​མཛེས་དཔྱོད་སློབ་གསོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »​མཛེས་དཔྱོད་སློབ་གསོ།
​མཛེས་དཔྱོད་སློབ་གསོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (3096)རྩོམ་ཁུངས: ངེད་དྲ་བ།


མཛེས་དཔྱོད་སློབ་གསོ།

 ཞེ་ལི།
J.C.F.Schiller,1759-1805)

སྒྱུར་བ་བོ། གངས་ཅན་དབྱངས་འཚོ།

     ནུབ་ཕྱོགས་རྒྱུ་གཉིས་སྨྲ་བ་ལ་ནང་གསེས་ཀྱི་རིགས་མི་འདྲ་བ་དུ་མ་ཡོད།   ད་ལྟ་བཤད་མ་ཐག་པའི་ཁཱང་དྷིའི་རྒྱུ་གཉིས་སྨྲ་བའི་དབྱེད་ཐབས་དང་།  ཞེ་ལིའི་མི་གཤིས་ཀྱི་གནང་གནས་གྲུབ་སྟངས་གཙོ་བོར་བཟུང་བའི་རྒྱུ་གཉིས་སྨྲ་བའི་དབྱེ་ཐབས།  ད་དུང་མངོན་སུམ་དང་རྗེས་དཔག་གི་རིགས་ལམ་བརྟེན་ནས་མི་གཤིས་ཀྱིས་བསླངས་པའི་སྡུག་བསྔལ་དེ་རྒྱུ་གཉིས་སྨྲ་བ་གང་མང་གིས་དག་སེལ་བྱེད་ཅིང་དེ་ལས་ཞེ་ལིའི་སེལ་ཐབས་ལ་མཛེས་རྩལ་རིག་པ་ཟེར་བ་ཡིན།   

     དེར་བརྟེན།  ཞེ་ལིའི་མཛེས་རིག་དེ་མི་གཤིས་ཀྱི་ལྟ་བར་ཤིན་ཏུ་ཉེ་ཙམ་ལས་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བ་ཡང་དག་ཅིག་ཏུ་སྨྲ་མི་ནུས།    མི་གཤིས་ལ་དཔྱོད་ཚེ་འཕེལ་རྒྱས་རིམ་པ་ཚང་མར་ཞིབ་འཇུག་བྱ་དགོས་པས་ངེས་པར་དུ་ཞེ་ལིའི་མཛེས་དཔྱོད་ལྟ་བ་སྤྱད་ནས་བསམ་གཞིག་བྱས་ན་འབྲས་བུ་མི་དམན་པ་འཐོབ་ངེས།   དེའང་ཇི་ལྟར་ཞེ་ན།  ང་ཚོས་གནད་འདི་གསལ་ཐག་ཆོད་པའི་སྒོ་ནས་འགྲེལ་བཤད་བྱ་ཕྱིར་ཐོག་མར་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་མཛེས་རིག་བསམ་བློའི་སྐོར་གླེང་བར་བྱ།    ནུབ་ཕྱོགས་པའི་མཚན་ཉིད་སྨྲ་བ་སྔ་རབས་པས་མཛེས་པའི་འགྲུབ་རྐྱེན་དེ་ཕྱི་དོན་གྱི་ཐོག་ཏུ་ཡོད་པར་བཞེད་དེ།   དཔེར་ན།  “མཛེས་པ་ནི་ཅི་ཞིག་”ཅེས་ དྲིས་པའི་ལན་དང་བོ་ནི།    མཛེས་པ་ནི་མཐུན་སྦྱོར་རེད་ཅེས་ཟེར།   འོ་ན་མཐུན་སྦྱོར་ཞེས་པ་གང་སྟོན་གྱིན་ཡོད་དམ་སྙམ་ན།   དེ་ནི་མཛེས་པའི་འགྲུབ་རྐྱེན་ཏེ་ངེས་པར་དུ་རྣམ་གྲངས་དང་བསྡུར་ཚད་ཐོག་གི་མཐུན་སྦྱོར་ལ་སྟོན་གྱིན་ཡོད་ལ།  མདོར་ན་མཛེས་པའི་འགྲུབ་རྐྱེན་མཐའ་དག་ཕྱི་དོན་གྱི་ཐོག་ཏུ་ཡོད་པར་འདོད་པ་རེད།   འདི་ནི་ནུབ་ཕྱོགས་གནའ་རབས་ཀྱི་མཛེས་པའི་ལྟ་ཚུལ་རེད།    འོན་ཏེ་ད་སྐབས་ང་ཚོས་མཐུན་སྦྱོར་ཞེས་གླེང་དུས་ཡུལ་ཅན་སེམས་ཀྱི་ཉམས་འགྱུར་ཞིག་མངོན་ཡོང་བ་རེད།  དེའང་དཔེར་ན།  སྔོན་ཆད་ཆེས་མཛེས་པའི་མཚོན་བྱེད་ལ་ཟླུམ་གཟུགས་དང་གོར་དབྱིབས་ཀྱི་དངོས་པོ་འཇོག་བཞིན་ཡོད།    འདི་ནི་གནའ་རབས་གྲངས་རིག་གི་ཤུགས་རྐྱེན་ཏེ་སྐབས་དེའི་རྩིས་གཞུང་དུ་རྣམ་གྲངས་དང་།   དབྱིབས་རིས་ཀྱི་གྲུབ་ཚུལ་ ཐམས་ཅད་བསྡུར་དང་གཏན་སྲོལ་ངེས་ཅན་ཞིག་གི་སྒོ་ནས་སྙོམ་པོའམ་རན་པོར་གྲུབ་མངོན་ཡོང་།    འདི་ལྟ་བུའི་ལྟ་ཚུལ་འོག་མཛེས་པ་ནི་ཕྱི་དོན་ཡུལ་གྱི་སྟེང་དུ་གྲུབ་པར་འདོད།   

