​ངའི་མ་ཡུམ་སློབ་གླིང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »​ངའི་མ་ཡུམ་སློབ་གླིང་།
​ངའི་མ་ཡུམ་སློབ་གླིང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (3306)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངའི་མ་ཡུམ་སློབ་གླིང་།

          ___ སྤྲེལ་རྨོངས་སད།    

   དེ་རིང་ནི་བོད་རྒྱལ་ལོ་༢༡༤༡ལོའི་ཟླ་དང་བོའི་ཚེས་གཅིག་ཡིན་ལ། ཏག་ཏག་ངའི་མ་ཡུམ་སློབ་གླིང་གི་རླབས་ཆེན་འགྲུལ་བཞུད་ཀྱི་ལོ་འཁོར་ཉི་ཤུ་ལོན་པའི་དཀྱོགས་མཚམས་གལ་ཆེན་ཞིག་ཀྱང་ཡིན། འདི་ནི་ངའི་མི་ཚེའི་འཚར་ལོངས་ལ་འབྲེལ་བ་ངེས་ཅན་ཡོད་པའི་རིག་གནས་ཀྱི་རྒྱབ་རི་ཡིན་པར་མ་ཟད་ལྷག་དོན་དུ་མ་ཡུམ་སློབ་གླིང་གི་དར་རྒུད་དང་འཕེལ་འགྲིབ་ཀྱང་ཐད་ཀར་དུ་ཁོང་གིས་བསྐྱེད་པའི་སློབ་བུ་སྟོང་ཕྲག་མང་བོའི་བྱ་བའི་དར་རྒུད་དང་མི་ཚེའི་དོན་སྙིང་ལ་འབྲེལ་བ་ཡོད་ཕྱིར་ང་ཚོས་ནམ་ཡང་ཁོང་གི་བཀའ་དྲིན་བརྗེད་མི་འོས་ལ་བརྗེད་ཀྱང་མི་སྲིད། བོད་ཀྱི་རིག་གནས་དང་སློབ་གསོའི་ལས་དོན་ལ་གཞན་དྲིང་མི་འཇོག་པའི་བྱས་རྗེས་ཅན་སློབ་གཙོ་དམ་པ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་བཀའ་དྲིན་དུས་གཏན་དུ་བརྗེད་མི་འོས།

      དེ་རིང་གུས་པ་ངས་རང་གི་མི་ཚེ་དྲན་ཞིང་ལྷག་པར་དུ་འདི་ནས་ཕྱིར་ལྡོག་གིས་དེད་པའི་མི་ལོ་ལྔའི་སྔ་རོལ་ཀྱི་རང་གི་མི་ཚེ་ལ་ཕྱིར་དྲན་བྱེད་ཀྱིན་ཡོད། དེ་ནི་གུས་པ་ང་རང་མ་ཡུམ་སློབ་གླིང་ན་ཡོད་པའི་སྐབས་ཡིན་ཞིང་རང་གི་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་དག་གིས་ང་ཚོ་སློབ་བུ་རེ་རེ་བཞིན་བརྩེ་བས་སྐྱོང་བཞིན་པའི་སྐབས་ཡིན། སྤྱིར་ན་ང་ནི་ལེ་ལོ་དང་སྒྱིད་ལུག་ཅན་ནམ་ཡང་དགའ་ཕྱོགས་ཐད་ཀྱི་རྩོམ་ཡིག་ཁ་ཆག་སྣ་རལ་ཐན་ཐུན་ཁྲོད་ནས་དུས་ཚོད་གདའ་བའི་མི་ཞིག་ཡིན་ལ་