​སློབ་གསོ་ནི་ཁ་གསོ་ཐབས་ཙམ་དུ་འཛིན་མི་རིགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། » ​སློབ་གསོ་ནི་ཁ་གསོ་ཐབས་ཙམ་དུ་འཛིན་མི་རིགས།
​སློབ་གསོ་ནི་ཁ་གསོ་ཐབས་ཙམ་དུ་འཛིན་མི་རིགས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-08ལྟ་ཀློག (7147)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   སློབ་གསོ་ནི་ཁ་གསོ་ཐབས་ཙམ་དུ་འཛིན་མི་རིགས།
  ལིས་ཏུང་ཅོན་ (李冬君)གྱིས་བརྩམས།
  དོན་གྲུབ་རྒྱལ་གྱིས་བསྒྱུར། ༼ཅོ་ནེ།༽
   ཁེ་ཕན་ཁོ་ནའི་སློབ་གསོས་མི་རིགས་ཀྱི་ལྟ་བ་ཉམས་སུ་འཇུག་ཐུབ།
        ང་ཚོའི་མི་རིགས་ཀྱི་བསམ་བློ་དང་མི་སྒེར་རེ་རེ་ནས་ནར་སོན་མི་འདུག་སྟེ།  རྒྱལ་ཁབ་ཞིག་གི་མི་དམངས་ཡོངས་ཀྱིས་ནམ་ཞར་འུར་ཟིང་གི་བྱ་བ་ཞིག་ལ་རི་བོང་ཅལ་འདྲོགས་བྱེད་ཅིང་དེའི་རྗེས་སྙེག་པ་ནི་བསམ་བློ་ནར་མ་སོན་པའི་མཚོན་རྟགས་ཤིག་རེད། བསམ་བློ་ནར་མ་སོན་པའི་རྒྱུ་རྐྱེན་གཙོ་བོ་ཡང་མཐར་ཆགས་ཀྱི་ལྟ་གྲུབ་མེད་པས་ཡིན་ལ་མི་རིགས་ཤིག་གི་བསམ་བློ་མཐུས་སྒོ་མ་ཚང་ན་སྤྱི་ཚོགས་དེ་ཡང་ནར་མ་སོན་པའི་སྤྱི་ཚོགས་ཤིག་ཡིན།
དཔེར་ན་གནའ་བོའི་དུས་རབས་སུ་སློབ་གཉེར་གྱི་དམིགས་ཡུལ་ནི་དཔོན་པོ་དང་ཡོན་ཏན་པའི་ཆོ་ལོ་ཐོབ་མིན་ཡིན་ལ་འདི་ཡང་རྒྱུན་ལྡན་གྱི་དཔེ་ཀློག་དང་འབྲེལ་བ་དམ་པོ་ཡོད། འོན་ཀྱང་སློབ་གཉེར་བྱེད་སྟངས་འདི་ནི་ཁེ་ཕན་གཙོར་འཛིན་པའི་ལུགས་ཡིན་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་བྱེད་པའི་ཚད་གཞི་ཡང་ཁེ་ཕན་རྩ་བར་འཛིན།
འདི་ལྟ་བུའི་ཁེ་ཕན་ཁོ་ན་དོན་དུ་གཉེར་བའི་སློབ་གཉེར་གྱིས་སྤྱི་ཚོགས་རང་བཞིན་ཅན་གྱི་སློབ་གཉེར་ལམ་ལུགས་མ་ཆགས་པ་རེད། ཉེ་རབས་སུ་ཉིན་རེར་བཞིན་ཁེ་ཕན་དོན་གཉེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། ད་སྐབས་ཀྱི་སློབ་གྲྭའི་སློབ་གསོ་ཕལ་ཆེ་བ་ཁེ་ཕན་སློབ་གསོ་ཅན་དུ་གྱུར་ཡོད། ང་ཚོའི་ཁེ་ཕན་སློབ་གསོའི་དམིགས་ཡུལ་ཐལ་ཆེ་བས་ཤེས་ཡོན་དང་སློབ་གཉེར་སོ་སོར་མི་འབྱེད་ཀ་མེད་བྱུང་བ་རེད། རྒྱུགས་སྤྲོད་ལ་ཐད་ཀར་འབྲེལ་བ་དང་ཕན་ཐོགས་མེད་པའི་དཔེ་ཆ་ཞིག་ཡིན་ཚེ་རིང་དུ་འདོར་སྲིད། ཁེ་ཕན་ཅན་གྱི་སློབ་གསོས་ང་ཚོའི་མི་རིགས་ཀྱི་དཔེ་ཀློག་གི་ནུས་པ་རྨེག་མེད་དུ་བཅོམ་པ་རེད།
ཁྱོད་ཀྱིས་དབྱིབས་རྩིས་སློབ་པའི་སྐབས་སུ་དཔེ་བླངས་ན་མཉམ་འགྲོ་མཐའ་བཞི་མ་དང་གཞན་རིས་དབྱིབས་སོགས་ལ་དབྱིན་སྐད་དང་སྐད་རིགས་གཞན་པར་ཇི་ལྟར་འབོད་པར་དོ་སྣང་དང་བསམ་གཞིག་བྱས་མྱོང་ངམ། དགེ་རྒན་གྱིས་སློབ་མར་ཤེས་བྱ་རྒྱུད་སྤྲོད་གནང་བ་ལས་དེའི་ཁྲོད་ཀྱི་མཛེས་རྟོགས་སློབ་མར་བཤད་མི་འདུག དེ་མིན་ང་ཚོས་དཔེ་ཀློག་ལ་སྐུལ་མ་བྱེད་ན་མཐར་ཐུག་གི་མཛེས་པའི་ཆ་ནས་བྱེད་པ་ལས་ཁེ་ཕན་ཁོ་ནར་དམིགས་མི་རུང་། ང་ཚོའི་དཔེ་དེབ་མང་བོ་ཞིག་ཚོང་རའི་དགོས་མཁོ་དང་བསྟུན་ཆེ་བས་བདག་གིས་འདི་ནི་འཕྲོ་བརླག་ཅིག་ཏུ་འཁུམས་ཡོད།

 དཔའ་བོ་དང་གྲགས་ལྡན་མི་སྣར་འགྱུར་བློ་མི་མཁོ་མོད་དོན་སྙིང་ལྡན་པའི་མི་ཞིག་ཏུ་འགྱུར་བློ་ངེས་པར་དགོས།

    ང་ཚོས་ཆུང་དུས་ནས་མྱངས་ཡོང་བའི་སློབ་གསོ་ཁག་ཏུ་མི་ཚེའི་རིན་ཐང་ཞེས་པ་དང་དེའི་དོན་སྙིང་། དཔའ་བོ་རིང་ལུགས། མ་འོངས་པར་ཚན་རིག་པ་དང་དམག་མི་སོགས་བྱེད་པ་ནན་གྱིས་གླེང་གིན་ཡོད་པ་ལས་མི་ཕལ་བ་ཞིག་དང་སྤྲོ་སྣང་ཅན་ཞིག་བྱེད་དགོས་ཚུལ་སུས་ཀྱང་བསྟན་མི་འདུག དཔེ་ཀློག་གིས་མི་ཞིག་ལ་ཤེས་རིག་དང་ཁེ་ཕན་ལས་གཞན་ཅི་ཞིག་སྟོན་དགོས་སམ། ང་ཚོ་ནི་དོན་སྙིང་ཅན་གྱི་མི་ཞིག་བཅའ་དགོས་ཤིང་རྒྱུ་མཚན་ཡོད་པའི་མི་ཞིག་ཀྱང་ཡིན་དགོས་པས་དཔེ་ཀློག་ནི་མི་ཆོས་དང་བརྩེ་སེམས་ཀྱི་དཔེ་ཀློག་ཅིག་ཅིས་ཀྱང་ཡིན་དགོས།