     དཔེར་ན། ཡཱ་རི་སུ་ཏོ་དྷིའི་དགོངས་བཞེད་ལྟར་ན།“མཛེས་པ་”ལ་མཐུན་རྐྱེན་གསུམ་འཛོམ་དགོས་ཏེ།  གཏན་སྲོལ་ (གོ་རིམ)དང་སྙོམ་པོ།   ངེས་གསལ་བཅས་ཡིན།   དང་བོ་གཏན་སྲོལ་ཡོད་པས་རྙོག་འཛིང་གི་སྐྱོན་གྱིས་མི་གོས་ཤིང་།  གཉིས་པ་སྙོམ་པོ་བྱུང་ཚེ་བསྡུར་ཚད་ལ་ནོར་འཆུག་ཡོད་སྲིད།   གསུམ་པ་ངེས་གསལ་ལྡན་པས་སྣང་བའི་དངོས་པོ་གསལ་ཐག་ཆོད་པ་ཡིན་ངེས།    མི་ནི་ཡུལ་ཅན་ཡིན་པས་མཛེས་པ་ལ་ཉམས་ཞིབ་བམ་ལོངས་སུ་སྤྱོད་ཆོག་སྟེ་ཡུལ་ཅན་མི་ཡི་བློ་ཡུལ་དུ་རང་བས་སོ། །   འདི་ལྟ་བུའི་ལྟ་ཚུལ་གྱི་དགོངས་གཞི་ནི།    དང་བོ།  ཕྱི་དོན་དུ་གྲུབ་པ་དང་།  ཀུན་ཁྱབ་ཀྱི་རྣམ་པ།   འགྱུར་མེད་ཀྱི་རང་བཞིན་བཅས་ལྡན་པའི་དངོས་པོ་ནི་མཛེས་པ་ཡིན་ལ་དེ་ནི་གཞལ་བྱར་རུང་བ་ཞིག་ཡིན།      གཉིས་པ།    དེ་ལྟ་བུའི་དངོས་པོ་ལ་གཟབ་ནན་གྱི་རྣམ་པ་དང་རྩིས་གཞུང་གི་བསྡུར་ཚད་ཐོག་ཏུ་འབྲེལ་བ་དམ་པོར་ཡོད་པ་ཡིན།   གསུམ་པ།   ངས་མཐོང་བའི་བྱེ་བྲག་གི་རྣམ་པ་དཔེར་ན།   ཇ་ཕོར་ལྟ་བུ་ཇི་ལྟར་མཛེས་སམ་ཞེ་ན།   ཕྱི་དོན་དུ་གྲུབ་པའི་ཇ་ཕོར་དེ་ཕུགས་བསམ་ཁྲོད་ཀྱི་ཇ་ཕོར་དང་འབྲེལ་བ་བྱུང་བས་མཛེས་པ་རེད།    ཡང་ན་ཇ་ཕོར་རང་སྟེང་དུ་སྙོམ་པོ་སོགས་ཚད་གཞི་ངེས་ཅིག་ལྡན་པས་མཛེས་པའི་རང་བཞིན་དེ་ཡང་ང་ཚོའི་སྤྱོད་ཡུལ་དུ་གྱུར་པ་རེད།    བཞི་བ།  གལ་ཏེ་མཛེས་པ་ལོངས་སུ་སྤྱོད་དགོས་ན་ངེས་པར་དུ་རྗེས་དཔག་གི་བློ་དེ་སྔོན་དུ་འགྲོ་དགོས་ཏེ་ཚོར་སྣང་ཡན་གར་བ་ཙམ་གྱིས་མཛེས་པར་དཔྱོད་མི་ནུས་པའི་ཕྱིར་རོ། །