ཉིན་རེའི་སློབ་ཚན་དག་ཀྱང་མང་ཆེ་བ་ཞིག་རྣ་རྒྱབ་ཀྱི་བསེར་བུའི་ངང་ཚུལ་བཞིན་དོ་སྣང་མེད་པའི་རྣམ་གྲངས་མང་བོའི་གོ་རིམ་དེ་དག་ད་ལྟ་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་ལུས་སེམས་ཀྱིས་བཟོད་དུ་དཀའ་ཞིང་འགྱོད་པའི་མནར་གཅོད་ཀྱིས་ཤིན་ཏུ་གཙེས་དྲགས་ནའང་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་དང་སློབ་གྲོགས་དག་གི་རྒྱབ་སྐྱོར། དགེ་རྒན་བཀའ་དྲིན་ཅན་དག་གི་བླ་ན་མེད་པའི་ལྷག་བསམ་དང་ཀུན་སྤྱོད་ཀྱི་ཤུགས་རྐྱེན་བཟང་བོ་ནི་ཏིལ་ལ་ཏིལ་མར་བཞིན་དུ་འདྲིས་ཤིང་ཐིམ་ཡོད་པས་ད་ལྟ་གུས་པ་ང་རང་ལ་སྤྱི་ཚོགས་ཀྱི་ལས་རིགས་གང་ཞིག་གི་ཁྲོད་ནས་ཀྱང་མགོ་འཕང་སྨད་མི་དགོས་པའི་སྤོབས་པ་ཐོབ་ཡོད།

     ད་ལྟ་བོད་ཀྱི་སྤྱི་ཚོགས་སྒང་གི་ཤེས་ཡོན་པར་རློམ་པའི་ན་གཞོན་ཅོལ་ཆུང་བ་སྐོར་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་ལ་དགག་པ་གཏོང་ཞིང་རྒན་དམ་པ་ཁོང་གི་རླབས་ཆེན་གྱི་སློབ་གསོའི་ལས་དོན་དག་ལའང་མངོན་ལྐོག་གཉིས་ཀ་ནས་བར་ཆད་གཏོང་གིན་ཡོད་ཅིང་འདི་དག་ནི་ངས་བསམ་ན་ཕྲག་དོག་ཁོ་ན་དང་རང་གི་དེ་ཉིད་ཁོ་ན་ལྷིང་ལ་བུད་པ་ལས་ཅི་ཡང་མིན་ལ་ཕྱོགས་གཅིག་ནས་བཤད་ན་ངའི་མ་ཡུམ་སློབ་གླིང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁ་ཕྱོགས་གཙོ་བོར་བསྙེག་པའི་སྒེར་ཚུགས་ལྡན་པའི་སློབ་གྲྭ་ཞིག་ཡིན་ལ་བོད་རང་གི་བསམ་བློ་དང་ཀུན་སྤྱོད་གཙང་མ་ཞིག་བསྐྱེད་སྲིང་བྱེད་པ་ལ་སློབ་གྲྭ་འདི་ཡིས་ཐུན་མིན་གྱི་ནུས་པ་ཐོན་ཐོན་ཞིག་གཞན་གྱིས་ཐོན་དཀའ་ཞིང་། འདི་དག་ནི་ཁོ་བོས་བསམ་ན་སློབ་གསོའི་ཁ་ཕྱོགས་ཡག་པའི་རྐྱེན་རེད། སློབ་གཙོ་དམ་པ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་གསར་ཞུགས་སློབ་མ་རྣམས་ལ་རྒྱུན་དུ་འདི་ལྟར་གསུང་གིན་ཡོད་དེ། ཐོག་མར་ཁྱོད་རང་སློབ་གྲྭ་འདིར་ཞུགས་པ་ལ་དགའ་བསུ་བྱེད། ཁྱོད་ཀྱིས་ཀྱང་རང་ཉིད་སློབ་གྲྭ་འདིར་ཅི་བྱེད་དུ་འོང་བ་དྲན་པར་གྱིས། ཞེས་དང་། ང་ཚོའི་སློབ་གྲྭ་འདིར་མི་ཚད་ལྡན་ཞིག་དང་། བོད་མི་རིགས་ཀྱི་མ་འོངས་པའི་བདག་པོ་སྟེ། རང་གི་རིག་གནས་ལ་དགའ་ཞིང་མི་རིགས་ལ་དུང་བའི་མི་ཞིག་བསྐྱེད་སྲིང་བྱེད་པ་ལས། རྒྱལ་ཁབ་ཀྱི་གཞུང་ལྟ་བུ་སོགས་གཞན་ལ་ཚེ་གཡོགས་བྱས་ཏེ་རང་ཁ་གསོ་བའི་མི་དེའི་རིགས་བསྐྱེད་སྲིང་བྱེད་རྒྱུ་མིན་པས། གལ་ཏེ་ཁྱོད་ལ་དེ་ཙམ་གྱི་དམིགས་ཡུལ་མ་གཏོགས་མེད་ན་ཁྱོད་རང་སྔ་མོ་ནས་ཕྱིར་ཕེབས་རོགས་ཞུ། ཞེས་པའི་གསུང་བཤད་འདི་དག་ནི་ཧ་ཅང་གནད་འགག་ཆེ་ཞིང་རིན་ཐང་ལྡན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཏུ་མཐོང་ཞིང་འདིས་ནི་གསར་དུ་ཞུགས་པའི་སློབ་མ་དག་གི་ཐོག་མའི་བློ་སྒོ་ཕྱེས་ཤིང་། དེ་ནས་བཟུང་སྟེ་སློབ་མ་རེ་རེའི་སེམས་ཁམས་སུ་དྲི་བའི་འཚང་ཁ་བརྒྱབ་སྟེ་སློབ་གླིང་དེར་རང་ཉིད་ཅི་ཞིག་གི་ཆེད་དུ་འོང་བ་ལ་ད་གཟོད་དྲིས་ལན་རྙེད་པར་འགྱུར་ཞིང་དྲན་སོས་པར་བྱེད་པ་ནི་ཁོ་བོ་རང་སློབ་གླིང་དེ་གར་མི་ལོ་ལྔར་སློབ་སྦྱོང་གི་ཁུལ་བགྱིས་པའི་ཉམས་མྱོང་གི་སྟེང་ནས་ཀྱང་ར་འཕྲོད་པར་བྱེད་པ་ཡིན།

   རྒན་འཇིགས་མེད་རྒྱལ་མཚན་ཁོང་གིས་འདི་ལྟ་བུའི་གསུང་རྩ་ཆེན་པོ་མང་དུ་གནང་རྒྱུ་ཡོད་པའང་ཁོང་ནི་ངེས་པ་དོན་གྱིས་བོད་ཀྱི་སློབ་གསོ་བ་ཞིག་ཡིན་པས་མ་ཡུམ་སློབ་གླིང་གི་མདུན་བསྐྱོད་འཚར་ལོངས་དང་འབྲེལ་བའི་ལོ་ངོ་ཉི་ཤུའི་རིང་གི་སློབ་གསོའི་བྱ་བའི་ལག་ལེན་གྱི་ཉམས་མྱོང་དང་ཞིབ་འཇུག་ཕུན་སུམ་ཚོགས་པ་ཞིག་ཐོབ་ཡོད་པས་ཡིན་ལ། ལྷག་པར་དུ་ཁོང་ནི་བོད་མི་རིགས་ཀྱི་རླབས་ཆེ་བའི་ལས་དོན་ལ་གཞན་དང་མི་འདྲ་བའི་ལྷག་བསམ་དཀར་ཞིང་མཁྱེན་རྒྱ་དང་ཐུགས་སྤོབས་མཐོ་བའི་ངེས་དོན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