བསམ་བློའི་སློབ་གསོ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »བསམ་བློའི་སློབ་གསོ་གླེང་བ།
བསམ་བློའི་སློབ་གསོ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (2860)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མིའི་རིགས་ལ་ཆེས་གལ་འགང་ཆེ་ཞིང་རིན་ཐང་བྲལ་བའི་བསམ་བློའི་སློབ་གསོ་གླེང་བ།

 བན་ཤུལ་འཇམ་དབྱངས། 

༡ སློབ་གསོའི་ངོ་བོ།

      མི་ཞིག་གིས་བསམ་གཞིགས་གཏོང་ཤེས་པ་ནས་འགོ་བརྩམས་ཏེ་མི་རིགས་སྤྱིའི་འཕེལ་རྒྱས་ལ་སེམས་ཁུར་བྱེད་ཤེས་མཁན་ཞིག་ཡིན་པའི་དབང་དུ་བཏང་ན། སློབ་གསོའི་འཕེལ་རྒྱས་ལ་བསམ་གཞིགས་མི་གཏོང་ཐབས་མེད་རེད།  རྒྱུ་མཚན་ཅིའི་ཕྱིར་ཞེ་ན།

སློབ་གསོ་ནི་མིའི་འཚོ་གནས་དང་མདུན་ལམ་ལ་ཁ་ཕྱོགས་ཡང་དག་སྟོན་པའི་ཐབས་ཤེས་ཤིག་དང་།  འཇིག་རྟེན་སྟེང་ལས་རིགས་སྣ་ཚོགས་ཀྱི་ལེགས་ཉེས་གསལ་བོར་འབྱེད་བྱེད་ཀྱི་མིག་ལྟ་བུ་རེད།  དེ་བས་སློབ་གསོ་ནི་མི་རིགས་སྤྱིའི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་ལ།  རྒྱལ་ཁབ་དང་མི་རིགས་ཤིག་གི་དར་རྒུད་ལ་རག་ལས་ཆེན་པོ་ཡོད་སྟབས།  སློབ་གསོ་གསོར་གཙིགས་ཆེན་བྱེད་པ་ནི་རང་ཉིད་ཀྱི་མི་ཚེ་ལ་གཙིགས་ཆེན་བྱས་པ་ཡིན་ཞིང་།  སློབ་གསོར་བསམ་གཞིགས་གཏོང་བ་ནི་དུས་རབས་ཀྱི་གསོན་ཤུགས་ལ་བསམ་གཞིག་དང་རེ་བ་བྱས་པ་ཡིན་པས།  མི་རིགས་ཡོངས་ཀྱིས་ཐུགས་ཁུར་བྱེད་དགོས་པའི་འོས་འགན་གལ་ཆེན་ཞིག་རེད།

༢ སློབ་གསོའི་སྒུལ་ཤུགས།

      སྤྱིར་སློབ་གསོ་ལ་དབྱེ་ན།   རིགས་ཀྱི་ཆ་ནས་སྤྱི་ཚོགས་སློབ་གསོ་དང་ཁྱིམ་ཚང་སློབ་གསོ།  སློབ་གྲྭའི་སློབ་གསོ་བཅས་རིགས་རྣམ་པ་གསུམ་དང་།  དུས་ཀྱི་ཆ་ནས་གནའ་རབས་སློབ་གསོ་དང་དེང་རབས་སློབ་གསོ་གཉིས།  རྣམ་པའི་ཆ་ནས་ཀུན་སྤྱོད་སློབ་གསོ་དང་བསམ་བློའི་སློབ་གསོ་སོགས་མང་བོ་ཞིག་འདུག་མོད།   ཆེས་གལ་འགངས་ཆེ་བ་ནི་ནང་བསྟན་ཆོས་གཞུང་ནས་བཤད་པ་ཇི་བཞིན་ནང་བསམ་བློའི་སློབ་གསོ་ནི་གལ་ཆེན་པོ་ཡིན་སྟེ། ༧ ཇོ་བོ་ཆེན་པོས།  ཡོན་ཏན་གྱི་མཆོག་ནི་ཕན་སེམས་ཆེ་བ་ཡིན།  གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན་ཞེས་གསུངས་པ་དང་།   ༧སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་ཚང་གིས།  སེམས་ཅན་ལ་ཕན་འདོགས་བྱེད་ཀྱི་སྤྱོད་པ་རྣམ་དག་ཅིག་ཡོང་དགོས་ན།  ནང་སེམས་ཀྱི་སྟེང་གི་ཀུན་སློང་བཅོས་མ་མ་ཡིན་པ་དངོས་མ་ཞིག་ཤིན་ཏུ་གལ་ཆེ་གསུངས་པ་བཞིན་ནང་སེམས་ཀྱི་བསམ་བློའི་སློབ་གསོ་ཡང་དག་ཅིག་འོངས་རྒྱུ་ནི་གཙོ་བོ་ཡིན།     ནང་བསམ་བློའི་སློབ་གསོ་ནི་རྒྱལ་འབངས་ཡོངས་ཀྱི་ཕྱིའི་ཀུན་སྤྱོད་སྤུས་ཚད་ལ་རག་ལས་ཡོད་པ་དང་།  ཕྱིའི་ཀུན་སྤྱོད་སྤུས་ཚད་དེའང་རྒྱལ་ཁབ་ཀྱི་དར་རྒུད་དང་མི་དམངས་ཁྲི་སྟོང་མང་བོའི་བདེ་སྡུག་ལ་རག་ལས་ཡོད་སྟབས་བདེ་སྐྱིད་འཚོ་བའི་འབྱུང་གནས་དམ་པ་ནི་ནང་བསམ་བློའི་སློབ་གསོ་ཉག་གཅིག་ཡིན།

ནང་བསམ་བློའི་སློབ་གསོས་མི་སྤྱིར་བཏང་བ་ཞིག་སྤྱིར་བཏང་མ་ཡིན་པའི་མི་འཇོན་ཐང་ཅན་ཞིག་ཏུ་བསྒྱུར་ཐུབ་ལ།   མི་འཇོན་ཐང་ཅན་ཞིག་སྤྱིར་བཏང་བ་དང་ཡང་ན་སྐྱི་གཡའ་བ་ཞིག      དེ་ལས་ཀྱང་ཉམ་ཐག་པ་ཞིག་ཏུའང་སྒྱུར་ཐུབ་པས།   ནང་བསམ་བློའི་སྤུས་ཚད་ཀྱིས་མིའི་ཁ་ཕྱོགས་གཏན་འཁེལ་གྱི་ནུས་པ་དང་སྒུལ་ཤུགས་ཀྱི་ནུས་པ།   བསྙོམས་སྒྲིག་གི་ནུས་པ་བཅས་ཐོན་ཐུབ་པས་ནང་བསམ་བློའི་སློབ་གསོ་ནི་སློབ་གསོ་ཐམས་ཅད་ཀྱི་བླ་སྲོག་ལྟ་བུར་གྱུར་ཡོད།   དེ་བས་ནང་བསམ་བློའི་སློབ་གསོ་དང་ཁ་བྲལ་ཚེ།  མི་ཚེ་འོད་སྟོང་ལྡན་པ་དང་མདུན་ལམ་ཡོད་པ།   གོ་རྟོགས་མཐོ་བ་དང་འཕེལ་རྒྱས་ཡོད་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་ཇི་ལྟར་འབད་ཀྱང་ཁ་ནང་གི་ཚིག་འབྲི་སྐམ་པོའི་སྟོང་བཤད་ཁོ་ན་ལས་མ་འདས། སྤུན་ཟླ་ཚོ།   བསམ་གཞིག་ནན་མོ་ཞིག་ཐོངས་དང་འཛམ་གླིང་སྟེང་གི་མིའི་རིགས་སུ་ཞིག་ཡིན་ནའང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ནི་ཕྱི་དངོས་པོའི་ནུས་པ་ལ་བརྟེན་ནས་བྱུང་ཞིང་ནང་ཤེས་རབ་ཀྱི་ནུས་པ་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་དགོས་པ་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་པ་ངོས་ཟིན་དགོས་པ་རེད།