    སློབ་གསོ་ནི་བསམ་བློ་བའི་བྱ་བཞག་ཅིག་ཡིན་འོས་ཤིང་དེ་ཉིད་བསམ་བློ་བའི་སྡེས་བསྐྱང་ན་དེ་བས་ཀྱང་འོས། དགེ་རྒན་གྱིས་སློབ་གསོ་ནི་ཁ་གསོ་ཐབས་ཙམ་དུ་ངོས་འཛིན་བྱེད་གཏན་ནས་མི་རུང་བར་སེམས། ད་སྐབས་ཀྱི་སློབ་ཆུང་དགེ་རྒན་དང་སློབ་འབྲིང་དགེ་རྒན། ཐ་ན་སློབ་ཆེན་དགེ་རྒན་དག་གི་ཁྱིམ་དུ་དཔེ་སྒྲོམ་ཡོད་དམ། དེ་བཞིན་དཔེ་སྒྲོམ་ནང་དུ་དཔེ་དེབ་ག་ཚོད་ཡོད་སྲིད་དམ། ང་རང་ལས་གྲོགས་དང་གྲོགས་པོའི་ཁྱིམ་དུ་སླེབས་སྐབས་ཐོག་མར་དེའི་ཁྱིམ་གྱི་དཔེ་སྒྲོམ་ལ་བལྟ་ངེས། འོན་ཀྱང་བློ་ཕངས་པ་ཞིག་ལ་མང་ཕྱོགས་ཀྱི་དཔེ་སྒྲོམ་ནང་དུ་ཐན་པས་སྐམ་འདུག་ལ་ཐ་ན་དཔེ་སྒྲོམ་མེད་པའང་ཡོད།
   དགེ་རྒན་ཞིག་གིས་དཔེ་ཀློག་མི་བྱེད་ཅིང་ཐ་ན་རང་ལ་རང་གི་དཔེ་སྒྲོམ་མེད་པ་ནི་གནས་ཚུལ་ཇི་འདྲ་ཞིག་ཡིན་ནམ། ངས་བསམ་ན་སློབ་གསོ་སྒྲུབ་མཁན་ནི་ངེས་ཅན་དུ་བསམ་བློ་བ་ཞིག་ཡིན་དགོས་ཤིང་མཐའ་གཅིག་ཏུ་དཔེ་ཀློག་མང་བོ་བྱེད་དགོས།
    ང་ཚོས་སྔོན་ཆད་ལོ་རྒྱུས་ཡིག་ཚང་ཀློག་སྐབས་དངོས་གཙོ་སྨྲ་བའི་བསམ་བློ་དང་རིག་གསར་སྐབས་སུ་གྲལ་རིམ་འཐབ་རྩོད་ཀྱི་འདུ་ཤེས་ཀྱིས་ཀློག་པ་ནི་ཡིད་མུག་པའི་གནས་རེད། ཡིན་ཏེ་གལ་སྲིད་ཁྱོད་ཀྱིས་སྒྱུ་རྩལ་གྱི་ངོས་ནས་བཀླག་པ་ཡིན་ན་མཛེས་སྡུག་གི་ཆ་མང་བོ་ཞིག་རྙེད་པར་གདོན་མི་ཟའོ།།
   ལོ་རྒྱུས་བཀླག་ན་ངེས་པར་དུ་ཆ་ཚང་བ་བཀླག་དགོས་པའི་ངེས་པའང་མེད་དེ་བམ་ཀློག་བྱེད་པའི་གོ་རིམ་ཁྲོད་ཚིག་དུམ་གང་རུང་ཞིག་གིས་ཁྱོད་ལ་ཡིད་འགུལ་ཐེབས་པས་ཆོག  ལོ་རྒྱུས་ཀློག་པར་ལོ་རྒྱུས་ཀྱི་མིག་དགོས་ཤིང་དཔེ་ཀློག་ཁྲོད་རང་གི་ཡིད་སེམས་འགུག་པའི་ཆ་དེ་འཛིན་ཐུབ་དགོས།
བྱིས་པར་སློབ་ཁྲིད་བྱེད་སྐབས་དཔེ་ཆ་འོས་སྦྱོར་བྱེད་པ་ཤིན་ཏུ་དཀའ།
   ང་རང་གཞན་ལ་དཔེ་དེབ་འོས་སྦྱོར་བྱེད་པར་ཧ་ཅང་སྐྲག  