དེ་ལྟར་ཡིན་ན།  མཛེས་པ་ཟེར་བ་ཕྱི་དོན་གྱི་རྣམ་པ་ཙམ་ཞིག་ཡིན་ལ།   རྣམ་པ་དེའི་ཕག་ཏུ་ཡོད་པའི་དགོངས་སྙིང་ནི།   བདེན་པ་དང་དགེ་བར་འབྲེལ་བ་ཡོད་པ་ཞིག་ཡིན།      དཔེར་ན།   གླུ་ཞིག་ཉན་པའི་དབང་ དུ་བཏང་ན།  འགྱུར་ཁུགས་སྙན་འཇེབས་ལྡན་པ་རེད། དེ་བས་སེམས་སུ་ཅི་འདྲའི་སྙན་པ་ལ་ཨང་ཤར་སྲིད།  འོན་ཀྱང་གླུ་ཚིག་ཧ་ཅང་གདུག་རྩུབ་ལྡན་པ་ཞིག་རེད།   འདིའི་ཐད་ནས་དགེ་སྡིག་གི་སྣང་ཚུལ་མངོན་ཡོང་བ་འདྲ། དེ་བས་མཛེས་པ་ནི་རྣམ་པ་དང་བདེན་པ་དང་དགེ་བ་ནི་རང་བཞིན་ནམ་དགོངས་དོན་ཡིན་པར་ལྟ། འོན་ཀྱང་དོན་དངོས་སུ་མཛེས་པ་ནི་ཕྱི་རོལ་གྱི་རྣམ་པ་ཙམ་དུ་ངེས་སམ།   དེ་ལྟར་ཡིན་ན་འཇིག་རྟེན་གྱི་བྱ་དངོས་ཡོད་རྒུ་མི་མཛེས་པར་འགྱུར་འགྲོ།   འོན་ཏེ་མནོ་བསམ་ཞིབ་མོའི་བཤད་ན།   འཇིག་རྟེན་གྱི་དངོས་པོ་ ཐམས་ཅད་ལ་མཛེས་དཔྱོད་བསམ་བློའི་ཡུལ་དུ་རུང་བ་ཞིག་ཡོད་ངེས།      གལ་ཏེ་སྔར་གྱི་གླེང་སྟངས་ལྟར་ཡིན་ན།  འཇིག་རྟེན་གྱི་དངོས་པོ་གང་མང་ཞིག་ཕྱིའི་རྣམ་པར་སྐྱོན་ཆ་སྣ་ཚོགས་ཡོད་པས་མི་མཛེས་མོད།   རིགས་མཐུན་གྱི་དངོས་པོ་དུ་མ་ཁྲོད་ནས་དངོས་པོ་ལ་ལ་ཆག་ཞིག་ཏུ་སོང་ཡང་ད་དུང་དེ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པས་ང་ཚོས་ནམ་རྒྱུན་གླེང་བཞིན་པའི་སྐྱོན་གྱི་མཛེས་པ་ཟེར་བ་དངོས་གནས་ཡོད་ངེས།  དཔེར་ན།  མེ་ལོང་ཞིག་ཟུར་ཁ་ཆག་གྲུམ་ཤོར་ཞིང་ཡུན་རིང་སོང་ཚེ་དེ་ཉིད་མིག་ལ་གོམས་འགྲོ་བ་མ་ཟད།   ཁོའི་ཚོར་སྣང་ལ་དེ་ཉིད་མཛེས་པོའི་ཉམས་ཤིག་ཀྱང་ཤར་ངེས།    ད་དུང་མེ་ལོང་ཧྲིལ་བོ་ཞིག་ལ་བལྟས་ཚེ་དེ་ལས་ལྡོག་སྟེ་མི་མཛེས་པའི་སྣང་བ་ཞིག་ཀྱང་སྲིད། དེ་བས་མཛེས་དང་མི་མཛེས་ཀྱི་ས་མཚམས་སུ་ཞིག་གིས་འབྱེད་དམ།  ད་དུང་མཛེས་པའི་ཁྱད་པར་དེ་ཏག་ཏག་ཕྱི་དོན་ཁོ་ནས་ཚད་ཐིག་ལེན་གྱིན་ཡོད་ན།   ང་ཚོས་དེ་ལ་གང་དྲན་གྱིས་དགག་སྒྲུབ་བྱེད་ནུས་སམ།    འོན་ཀྱང་མཛེས་པ་ནི་སྔར་བཤད་པ་ལྟར་ཕྱི་དོན་ཁོ་ནའི་ཐོག་ཏུ་ཡོད་པ་ཞིག་ཡིན་ནམ་ཞེ་ན་ཧ་ཅང་བཤད་དཀའ་འོ། །   རེད་དེ།   མཛེས་པ་དེ་མི་རེ་རེའི་བསམ་བློ་དགོས་མཁོ་དང་སེམས་ ཁམས།  ཁོར་ཡུག་གི་གནས་བབ་སོགས་ལ་འབྲེལ་བ་དམ་པོར་ལྡན་པ་མཐོང་།   དཔེར་ན།   དབྱངས་རྟ་ཞིག་ ཁྱོད་ཀྱིས་ཉན་ཚེ་ཧ་ཅང་སྙན་འཇེབས་ལྡན་པ་ཡིན་སྲིད།   འོན་ཀྱང་ང་ལ་མཚོན་དེ་འདྲ་སྙན་པའི་ངེས་པ་མེད། གཞན་ཡང་དབྱངས་རྟ་ཞིག་ཁ་སང་ཉན་ན་འཛད་མེད་ཀྱི་ཚོར་བ་འདྲེན་པའི་དབྱངས་ཤིག་ཡིན་རུང་།  དེ་རིང་ ཉན་དེའང་དེ་ལྟར་ཡིན་པའི་ཁྱབ་མཐའ་བྲལ།    དེ་ནི་ཅིའི་ཕྱིར་ཞེ་ན། མཛེས་པ་དེ་ཡུལ་ཅན་གྱི་སྤྱོད་ཚུལ་དང་ ཚོར་ནུས་ད་དུང་མཛེས་དཔྱོད་ཀྱི་བསམ་བློ་ལ་འབྲེལ་བ་ཡོད་པས་རེད།    