པས་ཁོང་གི་གསུང་བཤད་རེ་རེའི་ནང་དོན་ལ་ཤན་སྟོབས་ཆེ་ཞིང་ཤུགས་རྐྱེན་ཐེབས་ཚད་ཀྱིས་བོད་སྤྱི་ཚོགས་ཡོངས་ནས་དགའ་བསུ་ཐོབ་ཅིང་ལོ་རེའི་སློབ་ཞུགས་ཀྱི་གྲངས་ཀ་སྟོང་ཕྲག་གཉིས་ནས་གསུམ་དུ་འཕར་བའི་རིམ་པ་ལ་བརྒལ་བ་ནི་ཀུན་གྱིས་མཁྱེན་གསལ་ཀྱང་ཡིན་ངེས།

     བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོས་ད་ལྟའི་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དང་རྗེས་ལུས་ཡིན་ཚུལ་ལབ་པ་ནི་ཁོ་བོས་བལྟས་ན་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ད་དུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་རྩ་གཏོར་བྱེད་པའི་སྔོན་འགྲོ་འབའ་ཞིག་རྩོལ་བ་ལ་དོན་དུ་གཉེར་བ་ཡིན་པར་མཐོང་ཞིང་། སྤྱིར་ན་ང་ཚོ་སུ་ཡིན་ཡང་ཅ་ལག་གསར་བ་དང་རིག་གནས་དང་བསམ་བློ་གསར་བ་སོགས་ལ་དགའ་ཞིང་རེ་འབོད་བྱེད་པ་ནི་ཐུན་མོང་གི་སྙེག་ཡུལ་གཅིག་ཏུ་ངེས་ནའང་ང་ཚོས་དེ་དག་གི་ངོ་བོའི་གནས་ལུགས་ལ་དབྱེ་བ་གསལ་བོར་ཁོར་དགོས་པར་འདོད། སྤྱི་ཚོགས་ནི་རང་བཞིན་གྱིས་ཆ་འཕྲིན་གྱི་མཐུད་སྦྲེལ་དང་འཛམ་གླིང་གསར་བའི་དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་མདུན་དུ་སྐྱོད་ཀྱིན་ལགས་ན་ང་ཚོས་ཀྱང་ལྟོས་ལྟོས་རིག་རིག་ལ་རང་གི་མིག་མདུན་དུ་སྤུངས་ཤིང་ཡོང་གིན་པའི་དུས་ཀྱི་ལེགས་སྐྱེས་དང་རིག་གནས་ཀྱི་མཁའ་དབུགས་གསར་བ་འདི་དག་ནི་དང་ལེན་མི་བྱེད་རང་བྱེད་ཡིན་ལ་དང་ལེན་བྱེད་ཀྱང་དགོས་མོད། ཡིན་ནའང་གང་ཞིག་མི་རིགས་ཀྱི་རྩ་བའི་ཐུན་མིན་གྱི་ཁྱད་ཆོས་དང་ངོ་བོ་ལ་འཚམ་མི་འཚམ་གྱི་དབྱེ་ཐིག་ནོར་མི་རུང་ལ། དེས་ན་དེ་དག་གི་དགོས་ངེས་ཀྱི་བླང་དོར་མ་ནོར་བར་འབྱེད་པའི་ཐབས་དང་བློ་གྲོས། ཡང་ན་མི་རིགས་ཀྱི་ངོ་བོ་མི་འཆོར་བའི་སྲོག་རྩ་དམ་དགོས་པ་ཉག་གཅིག་ཡོད་པ་ནི་ཐོག་མར་རྩ་བའི་ཆ་རྐྱེན་མི་རིགས་གང་དེའི་སྲོལ་རྒྱུན་རིག་གནས་གང་འཚམ་བྱང་ཚད་ཀྱི་རྨང་གཞི་བརྟན་པོ་ཞིག་དགོས་པ་ཆོས་ཉིད་དུ་གྲུབ་ཕྱིར། ཐོབ་དང་གོ་ས་ཅི་ཡང་མེད་པའི་མདོ་སྨད་ཀྱི་གྲྭ་རྐྱང་དཀྱུས་མ་ཞིག་གིས་རྒྱ་སྒོར་སྟོང་ཕྲག་གསུམ་གྱི་རྨང་བཏང་ཞིང་། དཀའ་བ་ཁྲི་ཕྲག་ལ་གདོང་གཏད་དེ་གངས་ལྗོངས་སྨག་རུམ་གྱི་སྒྲོན་མེ་ཉག་གཅིག་ཏུ་གྱུར་བའི་སྒེར་སྒྲུབ་སྲོལ་རྒྱུན་ཀུན་སྤྱོད་ཀྱི་སློབ་གྲྭ་ཐོག་མ་སྟེ་རྭ་རྒྱ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་འདི་བཙུགས་པ་ཡིན་པ་སྨོས་མེད་དུ་ལགས་ཤིང་། འདི་ནི་དགེ་རྒན་ཁོང་གིས་གསུངས་པ་ནང་བཞིན་ང་ཚོ་ལ་བོད་ཀྱི་མི་ངོ་མ་ཞིག་བསྐྱེད་སྲིང་བྱེད་པའི་གཟེངས་སུ་མཐོ་བའི་བསམ་བློའི་སྟེགས་བུ་ཞིག་བསྐྲུན་ཡོད་པ་མིན་ནམ།

   མིའི་འབྱུང་སྤུས་སློབ་གསོ་ཞེས་པ་འདི་ད་སྐབས་ཁ་ཡོད་ཚང་མས་བཤད་ཀྱིན་ཡོད་ཅིང་གལ་ཆེན་ཞིག་ཏུའང་མཐོང་བར་འདོད་དེ། ལྷག་པར་དུ་ད་ལྟའི་དུས་རབས་ཏེ་ཤར་གྱི་རིག་གནས་ཀྱི་ཤུགས་རྐྱེན་ནུབ་ལ་ཐེབས་ཤིང་ནུབ་ཀྱི་ཡོད་ཚད་དག་ཀྱང་ཤར་ལ་སྐྱེལ་བའི་ཆ་འཕྲིན་དུས་རབས་ཀྱིས་འཛམ་གླིང་ཆུང་དུ་གཏོང་བར་བྱེད་ཅིང་། སྤྱི་ཚོགས་ཟང་ཟིང་གི་སྐབས་འདི་འདྲ་ཞིག་ཏུ་ང་ཚོ་རང་ལ་སྤུས་གཙང་གི་མི་གཤིས་ལེགས་པོ་ཞིག་དང་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་འདི་ཡང་ཁ་ཆག་སྣ་རལ་དུ་འགྲོ་ཉེན་པའི་ས་མཚམས་ཤིག་ལ་བསྐྱལ་ཡོད་ཅིང་རྒན་དམ་པ་ཁོང་གི་བླ་ན་མེད་པའི་ཐུགས་སྟོབས་དང་ལྷག་བསམ་གྱི་ཉིང་ཁུ་ལས་འཁྲུངས་པའི་རྭ་རྒྱའི་སློབ་གྲྭ་ནི་ད་གཟོད་ཉེན་ཁ་འདི་དག་གི་མཚམས་ནས་འགྲེང་ཚུགས་ཀྱིས་ཡར་ལངས་ཤིང་། སློབ་བུ་སྟོང་ཕྲག་མང་བོའི་མི་ཚེའི་འདུན་མ་དོན་ཡོད་ཀྱི་ལམ་ལ་བསྐྱེད་བསྲིངས་པའི་རིག་གནས་ཀྱི་མཁར་རྫོང་ཞིག་ཏུའང་གྲུབ་ཡོད་པ་ཡིན། གུས་པ་ང་རང་ནི་སློབ་གླིང་དེ་ག་ནས་མཐར་ཕྱིན