སློབ་ཁྲིད་སྐབས་སུ་ཆེད་ལས་དཔེ་དེབ་འོས་སྦྱོར་བྱེད་རྒྱུ་ནི་ལས་སླ་བོ་ཡིན་ན་ཡང་སློབ་ཕྱིའི་དཔེ་དེབ་འོས་སྦྱོར་ནི་སོ་སོའི་རང་ཆས་སུ་གྲུབ་པ་ཞིག་ཏུ་འདོད། མི་སུ་ཡིན་ཡང་སོ་སོར་རང་ཉིད་ཀྱི་དཔེ་ཀློག་གོམས་གཤིས་དང་གོ་བ་ལེན་སྟངས་ཡོད་པ་རེད། ངས་སྔོན་ཆད་《དཔེ་ཀློག་ནི་བསམ་བློའི་ཉར་ཚགས་ཤིག་ཡིན་》ཞེས་པའི་རྩོམ་ཡིག་ཅིག་བྲིས་མྱོང་། དཔེ་ཀློག་ནི་རང་གི་ནང་སེམས་དང་ལབ་གླེང་བྱེད་པ་ཞིག་ཡིན་པས་ཐོག་མར་རང་སེམས་ཀྱི་དཀའ་ཉོག་སེལ་དགོས་པ་ལས་ནམ་ནམ་ཞར་ཞར་དུ་དཔེ་དེབ་གཅིག་གིས་རྒྱལ་ཁབ་ཀྱི་དཀའ་གནད་ཆེན་པོ་སེལ་ཐུབ་པར་རེ་བ་རྒྱག་མི་རིགས།
   ང་རང་གི་དཔེ་ཀློག་བརྒྱུད་རིམ་ལ་མཚོན་ན་སྐབས་དེར་དཔེ་ཀློག་གི་ཁོར་ཡུག་རྒྱུན་ལྡན་མིན། བྱིས་པའི་སྐབས་སུ་རང་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་དཔེ་དེབ་གཅིག་ནི་《ལང་ཚོའི་གླུ་སྐད》ཅེས་པ་དེ་ཡིན་ཞིང་གནས་སྐབས་དེར་བཀླག་རྒྱུའི་དཔེ་ཆ་ཤིན་ཏུ་ཉུང་བ་མ་ཟད། དཔེ་དེབ་འདི་དག་ལག་སོན་འབྱུང་པར་བརྒྱུད་རིམ་མང་བོ་བརྒྱུད་དགོས།
   སྐབས་དེར་ངའི་ཨ་ཕ་མཐའ་མཚམས་སུ་མངགས་ཟིན་ལ་རྙིང་བཞི་རྩ་གཏོར་གཏོང་ཆེད་དཔེ་མཛོད་ཁང་གི་དཔེ་ཆ་ཚང་མ་ཐང་ཆེན་དུ་འཁྱེར་ནས་མེར་བསྲེགས་གཏོང་གི་འདུག ང་ལ་བག་ཆགས་ཆེས་ཟབ་པ་ཞིག་ནི་སྐབས་དེར་ཨ་མས་ཁྱིམ་ནས་ཕྱེ་ཁུག་ཅིག་ང་དང་ཨ་ཅེའི་ལག་ཏུ་བཞག་ཏེ་མེར་བསྲེགས་གཏོང་བཞིན་པའི་དཔེ་དེབ་ཁག་ཅིག་ཕྱིར་བརྐུས་ཤོག  བྱིས་པ་ཚོར་སུས་ཀྱང་ཁ་ཡ་བྱེད་མི་སྲིད། དཔེ་ཆ་དེ་དག་མེར་བསྲེགས་ན་འཕྲོ་བརླག་ཚབས་ཆེན་རེད་ཟེར། འདི་ལྟར་ངེད་མིང་སྲིང་གཉིས་ཀྱིས་ཐལ་རྡུལ་ཁྲོད་ནས་དཔེ་དེབ་འགའ་ཕྱིར་འཕྲོག་པ་ཡིན། དེ་བས་ངས་ཆེས་ཐོག་མར་བཀླགས་པའི་དཔེ་དེབ་ནི་སྐབས་དེར་ཕྱིར་འཕྲོག་ཡོང་བའི་དཔེ་ཆ་དེ་དག་ཡིན།
   སློབ་ཆེན་འགྲིམས་པ་ནས་ད་བར་དུ་ང་ལ་ཤུགས་རྐྱེན་ཆེས་ཟབ་པའི་དཔེ་དེབ་ནི་ཏན་ནས་(丹纳)བརྩམས་པའི་སྒྱུ་རྩལ་མཚན་ཉིད་རིག་པ་ཞེས་པའི་དེབ་དེ་ཡིན་ལ་དེབ་འདིས་ངའི་བསམ་བློར་ཁ་ལོ་ཆེན་པོ་བསྒྱུར་ཡོད། ངས་ཀྱང་དེབ་དེ་ནི་རང་གི་རིན་ཐང་གསར་བསྐྲུན་གྱི་འགོ་རྩོམ་སར་