   དེ་བས་གལ་ཏེ་ཁྱོད་ཀྱིས་མཛེས་པ་དེ་ཕྱི་དོན་ཡུལ་གྱི་རྣམ་པ་ཙམ་དུ་བྱས་ན་ང་ཚོས་མཛེས་པ་ཉམས་སུ་ མྱོང་བ་ལ་མཐུན་རྐྱེན་གང་མང་འཛོམ་དགོས།   འདི་ནས་དྲི་འདོད་པ་ཞིག་ནི།  ཡིག་རྨོངས་པས་ཡུལ་གྱི་གྲུབ་ དོན་ཚུལ་བཞིན་རྟོགས་མི་ནུས་པས་མཛེས་པ་ལོངས་སུ་སྤྱོད་ནུས་སམ།   མི་ནུས་པར་འགྱུར་ཏེ།   མཛེས་པ་དེ་ ཡུལ་གྱི་ཐོག་ཏུ་ཡོད་པ་དེ་ཉིད་ཉམས་སུ་མྱོང་བ་ལ་གཙོ་བོ་དེའི་གྲུབ་དོན་ཚུལ་བཞིན་རྟོགས་ནུས་པ་ལ་འབྲེལ་ ཡོད་དེ།    དེ་ནི་མཛེས་དཔྱོད་དང་ངོས་འཛིན་གྱི་ཡུལ་ཡིན་པའི་ཕྱིར་རོ། །    འདི་ལས་ང་མཐོང་ཐུབ་པ་ནི།   སྲོལ་རྒྱུན་གྱི་ངོས་ནས་གླེང་ན་“མཛེས་པ་ནི་ཕྱི་དོན་ཡུལ་གྱི་མངོན་སྟངས་ཤིག་ཡིན་”པར་བཞེད་ཅིང་།   ལྟ་བ་ གཏན་ཚུགས་པོར་གནས་མི་ཐུབ་པ་མ་ཟད།   དུས་མཚུངས་སུ་མཛེས་པ་སྤྱོད་པའི་ཡུལ་ཅན་རང་སྟེང་དུ་ཡང་ སྙིང་མཐུན་རྐྱེན་ག་ཙམ་འཛོམ་དགོས་མིན་ལའང་ཉམས་ཞིབ་དགོས།    གནད་འདི་ནས་ཞེ་ལིས་རང་གི་ལྟ་ ཚུལ་བཏོན་ཡོད་དེ།  དེའང་བཞེད་དགོངས་ལྟར་ན།   མི་ཞིག་གིས་རྣམ་པའི་བྱེ་བྲག་གང་རུང་ཞིག་ལོངས་སུ་ སྤྱོད་པར་བརྩམས་པ་ན།  དེ་ལྟའི་ཡུལ་ཅན་དེས་དངོས་ཡོད་ཉམས་མྱོང་གི་ཁྱབ་ཁོངས་ལས་བརྒལ་ཏེ་སྲོག་ ཆགས་ཀྱི་འཇིག་རྟེན་ཞིག་ཏུ་མིའི་འཇིག་རྟེན་གསར་བ་ཞིག་བསྐྲུན་པ་རེད།   སྲོག་ཆགས་ཀྱིས་གཟུགས་ཅན་ དངོས་པོ་དེ་ཐད་དཀར་མཐོང་ཐུབ་པ་ཙམ་ལས་དངོས་པ་དེ་དང་བྲལ་ཚེ་དེའི་དོན་སྤྱིའམ་སྤྱི་མཚན་ཚུལ་ བཞིན་བློ་ངོར་འཆར་ཐུབ་ཀྱིན་མེད།  དོན་སྤྱི་ནི་དང་ཐོག་བྱེ་བྲག་གཟུགས་ཅན་གྱི་དངོས་པོའི་འདྲ་རྣམ་དེ་གཙོ་ བོར་བཟུང་ནས་སླད་མར་རྟོག་ངོར་བསྐྱར་བཞེངས་བྱེད་པ་ལ་ཟེར།   དཔེར་ན།  ངས་དང་ཐོག་བ་གླང་ཞིག་ མཐོང་བ་ན།    ངས་བ་གླང་དེའི་དབྱིབས་དང་ཁ་དོག་ལ་གཙོ་བོར་ཉམས་འཇོག་བྱེད་པ་ལས་དེའི་ལྗིད་ཚད་དང་རང་བཞིན་ གལ་ཆེན་དུ་མི་བྱེད།  དེ་ལྟར་ཡིན་ཡང་ངས་ཐོག་མར་བ་གླང་ངོ་ཤེས་པའི་དབང་དུ་བཏང་རུང་སྐབས་དེར་ མི་ལ་རང་ཉིད་སྲོག་ཆགས་ཀྱི་འཇིག་རྟེན་ལས་འདའ་འགོངས་ཐུབ་པའི་ནུས་པ་ཡོད་ངེས།   གནད་འདི་དག་ གི་ཟུར་ཁ་ནས་བལྟས་ན། མཛེས་པ་ཕྱི་དོན་གྱི་གྲུབ་ཤིག་ཏུ་གཏན་ཁེལ་བྱས་པ་དང་ལེན་བྱ་ཆོག  འོན་ཏེ།   འཇིག་རྟེན་འདིའི་བྱ་དངོས་གང་ཞིག་ཡིན་རུང་རང་ཉིད་གྲུབ་པ་ནས་ངེས་པར་དུ་གཏན་སྲོལ་དང་།  སྙོམ་པོ།  ངེས་གསལ་གསུམ་པོ་ངེས་ཅན་ཞིག་ཡོད་སྲིད་ལ།   རིགས་འདྲའི་དངོས་པོ་ག་ཙམ་མང་རང་རང་ལ་གཞན་དང་ མི་མཚུངས་ཁྱད་ཆོས་རེ་རེ་ཡོད་པ་དེ་མཛེས་དཔྱོད་ཀྱི་ཡུལ་དུ་རུང་།   དེ་བས་ང་ཚོར་བརྒྱ་ཁ་ཆིག་གཅོད་ཀྱི་ གྲུབ་དོན་ཞིག་ངེས་པར་དུ་མི་དགོས་པས་ལྟ་ཚུལ་སྣ་མང་ཡོད་ཆོག  འདི་ལྟར་བྱས་ཚེ་སླར་ཡང་ང་ཚོས་མཛེས་ པ་དེ་ཡུལ་ཅན་གྱི་ཕྱོགས་སུ་གཏོགས་མིན་ལ་དཔྱོད་དགོས་པ་ཡིན།  ང་ཚོ་སུས་ཀྱང་ལྟ་ཚུལ་འདི་མཐའ་གཅིག་ ཏུ་དགག་མི་ནུས་ཏེ།  མི་སུ་ཞིག་ཡིན་རུང་ཐམས་ཅད་ལ་ཚོར་འགྱུའི་(transference)འཕོ་འགྱུར་ལྡན་པས།་ རང་ཉིད་ཀྱི་བརྩེ་དུང་དེ་ཡུལ་གྱི་ཐོག་ནས་འགྱུར་བ་གཏོང་རྒྱུ་ཡོད་པ་ཤ་སྟག་ཡིན།    དེའང་ངག་རྒྱུན་དུ་“མཛའ་བོའི་མིག་ཏུ་ཁྱོད་ཉིད་ཀུན་ནས་མཛེས་”ཞེས་པ་ལྟར་མི་མཛའ་བོ་སུ་ཞིག་ཡིན་རུང་དེ་ལ་རང་གི་ མཛའ་མོར་བཟུང་ཚོར་འགྱུའི་མངོན་སྟངས་ཤིག་ཡོད་ངེས།   གལ་ཏེ་མཛའ་བོར་བརྩེ་དུང་གི་དམིགས་རྟེན་ ཙམ་ཡང་ཡང་མེད་ན་འདི་ལྟ་བུ་སྣང་ཚུལ་ཁྱད་པར་འབྱུང་བ་དཀོན་ལ།   ང་ཚོས་རྣམ་རྒྱུན་ཡུལ་གྱི་ཁྱད་ཆོས་ གང་མང་ཚུལ་བཞིན་མཐོང་མི་ཐུབ་པའང་ཡུལ་ཅན་བློ་དེ་ཚོར་འགྱུའི་ཕྱོགས་ལྷུང་གིས་བསྒྲིབས་པ་རེད།  