༣ སློབ་གསོའི་རེ་བ།

     སློབ་གསོ་ཕུན་སུམ་ཚོགས་པ་དང་ཡང་དག་པའི་སློབ་གསོའི་ཐབས་ལ་བསྟེན་ན་མི་ཤེས་པའི་མུན་པ་ལས་ཐར་ཞིང་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་སེལ་ཏེ་ཡང་དག་པའི་མི་ཚེ་ཁ་ཕྱོགས་འོད་སྟོང་ལྡན་པ་ཞིག་དང་གཟི་བརྗིད་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་པ་རེད།  དེས་ན་ནང་བསྟན་ཆོས་ལུགས་ལས་བཤད་པའི་ནང་བསམ་བློའི་སློབ་གསོ་ནི་སློབ་གསོ་ཐམས་ཅད་ཀྱི་ཐོག་མའི་རྨང་གཞིའམ་རྐང་འཛུགས་ས་གཙོ་བོ་ཞིག་ཡིན་པར་མ་ཟད་ནང་བསྟན་ཆོས་ལུགས་ཀྱང་རིག་གཞུང་ཐམས་ཅད་ཀྱི་ཡང་སྙིང་།  འཚེ་མེད་ཞི་བདེ་གཞུང་ལུགས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ད་ལྟ་འཛམ་གླིང་གི་སྔོན་ཐོན་མི་རིགས་ཤེས་ལྡན་པ་དང་ཞིབ་མཇུག་པ་ཁྲི་མ་འབུམ་གྱི་འགྲམ་ཆུ་ལྡང་ཞིང་ཞིབ་མཇུག་བྱ་ཡུལ་གྱི་གནས་གཅིག་བུར་གྱུར་བ་འདི་ཡང་ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་དང་བསམ་བློ།  ལག་ལེན་དང་སྙིང་སྟོབས་བཅས་ཀྱི་དགེ་མཚན་ཡིན་ཞིང་།  དགེ་མཚན་སྟོང་གིས་ཕྱུག་པོའི་གཞུང་ལུགས་འདི་ཉིད་ང་ཚོ་བོད་མི་རིགས་ལ་གནའ་སྔ་མོ་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་ཡར་སྔོན་ནས་བཟུང་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་མཉམ་འགྲོ་མཉམ་འདུག་ཏུ་གྱུར་བས་བོད་མི་རིགས་ཀྱི་སེམས་གཏིང་ན་དགེ་བར་སྤྲོ་ལ་སྡིག་པར་རང་བཞིན་གྱིས་འཛེམ་པའི་བག་ཆགས་ཁྱད་པར་བ་ཞིག་ཡོད། དེའི་དབང་གིས་བྱམས་སྙིང་རྗེ་དང་བློ་དཀར་གཞུང་དྲང་། བསམ་པ་ཡ་རབས་ཀྱི་རང་བཞིན་ཅན་དུ་འགྲོ་བ་ལ་ཕན་འབྲས་རྒྱ་ཆེན་པོ་བྱུང་དང་འབྱུང་བཞིན་པ་ནི་བོད་མི་ཡོངས་ལ་མྱོང་གྲུབ་དང་མངོན་སུམ་ཡིན་སྟབས།

ད་ལྟ་ཕྱི་གླིང་བའི་མཁས་པ་དང་ཤེས་ལྡན་པ་མང་བོ་ཞིག་གིས་ང་རང་ཅིས་ཕྱིར་བོད་མི་ཞིག་མ་ཡིན་ནམ། ང་ལ་ཅིས་ཕྱིར་བོད་ཀྱི་ནང་བསྟན་གཞུང་ལུགས་དང་བོད་ཀྱི་བསམ་བློའི་སློབ་གསོ་མྱོང་བའི་སྐལ་བ་མེད་སོང་ངམ་ཞེས་རང་གིས་རང་ལ་འཁང་ར་དང་ལས་བདའ་བྱེད་བཞིན་པའི་གནས་ཚུལ་མང་བོ་བྱུང་དང་འབྱུང་བཞིན་པ་མ་ཟད།   ད་ལྟ་འཛམ་གླིང་སྟེང་ཆེས་ཚད་ལྡན་གྱི་མི་རིགས་ཤིག་འཇོག་དགོས་ན་དེ་ནི་བོད་མི་རིགས་ཡིན་རྒྱུ་རེད་ཅེས་གདེངས་ཚོད་ཡོད་པའི་སྒོ་ནས་མཁས་དབང་དུ་མས་མགྲིན་གཅིག་དབྱངས་གཅིག་གིས་གསུང་བཞིན་ཡོད་པ་འདིའང་ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་དང་བསམ་བློའི་ཁྱད་ཆོས།  དེ་དག་གི་དགེ་མཚན་ལས་ཐོན་པའི་འབྲས་བུ་ཡིན་ལ།  ནང་བསམ་བློའི་སློབ་གསོར་གཙིགས་ཆེན་བྱས་ན་འགྲོ་བ་ཡོངས་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ལ་གསོན་ཤུགས་རྒྱས་ཐུབ་པའི་རེ་བ་ཆེན་པོ་ཡོད་ལ།  དེར་གོང་བཀུར་བྱ་བར་འབོད་སྐུལ་ཀྱང་ཞུས་པ་ཡིན་ནོ།།