ངོས་འཛིན་བྱས་པ་ཡིན། དེབ་འདི་ནས་ངས་གཟོད་ཅི་ཞིག་ནི་མཛེས་པ་ཡིན་པ་གསར་དུ་ངོ་ཤེས། མཛེས་པ་ནི་གལ་ཆེན་པོ་ཡིན་ཏེ་མི་ཞིག་ལ་མཛེས་དཔྱོད་ཀྱི་ནུས་པ་ཡོད་མེད་ནི་མི་དེར་དཔེ་ཀློག་དང་ཉམས་རོལ། བརྡར་གཅོད་བཅས་ཀྱི་ནུས་པ་ལྡན་མིན་ལ་འབྲེལ་བ་དམ་པོ་ཡོད།
    ཕོ་ལོ་སུམ་ཅུར་བུད་པའི་ངའི་བུ་ལ་མཚོན་ན་དཔེ་ཆ་ཅི་ཞིག་ཀློག་པར་ངས་འཛུབ་སྟོན་བྱེད་མི་དགོས། དཔེ་ཀློག་ལ་ངེས་ཅན་དུ་གོ་རིམ་ཞིག་ཡོད་ན་འགྲིག  བྱིས་པ་ལོ་ན་ཧ་ཅང་ཆུང་བའི་སྐབས་སུ་ངས་ཁོ་ལ་ཐང་དང་སུང་གི་སྙན་ངག་གི་སྒྲ་ཕབ་དག་ལ་ཉན་དུ་བཅུག་པ་ཡིན། ངའི་བུ་སློབ་ཆུང་ལོ་རིམ་དང་བོ་ནས་བཟུང་ངས་ཁོ་ལ་དཔེ་དེབ་གཞན་གང་ཡང་འོས་སྦྱོར་མ་བྱས་པར་རྒྱ་ཡིག་ཚིག་མཛོད་གསར་བ་《新华字典》ཞིག་སྤྲད་པ་ཡིན།
      སློབ་གྲྭ་ཞེས་པ་ནི་གནའ་བོའི་ཀེ་རུ་སིའི་སྐད་དུ་ཁོམ་ལོང་དང་བག་གཡེང་ཞེས་པའི་དོན་དག་ཡིན་མོད་རྒྱ་ནག་ནས་སློབ་གྲྭ་ནི་འཐབ་ར་ལྟ་བུར་གྱུར་འདུག ངས་ཆུང་དུས་ནས་རང་གི་བུ་ལ་ང་ཁྱོད་ཀྱི་སློབ་རོགས་བྱེད་མི་སྲིད་ང་ལ་རང་གི་དོན་དག་ཡོད་ལ་སློབ་སྦྱོང་དེ་ཡང་ཁྱོད་ཀྱི་བྱ་བ་རེད་ཅེས་ལབ་མྱོང་། ཁོམ་ལོང་ཡོད་སྐབས་དཔེ་དེབ་ཀློག་པ་ནི་ད་གཟོད་དཔེ་ཀློག་རྣལ་མ་ཡིན་པ་མ་ཟད་དེས་ཁྱོད་ཀྱི་བསམ་བློ་བསྐྱེད་བསྲིང་དང་བཙོ་སྦྱོང་བྱས་ཏེ་ནར་སོན་དུ་འཇུག་ཐུབ། གལ་སྲིད་མི་རེ་རེའི་བསམ་བློ་ནར་སོན་ཚེ་ང་ཚོའི་སྤྱི་ཚོགས་འདི་ཡང་ནར་སོན་པ་མ་ཡིན་ནམ།
དཔེ་ཀློག་གི་ཁོར་ཡུག་གྲལ་དག་ཡིན་དགོས།
     ང་རང་སྒེར་ངོས་དང་རང་ཆས་ནས་ལབ་ན་ཤོག་ངོས་དཔེ་དེབ་དག་ལ་ཡིད་ཆེས་ཟབ་མོ་ཡོད། གང་ཡིན་ཞེ་ན་གློག་རྡུལ་དཔེ་ཀློག་ནི་རྣམ་གཡེང་གི་དཔེ་ཀློག་བྱེད་སྟངས་ཤིག་ཡིན་པས་རེད། གལ་སྲིད་ཁྱོད་ཀྱིས་དཔེ་ཀློག་གཏིང་ཟབ་བྱ་འདོད་ན་ངེས་པར་དུ་ཤོག་ངོས་དཔེ་དེབ་ཁག་བཀླག་ན་འགྲིག ང་རང་གི་དཔེ་ཀློག་གོམས་སྲོལ་ནི་དཔེ་དེབ་གཅིག་བཀླགས་ཚེ་ཟིན་བྲིས་དེབ་ཅིག་ཀྱང་གྲ་སྒྲིག་བྱ་ངེས། དེབ་གཅིག་ཀློག་པར་ངེས་ཅན་དུ་ཞོར་ནས་ཟིན་བྲིས་ཕབ་དགོས་ཏེ། དེབ་གཅིག་བཀླགས་ཚར་ན་ཟིན་བྲིས་གཅིག་ཀྱང་ཞོར་དུ་གྲུབ་ཡོད་པས་རེད།
    ངས་དཔེ་ཆ་ཀློག་པར་མྱོང་ཚོར་གཉིས་ཡོད་དེ་གཅིག་ནི་དཔེ་དེབ་ཆུང་ངུ་ཞིག་ཆེན་པོར་བཀླགས་པ་དེ་ཡིན་ལ་འདི་ནི་ཐོག་མར་དཔེ་ཀློག་བྱེད་པའི་གོ་རིམ་ཡིན། དཔེར་ན་ངས་ལའོ་ཙིའི་གསུང་སྒྲོས་ལྔ་སྟོང་མ་ཞེས་པའི་དེབ་ཆུང་ངུ་དེ་ཀློག་སྐབས་འགྲམ་ནས་འགྲེལ་མཆན་བཀོད་དེ་ཡིག་འབྲུ་ལྔ་སྟོང་ཡིག་འབྲུ་ལྔ་ཁྲིར་བཏང་བ་དེ་རེད། དཔེ་ཀློག་གི་གོ་རིམ་གཉིས་པའི་སྐབས་སུ་དེབ་མཐུག་པོ་ཞིག་སྲབ་བུར་ཀློག་རྒྱུ་དེ་ཡིན་ལ་ཐོག་མར་དཀར་ཆག་དང་གླེང་གཞི་ལ་བལྟས་རྗེས་མཇུག་གཏམ་ལ་བལྟ་ངེས། དཔེ་དེབ་གཅིག་འདི་ལྟར་བམ་ཀློག་ཐེངས་གཅིག་བྱས་ན་ཕལ་ཆེར་རང་ལ་ངོས་ཟིན་ཕྲན་བུ་ཞིག་ཡོད་པ་ཤ་སྟག་ཡིན་པས་དེབ་འདི་རང་ལ་མཁོ་མིན་ཡང་གསལ་བོར་རྟོགས་ཡོང་།
   ཉམས་དགའ་བའི་ཁོར་ཡུག་ཅིག་ནས་དཔེ་ཀློག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དཔེར་ན་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་བཏང་ནས་སྙན་ངག་དང་རྩོམ་རིག་བརྩམས་ཆོས་བཀླགས་ཏེ་རང་ཉིད་ཀྱི་བླ་སྲོག་བཟི་རུ་འཇུག་པ་ལྟ་བུ། སྤྱིར་བཏང་མི་ཞིག་གི་གཤིས་རྒྱུད་དང་སྤྱོད་ལམ་ནི་དཔེ་ཀློག་གི་ཁྲོད་ནས་བསྐྱེད་བསྲིང་བྱས་པ་ཞིག་ཡིན་པས་དཔེ་དེབ་གཅིག་ལག་ཏུ་འཆང་བ་ནི་མ་གཞི་ནས་ལོངས་སྤྱོད་ཅིག་ཡིན། མཚན་ནུབ་ཧྲིལ་བོར་ཤོག་ངོས་གཅིག་ལས་བཀླག་མ་ཐུབ་ཀྱང་ཤོག་ལྷེ་གཅིག་པོ་དེས་རང་གི་བསམ་བློའི་སྒོ་མོ་ཆེ་རུ་འབྱེད་ཐུབ་པོ།།
                                   ༢༠༡༥ .༥.༡༧ ཉིན་དབུས་གཙང་ལྷ་ལྡན་ཞིང་དུ་བསྒྱུར་བའོ།། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531773
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།