ཁཱང་དྷིའི་མཛེས་རིག་ལ་ཁྱད་ཆོས་གང་འདྲ་ཡོད་ཅེ་ན།   ཁོང་གིས་ཐབས་ཇུས་སྣ་ཚོགས་ཀྱི་སྒོ་ནས་རང་ བྱུང་གི་འཇིག་རྟེན་དང་རང་དབང་གི་འཇིག་རྟེན་གཉིས་ལྷན་དུ་སྦྲེལ་ཏེ།   ཆོས་ཉིད་ཀྱི་རྗེས་དཔག་ (Kritik der reinen Vernunft)ལ་དཔྱད་བསྡུར་བྱེད་དུས་ཁོང་གིས་མིའི་ཤེས་ཚད་ལ་ཉམས་འཇོག་བྱ་དགོས་བྱུང་ བ་རེད།    མིའི་རྟོག་དཔྱོད་ཀྱི་ཡུལ་ནི་རང་བྱུང་ཁམས་ཡིན་ལ།  རང་བྱུང་ཁམས་ཀྱི་བྱ་དངོས་ཡོད་རྒུ་ནི་ རང་བྱུང་གི་ཁ་ལོ་སྒྱུར་བཞིན་ཡོད་པ་སྨོས་ག་ལ་དགོས།   རང་དབང་ཞེས་པ་འཆད་དགོས་ཚེ་ངེས་པར་དུ་མི་ གཤིས་སུ་གྲུབ་པའི་ཀུན་སྤྱོད་ཀྱི་འཇིག་རྟེན་ཞིག་ལ་ཁ་ཕྱིར་འཁོར་དགོས་པ་ཡིན།   འདི་ལྟ་བུའི་འཇིག་རྟེན་ གཉིས་ལས་གཅིག་ནི་མིའི་རྟོག་དཔྱོད་ཀྱི་ཡུལ་དང་གཅིག་ཤོས་ནི་ཀུན་སྤྱོད་ཀྱི་ཡུལ་ཡིན། སྣང་ཚུལ་གྱི་ཐོག་ནས་ དེ་གཉིས་འགལ་བ་ལྟར་གྲུབ་ཀྱང་ང་ཚོས་ངེས་པར་དུ་དེ་གཉིས་ཟུང་འབྲེལ་བྱ་ཆོག་ཅིང་བྱེད་ཀྱང་དགོས།   ཁཱང་དྷིས་གོང་གི་འཇིག་རྟེན་གཉིས་པོ་ཟུང་འབྲེལ་བྱེད་པར་བརྩམས་དུས་མིའི་བརྩེ་སེམས་དུང་མྱོང་ཚོར་(feeling)ཞེས་གླེང་བ་རེད།   དེའང་ང་ཚོས་བརྩེ་སེམས་དང་མྱོང་ཚོར་གྱི་ཐད་ནས་“བརྩེ་”ཞེས་པའི་ཡི་གེ་འདིས་ ཡུལ་ཅན་སྟོན་ཞིང་“མྱོང་”ཞེས་པས་ཡུལ་མཚོན་གྱི་ཡོད་པར་རྟོགས་ཐུབ།   ད་དུང་མྱོང་ཚོར་འདིས་ཕྱོགས་ གཅིག་ནས་རང་ཉིད་དངོས་པ་ལ་ལ་ཞིག་གིས་གཞན་དབང་དུ་བསྒྱུར་བའམ།   རང་གི་ཚོར་དབང་དེ་དངོས་པོ་ དེ་དག་ལ་གཏད་དུ་འཇུག་བཅུག་པའི་སྒོ་ནས་ཡུལ་གྱི་རྣམ་པ་དེ་ཚོར་བའི་གཏིང་དུ་བཙུད་པ་རེད།   གཞན་ཡང་ཕྱོགས་གཅིག་ནས་ཡུལ་གྱི་རྣམ་པ་ཧྲིལ་བོ་དེ་ཐད་ཀར་མྱོང་ཚོར་དང་འདྲིས་པ་མ་ཟད་མིའི་ལུས་སེམས་ཧྲིལ་བོའང་དེའི་ནང་དུ་འདྲེས་བཞིན་ཡོད།      ཚོར་སྣང་དང་མྱོང་ཚོར་ཆ་ཐམས་ཅད་ནས་མི་འདྲ་སྟེ།  ཚོར་སྣང་ནི་ཚོར་དབང་གི་བྱེད་ནུས་ལས་གཏན་དུ་བརྒལ་མི་ཐུབ་ཅིང་།   མྱོང་ཚོར་གྱིས་མིའི་ལུས་སེམས་ཧྲིལ་བོ་བདག་བཟུང་བྱེད་ཐུབ་པས་སོ། །  དེའང་ཁཱང་དྷིས་མྱོང་ཚོར་དེ་“རྟོགས་”པའམ་“དགོངས་དོན་”དང་མཐུན་སྦྱོར་བྱེད་པ་དང་།  མྱོང་ཚོར་ནི་མངོན་སྟངས་ནི་མཛེས་རྩལ་རིག་པའི་ཁྱབ་ཁོངས་ཡིན་པར་ནན་བཤད་བྱེད་ཀྱིན་ཡོད།    མཛེས་རྩལ་རིག་པའམ་མཛེས་རིག་(Aestheetics)ནི་གནའ་བོའི་གྷི་རིག་གི་རིག་གཞུང་ཁྲོད་ནས་ཚོར་སྣང་གི་ཡུལ་དུ་བཤད་ཀྱིན་ཡོད།     ཁཱང་དྷིའི་དུས་མཚམས་སུ་བསླེབས་དུས་ཁོང་གིས་མཛེས་པ་ནི་དམིགས་ཡུལ་མེད་པའི་དམིགས་ཡུལ་གྱི་རང་བཞིན་ཞིག་ལ་བཤད་ཀྱིན་ཡོད་ལ་འདི་ནི་ཁོང་གི་གཞི་རྩ་ལྟ་བའང་རེད།    སྐད་ཆ་འདིའི་དགོངས་དོན་དངོས་ནི།   འགྲོ་མིས་ཀུན་སྤྱོད་ཀྱི་ལག་ལེན་བརྒྱུད་ནས་བདག་ཉིད་ངོས་འཛིན་ཐུབ་པ་ལས་གཞན།  ད་དུང་མཛེས་དཔྱོད་ཚོར་སྣང་གི་སྟོབས་ཤུགས་ལ་བརྟེན་ནས་འཇིག་རྟེན་འདིའི་བྱ་དངོས་ཁྲི་མ་འབུམ་གྱི་ཆོས་ཉིད་མངོན་གསལ་དུ་ཐུབ་ཅེས་པའོ། །  

