​ཤེས་རིག་ནོར་གླིང་འགྲིམས་པའི་ཟིན་ཐོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »​ཤེས་རིག་ནོར་གླིང་འགྲིམས་པའི་ཟིན་ཐོ།
​ཤེས་རིག་ནོར་གླིང་འགྲིམས་པའི་ཟིན་ཐོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (3718)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་རིག་ནོར་གླིང་འགྲིམས་པའི་ཟིན་ཐོ།

བླ་ནག་པ་སྐལ་ལྡན་རྒྱ་མཚོ།  


    ཁོ་བོ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ཞིག་སྟེ།  སྔོན་ཆད་སློབ་གླིང་འདིར་ཞུགས་པ་ནི་རང་གི་མི་ཚེའི་ནང་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་ལ་ངོས་འཛིན་གྱིན་ཡོད། 

   ང་རང་ཆུང་དུས་ལོ་བདུན་གྱི་སྐབས་ནས་བཟུང་སྡེ་བའི་སློབ་ཆུང་སོགས་ལ་མ་སོང་བར་ཐད་ཀར་མང་ཡུལ་གྱི་ཆོས་གྲྭ་ཆེན་པོ་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་དུ་སོང་སྟེ་གྲྭ་བ་བྱས་པ་ཡིན་ལ།  དེ་དུས་འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས། རང་ཁྱིམ་དང་ཁ་བྲལ་ཏེ་ཆེས་ཐག་རིང་བའི་ཕྱི་ཡུལ་གྱི་འཇིག་རྟེན་ཞིག་ལ་སོང་བའི་ཐོག་མའང་འདི་ཙམ་རེད།    ཁོ་བོ་ཐར་ཤུལ་དགོན་དུ་སྡོད་སྐབས་དེར་དེང་སྐབས་ལྟ་བུའི་བརྡ་འཕྲིན་གྱི་མཐུན་རྐྱེན་ཅི་ཡང་མེད་པས། བོད་ཡུལ་ན་གྲྭ་བ་རྣམས་འགྲོ་ཆོག་ཅིང་ཐ་སྙད་རིག་གནས་སྦྱང་ཆོག་སའི་སློབ་གྲྭ་ཞིག་ཡོད་པ་གཏན་ནས་ཤེས་ཀྱིན་མེད།  དེ་ཡང་ཐར་ཤུལ་དགོན་དུ་༧ལ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་གིས་དུས་རྒྱུན་དབང་ལུང་བཀའ་ཆོས་སྣ་ཚོགས་གསུངས་པའི་སྐབས་དག་ཏུ་བོད་ཁམས་ཀྱི་ཕྱོགས་སོ་སོའི་མཇལ་བ་མང་བོ་འདིར་སླེབ་ཀྱིན་ཡོད་ཅིང་། ཁོང་ཚོར་འབྲེལ་འདྲིས་བྱས་པ་དང་བསྟུན་ཏེ་རིམ་བཞིན་ས་གནས་གཞན་དག་གི་གནས་ཚུལ་ཅུང་ཟད་རེ་ཤེས་ཐུབ་ཀྱིན་ཡོད།