་པའི་མི་ལོ་ལྔའི་ཚུན་ཆད་འདི་བར་དུ་རང་གི་ཚོད་ཀྱིས་སྤྱི་ཚོགས་ཀྱི་ཉམས་མྱོང་གང་ལ་གང་འཚམ་ཞིག་བརྒྱུད་ཅིང་སྤྱི་ཚོགས་སྟེང་གི་མི་འདྲ་མིན་མང་བོ་ཞིག་ལ་ཐུག་མྱོང་བའི་གོ་རིམ་ཁྲོད་ནས་ངས་རང་གི་མ་ཡུམ་སློབ་གྲྭ་དང་དགེ་རྒན་བཀའ་དྲིན་ཅན་དག་ད་གཟོད་དྲན་འོང་ཞིང་། དཔའ་ནུས་མཛངས་གསུམ་ལྡན་པའི་བོད་མི་ཤེས་ཡོན་པ་ངོ་མ་ཞིག་སྐྱེད་སྲིང་བྱེད་ན་ཐོག་མའི་རྨང་གཞིའི་དགོས་ངེས་གལ་ཆེ་བ་ནི་བོད་རང་གི་ཁྱད་ཆོས་མ་བོར་བའི་ཀུན་སྤྱོད་སློབ་གསོ་སྤུས་དག་པ་ཞིག་བརྒྱུད་དགོས་པར་མ་ཟད། བོད་རང་གི་རིག་གནས་ཀྱི་རྨང་རྐང་གཏིང་ཟབ་མོ་ཞིག་ཆགས་དགོས་པ་འདི་རྩ་བའི་ཆ་རྐྱེན་ཉག་གཅིག་ཏུ་ངེས་ཤིང་ངས་གོང་ནས་བཤད་པ་བཞིན་འབྱུང་སྤུས་སློབ་གསོ་ཞེས་པའང་འདིའི་སྟེང་ལ་འབབ་ངེས་ཡིན། ངའི་དགེ་རྒན་ཁོང་རྣམ་པའི་སློབ་གསོའི་དགོངས་པའང་གནད་དོན་འདིའི་སྟེང་དུ་ཕབ་པ་ཡིན་པར་ཧ་གོ་ཞིང་འདི་ནི་སློབ་གསོའི་ཁ་ཕྱོགས་ཡང་དག་པ་ཞིག་ཡིན་པའང་སྤྱི་ཚོགས་སྟེང་གི་དོན་དངོས་མང་བོ་ཞིག་གི་སྟེང་ནས་ར་འཕྲོད་ཡོང་།

   ཁོ་བོས་རྒྱུན་དུ་རང་གི་གྲོགས་པོ་དག་ལ་བྱིས་པ་སློབ་གྲྭར་འཇོག་ན་རྭ་རྒྱའི་སློབ་གྲྭར་ཞོག་ཟེར་གྱིན་ཡོད་ལ་སློབ་གྲྭ་འདི་ནས་རང་གི་རིག་གནས་ཀྱི་རྨང་རྐང་ཟབ་མོ་ཞིག་སྦྱོང་ཐུབ་པར་མ་ཟད། དུས་ཡུན་ཐུང་ཐུང་ཞིག་གི་རིང་ལའང་བོད་ཀྱི་རིག་གནས་ཀྱི་ཕྱོགས་ལ་ངོ་གནོང་མི་དགོས་པ་ཞིག་སྦྱངས་ཏེ་མཐར་ཕྱིན་གྱི་ཡོད། ཡིན་ནའང་ང་ཚོ་ལ་རིག་གནས་འདི་ཙམ་གྱིས་ཆོག་ཟེར་བ་ནི་ག་ལ་ཡིན་ཏེ་བོད་ཀྱི་རིག་གནས་ཀྱི་རྨང་བརྟན་པོ་ཞིག་ཚུགས་པའི་སྒང་ནས་རིག་གནས་གསར་བ་ཞིག་སྦྱངས་ན་ད་གཟོད་འཐུས་སྒོ་ཡོངས་སུ་ཚང་བའི་ཤེས་ཡོན་པ་རྣལ་མ་ཞིག་ཡོང་ཐུབ། ངོ་མ་བཤད་ན་རང་གི་བྱིས་པའི་འདུན་ལམ་ལ་དངོས་གནས་ཤ་ཚ་མཁན་ཞིག་ཡིན་ན་བོད་རང་གི་སྲོལ་རྒྱུན་རིག་གནས་དང་ཀུན་སྤྱོད་སློབ་