གཞན་ཡང་ཁཱང་དྷི་ལྟར་ན།   ང་ཚོས་རྟོགས་པའི་ཆོས་དེ་དག་ང་ཚོས་རྟོགས་ནུས་པའི་དངོས་པོ་ཙམ་ཡིན་ཏེ།  དངོས་པོ་ཕྱི་རྣམ་དེ་ང་ཚོས་ལས་སྣོན་སྣ་ཚོགས་བྱས་པའི་ཤུལ་ནས་ད་གཟོད་རྟོགས་པ་ཡིན་པས།  ལས་སྣོན་ལ་མ་ལྟོས་པའི་དངོས་པོའི་བདག་ཉིད་ཚུལ་བཞིན་ནི་སུས་ཀྱང་རྟོགས་མི་ནུས་སོ། །  འོན་ཀྱང་མྱོང་ཚོར་དབང་བཙན་དྲགས་པས་དངོས་པོ་དེའི་གྲུབ་དོན་ཚུལ་བཞིན་དཔྱོད་ལོང་མེད་པ་དང་།  ཤེས་ཚད་ཀྱི་མཐའ་ལ་ཐུག་ལོང་མེད་པ།   གཞན་ཡང་ཀུན་སྤྱོད་ཀྱི་ལག་ལེན་དང་དམིགས་ཡུལ་སོགས་བཟུང་ལོང་མེད་པར་ ཐད་ཀར་བློ་རིག་གཡོ་སྐྱོམ་ཐེབས་པ་ཙམ་གྱིས་ཡིད་ཚིམ་པར་འགྱུར།    འདི་ནས་ང་ཚོས་མཛེས་པ་ནི་དམིགས་ཡུལ་མེད་པའི་དམིགས་ཡུལ་གྱི་རང་བཞིན་ཡིན་ཞེས་པ་དོན་རྟོགས་ཐུབ་སྟེ།   མཛེས་པ་རང་ནས་ངེས་འཛིན་དང་འཕོ་འགྱུར་གང་ཡང་མེད་པས་དམིགས་ཡུལ་ཡང་མེད་པ་རེད། འོ་ན་ཅིའི་ཕྱིར་དེ་ལ་དམིགས་ཡུལ་གྱི་རང་བཞིན་ཞེས་བསྣན་པ་རེད་ཅེ་ན་ནི་མཛེས་པ་རང་སྟེང་དུ་ཏག་ཏག་བཟང་ཆ་ཡོད་པས་རེད། དཔེར་ན།   ནམ་ཞིག་ཁྱོད་ཀྱིས་གླུ་དབྱངས་ཤིག་ཉན་པའི་དབང་དུ་བཏང་ན།   དབྱངས་ཚན་དང་བོ་ནས་རིམ་བཞིན་དབྱངས་ཚན་རྗེས་མར་མཐུད་ནས་ཉན་འདོད་ཅིང་།   སེམས་སུ་ཡིད་འོང་གི་ཉམས་སྣང་དང་ཟླ་མེད་ཀྱི་སྙན་འཇེབས་ཤིག་འཁོར་སྲིད་ཅིང་།  དེ་ལས་གཞན་ཡུལ་ཅན་རང་ངོས་ནས་དམིགས་ཡུལ་ཁྱད་པར་བ་གང་ཡང་འཛིན་གྱིན་ མེད།  འོན་ཀྱང་མཉན་བྱ་གླུ་དབྱངས་རང་ཉིད་དམིགས་ཡུལ་ཙམ་དུ་གྲུབ་ཟིན་པ་རེད།     དམིགས་ཡུལ་འདི་ ནི་ཡུལ་ཅན་བྱེད་པོ་སུ་ཞིག་གིས་གཏན་ལ་ཕབ་སྟེ་ཐག་བཅད་པ་ཞིག་མིན་པར་མཉན་བྱའི་གླུ་དབྱངས་དེའི་ཁྲོད་ནས་རང་དབང་གིས་མངོན་ཡོང་བའི་བདེན་པའི་བཞིན་རས་དེ་ཡིན་ངེས།  ཡང་གཅིག་བཤད་ན།      དབྱངས་མཁན་གྱི་རྟོག་ངོར་འོས་འཚམ་གྱི་གོ་རིམ་ངེས་ཅན་ཤིག་ཤར་བ་སྟེ།  དཔེར་ན་སྒྲ་རིམ་དང་དབྱངས་རྟ་སོགས་ལྟ་བུ་དེ་དག་སྨྱན་གཟུགས་ཀྱི་ལས་སྣོན་ལས་བརྟེན་ཁོ་རང་གི་བསམ་པའི་འཇིག་རྟེན་ཙམ་མཚོན་པ་རེད།  