༤ སློབ་གསོའི་སྙིང་སྟོབས།

    ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་སློབ་གསོ་ནི་བཤད་ན་བརྗོད་མཐའ་བྲལ་ཞིང་གླེང་ན་རིན་ཐང་ལྡན་པ་ཞིག་ཡིན་སྟེ།  ནང་བསམ་པའི་ཆ་དང་ཕྱིའི་སྤྱོད་པའི་ཆ་ཡོངས་ནས་གསལ་བོར་མཚན་ཐུབ་པ་ཡིན། པན་ཆེན་བློ་བཟང་ཆོས་རྒྱན་གྱིས། 

 མར་གྱུར་འགྲོ་བའི་སྡུག་བསྔལ་སྡིག་སྒྲིབ་ཀུན།། 

མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།།

བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།།  

འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། 

  ཞེས་གསུངས་པའི་ཚིག་བཅད་ཤོ་ལོ་ཀ་འདིའི་ནང་དུའང་མར་གྱུར་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་གཉིས་ཀྱི་སྟེང་ན་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་ཐམས་ཅད་རང་སྟེང་དུ་ལེན་ཐུབ་པའི་སྙིང་རྗེ་དང་སྤོབས་པ་ཡོད་པར་བསྟན་ལ།   སྐུ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྟེང་དུ་བདེ་བ་དང་དགེ་གང་མཆིས་ཐམས་ཅད་གཅིག་ཀྱང་མ་ལུས་པར་འགྲོ་བ་སེམས་ཅན་ཀུན་ལ་ཆ་སྙོམས་སྒོས་སྦྱིན་ཐུབ་པའི་གཏོང་ཕོད་དང་སྙིང་སྟོབས་ཆེན་པོ་ཡོད་པར་བསྟན།     འདིའི་ཀྱང་ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་སྙིང་སྟོབས་ནི་འགྲན་ཟླ་དང་བྲལ་ཞིང་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པར་སྤྲོད་བྱས་པ་མ་ཡིན་ནམ།

གཞན་ད་དུང་རྗེ་གུང་ཐང་བསྟན་པའི་སྒྲོན་མེས།  

ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ།།

ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།    

མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།།ཞེས་གསུངས་པའི་ཚིག་དོན་གྱི་ཆ་ལ་བསམ་གཞིག་ཐུན་གཅིག་བྱས་ནའང་།  ཉན་ཐོས་ཀྱི་སྤྱོད་པ་ལ་ཡང་རང་བཞིན་གྱིས་བློ་དཀར་གཞུང་དྲང་དང་ཚུལ་མཐུན་བབས་ཆགས།    ཞི་དུལ་བག་ཡོད་ཀྱི་ལམ་དུ་གནས་པ་ཤ་སྟག་ཡིན་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོངས་ལ།    ཚུལ་དེའང་ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་ལྟ་བ་དང་སྙིང་སྟོབས་ཀྱི་སྒུལ་ཤུགས་ལས་བྱུང་བ་ཞིག་རེད།