གསོའི་ཕྱོགས་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་རྒྱུ་འདི་ཤིན་ཏུ་གལ་ཆེ་བར་འདོད་ཅིང་ད་ལྟའི་བོད་ཀྱི་རྒྱལ་གཉེར་གྱི་སློབ་གྲྭ་ཆུང་འབྲིང་དག་གིས་བསྒྲིགས་ཡོད་པའི་བོད་ཡིག་གི་སློབ་དེབ་དག་གི་སྟེང་ནས་ཁོ་བོས་ནི་ཆ་ཡོངས་སུ་ཚང་ཞིང་བོད་རང་གི་རིག་གནས་ཀྱི་མཁའ་དབུགས་མཐུག་པའི་རྨང་གཞིའི་བསླབ་ཚན་ལེགས་པོ་འདི་རེད་སྙམ་པ་ཞིག་མཐོང་མ་མྱོང་ལ། གཞན་ནས་བཏུས་ཤིང་བསྒྱུར་བའི་སློབ་དེབ་དེ་དག་གིས་བྱིས་པའི་མི་གཤིས་ལ་བོད་རང་གི་རིག་གནས་ཀྱི་བསམ་བློ་ཆགས་ཐུབ་པ་ཕར་ཟད། དེ་དང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཡོང་བའི་ཉེན་ཁ་འདུག་པར་སྙམ་མོ།། བདག་གི་མ་ཡུམ་སློབ་གླིང་གིས་བསྒྲིགས་ཡོད་པའི་བོད་ཡིག་གི་སློབ་དེབ་དེ་དག་ལ་ཁོ་བོ་ཆ་ཚང་བར་མཇལ་མྱོང་ལ། སློབ་དེབ་དེ་དག་ནི་ཐོག་མའི་སློབ་ཆུང་གི་རྨང་གཞིའི་བསླབ་ཚན་ནས་མཐོ་འབྲིང་གི་བསླབ་ཚན་བར་དུ་བསྒྲིགས་པ་ཞིག་ཡིན་ཞིང་། དུས་ཡུན་ལོ་དྲུག་བར་གྱི་སློབ་དེབ་ཁག་ཅིག་ཡིན། འདི་དག་ཆ་ཚང་ལ་དཔྱིས་ཕྱིན་པར་སྦྱངས་ཏེ་མཐར་ཕྱིན་པ་ཡིན་ན་བོད་རང་གི་རིག་གནས་དང་བསམ་བློའི་རྨང་རྐང་གཏིང་ཟབ་མོ་ཞིག་ཆགས་ཐུབ་པར་ཐེ་ཚོམ་ཟ་མི་དགོས་ཏེ་འདི་འདྲ་ཞིག་གི་སྟེང་ནས་ད་གཟོད་སློབ་ཆེན་གྱི་སྐས་རྐང་བརྒྱུད་དེ་ཕྱི་ནང་གི་རིག་གནས་སྣ་མང་ལ་སྦྱངས་པ་ན་རང་ཚུགས་མི་འཆོར་བའི་བོད་ཀྱི་ཤེས་ཡོན་པ་རྣལ་མ་ཞིག་འཁྲུངས་ཐུབ་པ་ནི་ཁོ་བོ་ལར་ནས་ཡིད་ཆེས་སོ།།

     ད་ནི་གུས་པ་ངས་ནི་དགེ་རྒན་ཁོང་གི་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་ཚིག་ཅིག་གིས་མཇུག་བསྡུ་བར་འདོད་ཅིང་། གསུང་བཤད་འདི་དག་ནི་དགེ་རྒན་ཁོང་གིས་ལོ་ངོ་མང་བོའི་རིང་སློབ་གསོའི་ལག་ལེན་གྱིས་བསགས་པའི་ཉམས་མྱོང་གི་སྤྱི་སྡོམ་ཡིན་པས་འདི་ལ་བལྟས་པ་ཙམ་གྱིས་ཀྱང་ཐད་ཀར