   ཉིན་ཞིག་གི་མཚན་མོར་ངས་གློག་བརྙན་ཞིག་ལ་བལྟས་པ་ཡིན། སྐབས་དེར་བརྙན་འཕྲིན་དུ་སྐོར་བྲོའི་རོལ་མོ་མཁན་པོ་ལྗོན་ཧན་ཧྲི་ཐི་རོ་སིའི་ (Johann Strauss,1825-1899)གཏན་རྒྱུད་ཅིག་སྟོན་གྱིན་འདུག   ཁོང་གི་བུ་ཕྲུག་དེ་དགེ་རྒན་ཞིག་གི་དྲུང་དུ་དབྱངས་བསླབ་པར་སོང་བ་རེད།   སྐབས་དེར་དགེ་རྒན་གྱིས་བུ་ཕྲུག་ ལ་འདི་ལྟར་གསུངས་པ་སྟེ།   ཁྱོད་ཀྱིས་ནམ་རྒྱུན་ཆོས་ཁང་ནས་གླུ་དབྱངས་དེ་དག་ཉན་དུས་ཧ་ཅང་སྙན་ཞིང་འཇེབས་ལ།  སེམས་སུ་བདེ་སྣང་སྟེར་བའི་འཆལ་གླུ་ཙམ་ཞིག་ཡིན་ངེས།  གལ་ཏེ་ཁྱོད་ཀྱིས་ཚོར་དབང་དང་རྣ་དབང་གཏད་དེ་ཉན་པའི་དབང་དུ་བཏང་རུང་རྗེས་ནས་སྔར་བཞིན་འཆལ་གླུ་ཙམ་ལས་སེམས་སུ་འགྱུར་བ་དམིགས་བསལ་གང་ཡང་ཡོད་མི་སྲིད།     དེ་ནས་མུ་མཐུད་ནས་དགེ་རྒན་དེས་“བླ་མེད་ཀྱི་དཀའ་སྤྱད་མེད་ན་སྒྱུ་རྩལ་ཟེར་བ་ཡོད་མི་སྲིད་”ཅེས་གསུངས་ཤིང་། ངས་མཚན་གུང་འདིར་སྐད་ཆ་འདི་ལྟ་བུ་ཞིག་ཐོས་པས་དེ་རིང་གི་ཉིན་གང་བོའི་འདོད་བློ་ཚིམས་ཏེ་མགྱོགས་པོར་ཉལ་བ་ཡིན།   སྤྱིར་ངས་གློག་བརྙན་བལྟ་བ་ལ་དམིགས་ཡུལ་ཁྱད་པར་བ་གང་ཡང་མེད།  འོན་ཀྱང་གོང་གི་སྐད་ཆ་དེ་ཐོས་པ་ནས་ངའི་ཡིད་སེམས་རབ་ཏུ་ཁེངས་སོང་།    སྐྱེས་བུ་གང་མང་གིས་སྒྱུ་རྩལ་ནི་སྐྱེས་ཐོབ་ཀྱི་མངོན་སྟངས་ཤིག་གམ།   དབུགས་ཐེངས་གཅིག་གིས་ཐུབ་པའི་རང་བྱུང་གི་གྲུབ་ཆ་ལྟ་བུར་ཞིག་ཏུ་འདོད་ཀྱིན་ཡོད།    དངོས་སུ་སྒྱུ་རྩལ་ལ་ལུས་ཀྱི་བཀའ་སྤྱད་དང་སེམས་ཀྱི་སྡུག་རུས་གཏིང་ཕུག་པ་ཞིག་དགོས་ཏེ།    མིའི་བླ་སྲོག་གི་འགྱུར་བ་གྲངས་མང་མངོན་པའི་འཇིག་རྟེན་ནས་སྒྱུ་རྩལ་ནི་འགྱུར་བ་དེ་དག་ལས་ཐབས་ཀྱིས་བྲོས་ཏེ་འགྱུར་མེད་རྟག་གཏན་གྱི་ཞིང་ཁམས་གཞན་ལ་སྙེག་མཁན་ཞིག་ཡིན་པས་སོ།།           ད་དུང་མི་ཡིས་ཚད་ཡོད་ཀྱི་སྨྱན་གཟུགས་སྤྱད་དེ་རྟག་བརྟན མཚོན་ཐུབ་བམ་ཞེ་ན།   འདི་ལའང་དཀའ་སྤྱད་ཁྱད་པར་བ་བསྟེན་དགོས།  གལ་ཏེ་ཁྱོད་ཀྱིས་སྒྱུ་རྩལ་དེ་སྨྱན་ གཟུགས་མཁོ་སྤྱོད་བྱས་ཏེ་མཚོན་དགོས་ན་ཆེས་གལ་ཆེ་བ་ནི་ཁྱོད་ལ་རྟག་བརྟན་ཞེས་པའི་ཡིག་འབྲུ་གཉིས་ལ་གོ་བ་གཏིང་ཟབ་ཅིག་ལོན་དགོས།   རྟག་བརྟན་ལ་ཉམས་ལེན་ཚད་མཐོན་པོ་ཆགས་པའི་སྐབས་དེར་ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་འབྱུང་ཐུབ་བོ། །     སྤྱིར་ཁཱང་དྷིས་ཐབས་བརྒྱ་ཇུས་སྟོང་གིས་འཇིག་རྟེན་གཉིས་པོ་ཟུང་འབྲེལ་བྱེད་པའི་བསམ་བློ་དང་ལེན་བྱས་ཀྱང་།   ཡང་སྙིང་དེ་ལྟ་རྨི་ལམ་མངོན་དུ་གྱུར་ཡོད་དམ།   འདི་ནི་ཆེས་ཆེ་བའི་གནད་དོན་ཉག་གཅིག་ཏུ་འཁུམས་སོ། །   

