒྱས་ཞེས་པ་ཞིག་ཨེ་ཡོད་དམ། གཞན་ཡང་ང་ཚོའི་སློབ་གསོའི་ཐབས་ལམ་ནི་ད་བར་དུ་གཞན་གྱིས་བཟོས་པའི་སྒྲོམ་གཞི་ཆུང་ཆུང་དེར་འཛུལ་ཏེ་གཞན་གྱི་ལད་མོ་ཁོ་ན་བྱེད་པ་ལས་མེས་པོ་གོང་མའི་སློབ་གསོའི་བཤུལ་ལམ་དེད་དེ་རང་གི་འཚོ་གཞིས་ཀྱི་ཕ་ཁྱིམ་དུ་སྙེག་མཁན་ནི་ག་ཙམ་ཡོད། ཁྱོད་ཚོའི་བསམ་བློ་ཐོངས་དང་། ང་ཚོའི་བྱིས་པ་རྣམས་ཀྱིས་སློབ་གྲྭའི་སྒོ་ཐེམ་བརྒལ་མ་ཐག་ངག་ཏུ་དགུག་བྱའི་གླུ་དབྱངས་དེ་ཅི་ཞིག་ཡིན་ནམ། རང་དང་འབྲེལ་བ་ཡོད་པ་ཞིག་ཡིན་ནམ། རང་གི་ཕ་མེས་ལ་དྲན་གསོ་བྱེད་པ་ཞིག་ཡིན་ནམ། ཁོ་ཚོ་སློབ་གྲྭར་འཇུག་པའི་ཐོག་མའི་དུས་དེ་ནས་བཟུང་རྟེན་འབྲེལ་ཁྱོན་ནས་འགྲིག་མེད་ནའང་། སློབ་གྲྭར་ཞུགས་རྗེས་ཁོ་ཚོར་རང་གི་རིག་གནས་ཀྱི་འོ་མ་ལྡུད་པའི་དགེ་རྒན་ག་ཙམ་ཡོད་དམ། རང་གི་ཕ་མེས་ཀྱི་མན་ངག་གནང་བའི་དགེ་རྒན་ག་ཙམ་ཡོད་ཨང་། ཡོད་ཚད་གཞན་གྱི་ཅི་གསུང་བཀའ་བཞིན་སྒྲུབ་པ་ལས་རང་གི་མེས་པོ་གོང་མའི་ཤེས་རབ་དང་བྱམས་སེམས། བློ་ཁོག་དང་མཁྱེན་རྒྱ་འཚོལ་བའི་དཔའ་བོ་ག་ཚོད་ཡོད་ཨང་། ང་ཚོས་ངེས་པར་བསམ་བློ་གཏང་དགོས་པར་འདུག ནང་དོན་དང་ཐབས་ལམ་བོར་བའི་སློབ་གསོ་དེར་ཁ་ཕྱོགས་ཡེ་ནས་མེད་པ་དང་། གཞན་གྱི་ལད་མོ་རྐྱང་རྐྱང་བྱེད་པའི་སློབ་གསོ་ལ་གྲུབ་འབྲས་གཏན་ནས་མེད་པ་ནི་ནམ་ཡང་བསྙོན་དུ་མེད་དེ། དེ་ནི་ཆེས་ཉེན་ཁ་ཆེ་ཞིང་ཕམ་ཁ་རེག་སླ་བའི་སློབ་གསོ་དེ་མ་ཡིན་ནམ། མདོར་ན་ང་ཚོའི་སློབ་གསོ་ནི་བཟི་ཁབ་ཅིག་དང་འདྲ་བར་འདུག་སྟེ། དེ་ཉིད་སློབ་མ་རེ་རེའི་རྩ་ལམ་དུ་བརྒྱབ་པས་ཡོད་ཚད་ཀྱི་ལུས་སེམས་སྦྲིད་དེ་རང་གཞན་སུ་ཡང་ངོ་མི་ཤེས་པར་གྱུར་ཞིང་། མི་ཚེ་འདིར་ཅི་ཞིག་ལ་སྙིང་བོ་ཡོད་པ་དང་གང་ཞིག་ལ་སྙིང་བོ་དང་མི་ལྡན་ནོ་ཞེས་ལེགས་ཉེས་བླང་དོར་དང་། སྤང་བླང་འཇུག་ལྡོག་གི་རྣམ་དབྱེ་འབྱེད་བའི་ནུས་པའང་མེད་པར་གྱུར་ཏོ།། བདག་ལ་ཤིན་ཏུ་ཕངས་པའི་ཕ་ཡུལ་ལགས། ནམ་ཞིག་ཁྱོད་རང་གཞན་གྱི་ཤུགས་རྐྱེན་གྱི་ཆུ་བོས་ཡོངས་སུ་བསྣུབས་ཏེ་ཤུལ་ཏུ་ལྷག་པ་ལ་གྲམ་པ་སྐྱ་ཐང་ངེ་བ་དེ་ལས་ཅི་ཡང་མེད་ན།  དེ་དུས་བདག་གིས་ཅི་ཞིག་བྱ་ཨང་།                                          


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784862
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号