་དུ་སེམས་ནང་ལ་ཟུག་འགྲོ་ཞིང་བློ་སྒོ་ཕྱེ་འོང་ལ་ཡིད་ཀྱི་དྭངས་པ་ལྷུག་ལྷུག་ཏུ་འདྲེན་པར་བྱེད་ཐུབ། འདི་སྐད་དུ། ཁྱོད་ཚོ་ཚང་མ་བོད་མི་རིགས་ཀྱི་མ་འོངས་པའི་བདག་པོ་ཡིན། མི་ལོ་དུ་མའི་རྗེས་སུ་མི་རིགས་འདིའི་དར་རྒུད་ཀྱི་འགན་ཁྱོད་ཚོས་མི་ལེན་པར་གཞན་སུས་ལེན། ང་ཚོ་རིམ་གྱིས་རྒས་ནས་འགྲོ་དགོས་ལ་ཁྱོད་ཚོ་རིམ་གྱིས་སྐྱེས་ནས་ཡོང་དགོས། ཞེས་དང་། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་འདི་ཐོག་མར་འཛུགས་མཁན་ང་ཡིན་ཡང་འདི་ནི་ང་མི་སྒེར་གྱི་མིན། འུ་ཅག་ཚང་མའི་ཡིན་པས། མ་འོངས་པ་ན་སློབ་གྲྭ་འདིའི་དར་རྒུད་སྐྱིད་སྡུག་ཐམས་ཅད་ཁྱོད་ཚོ་དང་འབྲེལ་ནས་ཡོད། ང་བླ་རྒན་ཞིག་གིས་འདི་ཁྱེར་ནས་འགྲོ་ས་མེད། འདི་ནི་ང་ཚོས་བོད་མི་རིགས་ལ་བཞག་པས། འདིའི་བདག་པོ་བོད་མི་ཡོངས་རྫོགས་ཡིན། དེའི་ནང་ནས་ཀྱང་ཁྱོད་ཚོས་འདི་དར་རྒྱས་སུ་གཏོང་དགོས། ཞེས་པའི་ཁོང་གི་གཞན་ཕན་དང་ལྷག་བསམ་གྱི་མཐིལ་ནས་བརྡོལ་བའི་ལེགས་བཤད་འདི་དག་ལ་གུས་པ་ངས་ཡང་དང་བསྐྱར་དུ་མིག་ནས་མཆི་མ་འཁྲིགས་ལ་ཁད་ཀྱིས་བལྟས་ཤིང་བསམ་བློ་བཏང་སྟེ། མཇུག་མཐར་དམ་པ་ཁོང་ཉིད་གཙོས་པའི་བདག་ལ་སྙིང་ནས་བརྩེ་ཞིང་བཀའ་དྲིན་གཞལ་མཐའ་བྲལ་བའི་མགོན་དགེ་བའི་བཤེས་གཉེན་དག་གི་སྐུ་ཚེའི་ཞབས་ཟུང་མི་ཤིག་རྡོ་རྗེའི་ཁམས་སུ་བརྟན་ཞིང་མ་ཡུམ་སློབ་གླིང་གི་རླབས་ཆེ་བའི་ལོ་འཁོར་ཉི་ཤུ་ལོན་པར་སྙིང་ནས་རྟེན་འབྲེལ་གྱི་ཤིས་ཚིག་མཐོ་རུ་བཏེགས་ཏེ་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་གཙང་མ་ཞིག་སོར་བཅུའི་འདབ་མ་སྙིང་ཀར་ཟུམ་སྟེ་ཡང་ཡང་ཞུ་བ་ལགས་སོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 97yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23652412
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།