༥ སློབ་གསོའི་རེ་སྙེག

      རང་རེ་གངས་ཅན་གྱི་ལྗོངས་གཙོས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཉི་ཟླ་བཞིན་གསལ་ཞིང་གཡུ་འབྲུག་ལྟར་ལྡིར་བའི་མདོ་སྔགས་གཉིས་ཀྱི་ཆོས་ཚུལ་ཕུན་སུམ་ཚོགས་པ་འདི་ཉིད་འཛམ་གླིང་སྐྱེས་འགྲོ་ཡོངས་ཀྱི་སྤྱི་ནོར་དུ་གྱུར་ཡོད་པར་ད་ལྟའི་དུས་རབས་འདིར་སུས་ཀྱང་ཁས་ལེན་བཞིན་ཡོད་ལ།  ང་ཚོ་བོད་མི་རིགས་ལ་ཆ་མཚོན་ན་མདོ་སྔགས་ཟུང་འབྲེལ་གྱི་རྒྱལ་བའི་བསྟན་པ་དེ་ཉིད་གནའ་སྔ་མོ་ནས་ཡོད་པར་མ་ཟད་ཐོས་བསམ་བསྒོམ་གསུམ་གྱི་ལམ་སྲོལ་དང་ལུགས་སྲོལ་ཆེན་པོའང་སྔ་མོ་ནས་ཡོད་བཞིན་དུ་དེ་ལ་སློབ་སྦྱོང་མི་བྱེད་པ་ནི་ཆེས་ཤིན་ཏུ་བླུན་པ་ཡིན་ནོ།།  སྤྱིར་ཐེག་པ་ཆེན་པོའི་ཆོས་ལ་སྤྱངས་ནས་སྨོན་འཇུག་གི་སེམས་བསྐྱེད་དགོས་པ་ཡིན་ཕྱིན།  སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་ཡང་དག་པ་ཞིག་བྱས་ཏེ་མི་ཚེ་ཧྲིལ་བོའི་ཁ་ཕྱོགས་མ་ནོར་བ་དང་གཏན་གྱི་བདེ་བ་ཡང་དག་པ་ཞིག་འཚོལ་རྒྱུ་ནི་གལ་ཆེན་པོ་རེད།     དེ་བས་འདིར་ཕྱོགས་སུ་མ་ལྷུང་ཞིང་རིས་སུ་མ་ཁྱེར་བའི་ནང་བསྟན་གྱི་གཞུང་ལུགས་ཟབ་མོ་འདི་ལ་ཐོས་བསམ་ཡང་དག་ཅིག་བྱ་རྒྱུ་ནི་གཙོ་བོ་ཡིན་པ་ལས།   གྲུབ་མཐའ་གོང་འོག་དང་ལྟ་བ་གསར་རྙིང་གི་ཕྱོགས་རིས་བཟུང་སྟེ་ཆགས་སྡང་གི་རྒྱུ་སྒྲུབ་པ་ནི་ཤིན་ཏུ་མི་ལེགས་ཏེ།   གང་ཟག་འགའ་རེས་བྱ་བ་དེའི་ཕན་འབྲས་ལ་མ་ལྟོས་པར་ཕྱོགས་རིས་ཁོ་ནས་སྒྲོ་འདོགས་དང་སྐུར་འདེབས་སྣ་ཚོགས་ལ་གྲ་སྒྲིག་བྱས་ཏེ་ཕྱི་རབས་པ་རྣམས་ཀྱི་རྒྱུད་ལ་བག་ཆགས་ངན་པ་འཇོག་ཨེ་ཐུབ་ལྟ་བ་ནི་ཆོས་དང་འཇིན་རྟེན་གཉིས་ཀའི་ཆ་ལ་རྒྱབ་འགལ་བྱས་པར་མ་ཟད།   བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གྱོང་གུད་བཟོས་པ་ཡིན་པས་གནོད་པ་ལས་ཕན་པ་ཅི་ཡང་ཡོད་པ་མ་རེད།

དེས་ན་དུས་རབས་གསར་བ་འདིའི་ནང་འཛམ་གླིང་གི་ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་འདྲ་བ།   རྒྱལ་ཁབ་མི་འདྲ་བ་དག་གིས་ཀྱང་ཕན་ཚུན་བར་མཐུན་སྒྲིལ་དང་མཉམ་འབྲེལ་གྱི་སྒོ་ནས་ཐུན་མོང་གི་ཁེ་ཕན་ལ་བརྩོན་ལེན་བྱེད་བཞིན་ཡོད་ན།   ང་ཚོ་བོད་པ་སྟེ། ཤ་རུས་གདུང་རྒྱུད་གཅིག་པ།   ཆོས་དང་རིག་གཞུང་གཅིག་པ།  ལས་དང་སྨོན་ལམ་གཅིག་པ།    ལས་རིགས་དང་དགའ་ཕྱོགས་གཅིག་པ་ཅན་རྣམས་ཀྱི་ནང་དུ་དོན་མེད་ཆགས་སྡང་དང་ཕྱོགས་རིས་འཐེན་འཁྱེར་སྣ་ཚོགས་མི་བྱེད་པར་གངས་ཅན་བོད་པ་ཚང་གི་ཕུ་ནུ་མིང་སྲིང་ཡོངས་ཀྱིས་ཡིད་སེམས་གཅིག་མཐུན་དང་དཔུང་བ་མཉམ་གཤིབས་སྒོས་དུས་རབས་གསར་བའི་ལམ་ཁར་ཞུགས་ཏེ་རང་གཞན་ཐམས་ཅད་ཚེ་རབས་གཏན་གྱི་བདེ་བ་དང་སྐྱིད་པའི་ཐབས་ལ་བརྩོན་པའི་མི་ཡ་རབས་དང་འཇོན་ཐང་ཅན་ཞིག་ལ་འཚོལ་སྙེག་བྱ་རྒྱུ་ནི་ནང་བསྟན་ཆོས་གཞུང་ནས་བཤད་པའི་བསམ་བློའི་སློབ་གསོའི་རེ་སྙེག་བྱ་ས་གཙོ་བོ་ཡིན།