   དེ་ཡང་སྤྱི་ལོ་༡༩༩༩ལོར་ཁོ་བོའི་ཆོས་གྲོགས་དམ་པ་འབའ་རྫོང་འོད་ཟེར་ལགས་ཀྱིས་ར་རྒྱ་དགོན་པའི་གྲྭ་བ་ཁ་ཤས་ངོ་ཤེས་པ་དང་འབྲེལ་ཤེས་རིག་ནོར་བུའི་སློབ་གླིང་གི་ངོ་སྤྲོད་བརྙན་པར་གྱི་དེབ་ཆུང་ཞིག་རེག་སོང་། བརྙན་པར་དེའི་སྟེང་དུ་སློབ་གྲྭའི་གནས་ཚུལ་རགས་བསྡུས་དང་འདྲ་པར་སོགས་བཀོད་ཡོད་ཅིང་། སུམ་རྟགས་དག་གསུམ་དང་སྙན་ངག་སོགས་བོད་ཀྱི་ཐ་སྙད་རིག་གནས་དང་གཞན་རྒྱ་ཡིག་དབྱིན་ཡིག་སོགས་བསླབ་རྒྱུ་ཡོད་སྐོར་ངོ་སྤྲོད་དང་འབྲེལ་དམིགས་བསལ་སློབ་གླིང་དེར་གྲྭ་བ་ཞུགས་ཆོག་ཚུལ་འཁོད་ཡོད་པ་མཐོང་བས།  ང་འགྲོ་སའི་རིག་གནས་ཀྱི་ཁོར་ཡུག་དེ་འདི་ན་འདུག་སྙམ་སྟེ་སེམས་ལ་འཆར་གཞི་སྣ་ཚོགས་འཐེན་འགོ་བརྩམས་པ་ཡིན།  ལྷག་པར་དུ་བརྙན་པར་དེའི་མདུན་ཤོག་སྟེང་རི་མཐོན་པོ་སྨུག་པའི་སྐ་རགས་ཅན་ཞིག་གི་མདུན་དུ་བོད་ལུགས་ཀྱི་སྒོ་ཆེན་སྟེང་དུ་གསེར་ཏོག་དང་ནོར་བུ་མེ་འབར་གྱི་རི་མོས་བརྒྱན་པ་ཞིག་བཀོད་ཡོད་པ་དེ་ནི་སློབ་གྲྭའི་མདུན་སྒོ་ཡིན་པ་ཤེས་པས། སེམས་ལ་སློབ་གྲྭ་དེར་འགྲོ་འདོད་ཀྱི་འདུན་པ་འགོག་ཐབས་བྲལ་བ་ཞིག་སྐྱེས་ཤིང་།   དམིགས་བསལ་སྒོ་ཆེན་དེས་བདག་ལ་བསླུ་བྲིད་ཀྱི་གཡབ་མོ་ཡང་ཡང་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཞིག་སྐྱེས་སོང་། དེ་ནས་ཆོས་གྲོགས་དམ་པ་འབའ་འོད་ཟེར་ལགས་བརྒྱུད་དེ་སློབ་གླིང་འདིའི་ཁོར་ཡུག་དང་ཆ་རྐྱེན་སོགས་གནས་ཚུལ་ཞིབ་ཕྲའི་སྐོར་ལ་རྒྱུས་ལོན་བྱས་ཏེ་སློབ་གླིང་འདི་ཆོས་སྡེ་ཆེན་པོ་ར་རྒྱ་དགོན་པའི་འདབས་རོལ་དུ་ཆགས་ཤིང་། འགྲིམ་འགྲུལ་གྱི་ཆ་ནས་ཟི་ལིང་ནས་མགོ་ལོག་བར་བགྲོད་པའི་གཞུང་ལམ་གྱི་འགྲམ་ན་ཡོད་པ་དང་། མཐའ་འཁོར་ན་རྒྱུད་མགོ་གྲོང་རྡལ་ཡོད་པས་འཚོ་བའི་མཐུན་རྐྱེན་བསྒྲིག་སའི་ཚོང་ར་སོགས་སྟབས་བདེ་བ་རྟོགས།   དེ་ནས་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ཉིན་དབྱར་གནས་གྲོལ་བ་དང་བསྟུན་རང་ཁྱིམ་དུ་སོང་སྟེ་ནང་མིར་རང་ཉིད་ཅིས་ཀྱང་སློབ་གླིང་དེར་འགྲོ་རྒྱུ་ཡིན་ཚུལ་སྐོར་སྙན་སེང་ཞུས་པ་ན་ཁོང་ཚོས་མོས་མཐུན་དང་རྒྱབ་སྐྱོར་གནང་སོང་བས།  ཕུ་བོ་གདུགས་བྷ་དང་ངེད་གཉིས་ཀྱིས་བདེ་སྐྱིད་རྟགས་ཅན་གྱི་འཕྲུལ་རྟ་ཞིག་ཞོན་ཏེ་ཕ་ཡུལ་མང་རྫོང་ཐར་ཤུལ་ནས་ར་རྒྱའི་སློབ་གླིང་དེར་དངོས་སུ་རྒྱུས་ལོན་བྱེད་དུ་སོང་བ་ཡིན།  སློབ་གྲྭར་ཐོན་དུས་དབྱར་གནང་བཏང་ནས་ད་རུང་ཕྱིར་ཚོགས་མེད་ནའང་། ར་སྐོར་ནང་དུ་དགེ་སློབ་ཁ་ཤས་ཤིག་ཕ་ཡུལ་དུ་མ་སོང་བར་བསྡད་འདུག་པ་དང་འཕྲད།  སློབ་གྲྭའི་འགབ་ཀྱི་གློ་སྒོའི་ཁ་ནས་གྲྭ་བ་གཟུགས་ཐུང་ཞིག་ལ་ཐུག་སྟེ་སྐད་ཆ་དྲིས་པ་ན།  ཁོང་གིས་ང་རང་སློབ་གླིང་འདིར་ཞུགས་འདོད་ཡོད་མཁན་ཞིག་ཡིན་པ་ཤེས་ཏེ་ཁོང་གི་མལ་ཁང་དུ་ཁྲིད་ནས་གནས་ཚུལ་ཞིབ་ཅིང་ཕྲ་བ་ཞིག་ངོ་སྤྲོད་གནང་མཐར་སློབ་གླིང་གི་སློབ་ཁྲིད་བཀོད་སྒྲིག་རེའུ་མིག་ཅིག་ཀྱང་བསྟན་སོང་། སློབ་གླིང་གི་ཕྱིའི་འཛུགས་སྐྲུན་གྱི་ཆ་རྐྱེན་ཧ་ཅང་ཞན་ནའང་ནང་གི་བསླབ་བྱ་སོགས་ཀྱི་བཀོད་སྒྲིག་གིས་སེམས་པ་ཡོངས་སུ་བཀུག་སོང་།  རྗེས་སུ་སློབ་གྲྭར་ཐོན་དུས་ཁོང་གི་མཚན་ལ་ཅོ་ནེ་བློ་བཟང་ཟེར་ཞིང་སྐབས་དང་བོའི་མཐར་ཕྱིན་སློབ་མ་ཕྱིར་དགེ་རྒན་བྱས་ནས་བསྡད་ཡོད་པ་ཞིག་ཡིན་པ་ཤེས་ལ།  ད་རུང་ང་ཚོའི་འཛིན་གྲྭ་དེར་གློག་རྕིས་ཀྱང་ཁྲིད་པ་རེད།  ང་ཚོ་སློབ་མཐར་ཕྱིན་རྗེས་ཀྱི་ལོ་ཁ་ཤས་ཀྱི་འཕྲོ་ནས་ཁོང་སྐུ་གཤེགས་པའི་གནས་ཚུལ་ཐོས་པས་སེམས་པ་སྐྱོ་བོ་བྱུང་། དེ་ནས་ཕྱིར་ཡུལ་དུ་སོང་སྟེ་དཔེ་ཆ་དང་སྣོད་ཅ་ལག    བཟའ་བཏུང་སོགས་བསྡུ་གསོག་བརྒྱབ་སྟེ་དངོས་སུ་ལམ་ལ་ལངས། དེ་དུས་དེང་སྐབས་ནང་རང་ཁྱིམ་ལ་རླངས་འཁོར་མེད་པས། ཁོ་བོ་མང་རའི་སུམ་མདོའི་བྱེ་སྣའི་མགོ་ལོག་གཞུང་ལམ་གྱི་འགྲམ་ནས་རླངས་འཁོར་མ་རེག་པར་ཉིན་གསུམ་ལ་རླུང་དམར་ཁྲོད་ས་སྟོང་ནས་ལུས་ཤིང་། ཅ་ལག་མང་བོ་ཕར་འཁྱེར་ཚུར་སྣུར་བྱས་པས་དཀའ་ངལ་ཆེན་པོ་མྱངས་པ་དེ་དེང་སྐབས་ད་དུང་དྲན་ཚེ་སེམས་སྐྱོ་བ་ཞིག་རེད། 