འོན་ཏེ་ཞེ་ལི་ལྟར་ན་ད་དུང་ཁཱང་དྷིའི་བྱ་ཐབས་དེ་ཙམ་གྱིས་ཐུགས་ཡིད་ཚིམས་མེད་པས་ཁོང་གིས་སླར་ཡང་ལྟ་ཚུལ་བཏོན་པ་རེད།   དེའང་ཁོང་གི་ལྟ་ཚུལ་གསར་བ་ནི།   ཀུན་གྱིས་བསམ་ཕྱོགས་ལྟར་ན་མིའི་ལུས་ལ་ངར་ཤུགས་ཁྱད་པར་གཉིས་ཡོད་དེ།  དེ་ནི་རྗེས་དཔག་དང་མངོན་སུམ་རེད།   ཡང་ན་རྣམ་པའི་ངར་ཤུགས་དང་ངོ་བོའི་ངར་ཤུགས་སོ།།     དེ་ནི་མི་ལ་རྣམ་པའི་ཐོག་གི་དགོས་མཁོ་དང་ངོ་བོའི་ཐོག་གི་དགོས་མཁོ་གཉིས་དང་།   གཞན་འགྱུར་གྱི་གྲུབ་ཆ་དང་རང་སྟོབས་ཀྱི་གྲུབ་ཆ་གཉིས།  ད་དུང་འགྱུར་ལྡོག་གི་ངོས་ཤིག་དང་འགྱུར་མེད་ཀྱི་ངོས་གཉིས་བཅས་ཡོད་པ་རེད།   དཔེར་ན།   སེམས་སུ་འཁྱགས་པའི་ཚོར་སྣང་ཞིག་སྐྱེ་ངེས་ལ་དེ་ནི་ངོ་བོའམ་དོན་དངོས་ཀྱི་ཕྱོགས་སུ་གཏོགས་པ་རེད།    འོན་ཏེ་ངག་ནས་ང་འཁྱགས་སོང་ཞེས་མི་བཤད་ལ་བཤད་ཀྱང་དགོས་མེད་དུ་སྙམ་པའི་རྟོག་པ་ཞིག་འབྱུང་སྲིད་དེ་ནི་རྗེས་དཔག་གི་གཡོ་བ་རེད་ལ།   འདི་གཉིས་ནི་ རིགས་མི་གཅིག་པའི་འཇིག་རྟེན་གཉིས་རེད།    དེ་བས་མངོན་སུམ་ནི་དོན་དངོས་ཡོད་ཀྱི་ཕྱོགས་སུ་ལྷུང་ཞིང་རྗེས་དཔག་ནི་རྣམ་པའི་ཕྱོགས་སུ་ལྷུང་བ་མང་།   དེ་བློ་རིག་གཉིས་ཀ་འཕེལ་རྒྱས་སུ་སོང་ཚེ་ཐལ་དྲགས་པའི་རྣམ་པ་ཞིག་འགྲུབ་ངེས།     གལ་ཏེ་ཁྱོད་ཉིད་ལ་མངོན་སུམ་གྱི་ཤུགས་ཆེ་བས་འཇིག་རྟེན་འདི་འགྱུར་ལྡོག་ཁོ་ནས་ཁེངས་ཤིང་གསོན་ཐབས་ལས་གཞན་པའི་སྲེད་པ་སྣ་ཚོགས་ཇེ་ཉུང་ཕྱིན་ནས་སྐྱིད་རྒྱག་རིང་ལུགས་པ་ཞིག་ཏུ་འགྱུར་སྲིད་དེ། “ད་ལྟའི་སྐྱིད་ཀྱིས་དེ་རིང་ཚིམས་”པར་འདོད་པ་ལས་སང་ཉིན་ལ་གྲ་སྒྲིག་གང་ཡང་ མེད་པ་ཞིག་ཏུ་ཆགས་སྲིད་པས་སོ།  །  འོན་ཀྱང་རྗེས་དཔག་གི་ཤུགས་ཚད་མཐོན་པོར་ཆགས་པ་ལའང་བཟང་ཆ་ག་ཙམ་ཡོད་མེད་བཤད་དཀའ་སྟེ།      དེ་ལྟར་གྱུར་བའི་མཇུག་འབྲས་ནི་རང་ཉིད་གཟབ་ནན་གྱི་རྣམ་པའི་རིང་ལུགས་ཤིག་ཏུ་གྱུར་ཏེ་འཇིག་རྟེན་གྱི་འགྱུར་བ་སྣ་ཚོགས་ལ་ཉམས་མྱོང་ཅི་ཡང་མེད་པར་འགྱུར་ངེས་སོ། ། 

དེ་བས་ང་ཚོས་མིའི་ཚེ་སྲོག་གི་ངར་ཤུགས་གཉིས་པོ་དོ་མཉམ་ཡོང་བ་ཞིག་ལ་བརྩོན་དགོས།   ང་ཚོ་སུས་ཀྱང་དོ་མཉམ་གྱི་ཚད་གཞི་བཟུང་དཀའ་སྟེ།  དེ་ནི་ཁུང་ཙིས་“བག་ཆགས་ཡོན་ཏན་ལས་རྒྱལ་ཚེ། །  བྱ་སྤྱོད་ཐ་མལ་དེ་མངོན་ཡོང་། །  ཡོན་ཏན་བག་ཆགས་ལས་རྒྱལ་ན། །  ཚུལ་འཆོས་རང་སྣང་དེ་སྟོན་སྲིད། །”  ཅེས་གསུངས་པ་ལྟར་རེད།     འདི་ནས་བག་ཆགས་ནི་ལྷན་སྐྱེས་ཀྱི་ནུས་པ་དང་ངར་ཤུགས་ལ་སྟོན་གྱི་ཡོད་ལ་ཡོན་ཏན་ནི་ཕྱིས་འབྱུང་གི་བློ་སྦྱོང་ལ་ཟེར་བ་ཡིན།     ཕྱི་ཚུལ་གྱི་ཡོན་ཏན་ནི་རྣམ་པ་ཙམ་དང་ཡོན་ཏན་གྱིས་དབེན་པ་ནི་དུད་འགྲོ་དངོས་མ་ཡིན་ནམ།   འོན་ཏེ་ཡོན་ཏན་རྐྱང་བ་ལས་ཀུན་སྤྱོད་ཚུལ་མཐུན་ཞིག་མེད་ན་རང་གི་དེ་ཉིད་དངོས་དེ་མི་མངོན་པར་བྱས་ཏེ་འཁྲབ་སྟོན་གྱི་སྦྱོར་བ་ལག་བསྟར་བྱེད་ངེས་སོ། ། དེ་བས་ཁུང་ཙིས་བཞེད་དགོངས་དངོས་ནི།  “ཡོན་ཏན་བག་ཆགས་དང་མཉམ་ཚེ། ། འཕགས་པའི་སྐྱེས་བུ་རུ་བཀུར་ཆོག །”ཞེས་པ་དེའོ། །       འདི་དང་ཞེ་ལིའི་ལྟ་ཚུལ་མཐུན་པ་སྟེ།    ཁོང་གིས་ཀྱང་རིགས་མི་མཐུན་པའི་ངར་ཤུགས་གཉིས་ནི་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་པས་གང་གིས་ཀྱང་བཅོམ་ཐབས་མེད་པར་བཞེད་ཀྱིན་ཡོད།   དེ་རྒྱུ་མཚན་ཕུགས་བསམ་གྱི་སློབ་གསོ་ནི་མིའི་གཉུག་གཤིས་ཀྱི་ཐོག་ཏུ་ཕྱིས་སུ་བསྣན་པའི་རྣམ་པ་ཞིག་ཡིན་ལ། དེས་གཉུག་གཤིས་ལ་བདག་ཉིད་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་ཤིག་སྤྲད་པ་རེད།

༼ནུབ་ཕྱོགས་མཚན་ཉིད་རིག་པ༽་ལས་བཏུས།


 རྩོམ་སྒྲིག་འགན་འཁུར་བ ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། trjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23568698
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།