༦མཇུག་བསྡུའི་གསལ་བཤད།

     བསམ་བློའི་སློབ་གསོ་ལ་གསོན་ཤུགས་རྒྱས་པ་ན་ཀུན་སློང་སྐྱོན་བྲལ་དང་ལྷག་བསམ་གཙང་མའི་ཐུ་འོག་ནས་གཞན་ཕན་བསྒྲུབ་པ་ནི་ཆེས་རླབས་ཆེ་ཞིང་རིན་ཐང་ལྡན་པ་ཞིག་ཡིན་སྟེ། སྟོན་པ་ཐུབ་པའི་དབང་བོ་བྲམ་ཟེ་སློབ་དཔོན་གྱི་སྐྱེ་བ་བཞེས་ཏེ་སྟག་མོ་ལ་ལུས་སྦྱིན་སྐབས་ཀྱི་སྨོན་ལམ་ཡང་འདི་ལྟར་བཏབ་པ་རེད།  

འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན།།

མཐོ་རིས་འདོད་དང་རྒྱལ་སྲིད་སྒྲུབ་ཕྱིར་མིན།།

བདག་གི་བདེ་བ་མཆོག་ཐོབ་ཕྱིར་མིན་གྱིས།།

གཞན་དོན་སྒྲུབ་ཕྱིར་བདག་ནི་འདི་རྩོམ་མོ།།

    ཞེས་གསུངས་ནས་རང་གི་མཚན་དང་སྙན་གྲགས་རྒྱས་པའི་ཆེད་དུ་མིན་ལ།   གཞན་ལ་སྟོབས་དང་ནུས་པ་འགྲན་པའི་ཆེད་དུའང་མིན་པ།  མཐོ་རིས་ཐོབ་འདོད་དང་རྒྱལ་སྲིད་འཛིན་པའི་ཆེད་དུ་ཡང་མ་ཡིན་པར་གཞན་ཕན་གྱི་ལྷག་བསམ་ཁོ་ནས་བྱ་བཞག་འདི་བསྒྲུབས་པ་ཡིན་ཞེས་གསལ་བཤད་བྱས་ཡོད་ལ།   དེ་ཡང་ནང་བསམ་བློ་ལས་བྱུང་བ་ཡིན་པ་ངོས་ཟིན་པའི་ཐོག       རང་ཅག་རྣམས་ཀྱིས་ཀྱང་གཞུང་ཆེན་པོ་འདིའི་ལྟ་བསྒོམ་སྤྱོད་གསུམ་དེང་དུ་བླངས་ཤིང་བསམ་པ་རྣམ་དག་དང་ལྷག་བསམ་བཟང་བོས་ཀུན་ནས་བསླངས་ཏེ་གཞན་ལ་སྨན་བཅོས་བྱེད་པ།   སློབ་གྲྭ་བསྒྲུབས་པ།   གནང་སྦྱིན་རོགས་སྐྱོར་བྱེད་པ།  དུས་དེབ་དང་ཚགས་པར་གཉེར་བ་སོགས་ཡ་རབས་ཀྱི་བྱ་བར་ཞུགས་ཏེ་བསྟན་པ་དང་འགྲོ་བ་སེམས་ཅན་ཀུན་ལ་བསམ་པ་རྣམ་དག་གིས་སྲི་ཞུ་ཅི་ནུས་བསྒྲུབ་རྒྱུ་ནི་འཇིག་རྟེན་འདིར་མི་རུ་སྐྱེས་པའི་དོན་སྒོ་གལ་ཆེན་ཞིག་ཡིན་པར་མ་ཟད།

བསམ་བློའི་སློབ་གསོའི་ལྟ་བ་དང་ལག་ལེན་དངོས་ཡིན་པས་སེམས་ཅན་ཐམས་ཅད་ལ་ངེས་པ་དོན་གྱིས་ཕན་ཐོགས་པར་འགྱུར་ཞིང་སངས་རྒྱས་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུ་རུའང་འགྱུར་ལགས་སོ།།།


རྩོམ་སྒྲིག་འགན་འཁུར་བ ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23585153
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།