    ར་རྒྱའི་དགོན་འདབས་སུ་ཐོན་དུས་གྲོགས་འོད་ཟེར་བསུ་རུ་ཐོན་འདུག   ཕྱི་ཉིན་མཇལ་དར་ཞིག་བཟུང་སྟེ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ལ་མཇལ་དུ་སོང་།  སློབ་མ་ཞིག་གིས་ཁོང་གི་གཟིམ་ཤག་བསྟན་བྱུང་བས་དེར་སོང་ནས་དལ་མོར་སྒོ་རྡུང་བ་ན་ནང་ནས་“ཤོག”གསུངས་བྱུང་།  དལ་མོར་སྒོ་ཕྱེས་ནས་ནང་དུ་འཛུལ་བ་ན་གྲྭ་བ་ཆ་མེད་རྒྱུས་མེད་ཅིག་བཞུགས་འདུག་པ་ཡར་བཞེངས་བྱུང་། སྔོན་ཆད་སློབ་གྲྭའི་ངོ་སྤྲོད་ཀྱི་དེབ་སོགས་ཀྱི་སྟེང་ནས་སློབ་དཔོན་ཁོང་གི་འདྲ་པར་རིག་མྱོང་ནའང་། དེ་རིང་དངོས་སུ་འཇལ་དུས་ཅུང་རྒྱུས་མེད་ཅིག་ཏུ་སྣང་བས།   “ཁྱེད་སློབ་དཔོན་འཇིགས་མེད་རྒྱལ་མཚན་ཚང་ཨེ་ཡིན”ཞེས་ཞུས་པ་ན་ཁོང་གིས་“ཡིན་ཡིན”གསུངས་བྱུང་།   དེ་ནས་འཇལ་དར་དང་རང་དགོན་གྱི་དབུ་མཛད་དང་དོ་དམ་ཁང་གི་འཚམས་སྦྱོར་ཡི་གེ་བཅས་ཁོང་ལ་ཕུལ་ཏེ།  རང་ཉིད་ཐ་སྙད་རིག་གནས་སྦྱང་འདོད་ཡོད་ཅིང་འགྲོ་ས་འོས་འཚམས་ཤིག་མ་རྙེད་པར་སྡོད་མཁན་ཞིག་ཡིན་པས་ཁྱེད་ཚང་གི་སློབ་གྲྭ་འདིར་ཞུགས་འདོད་ཀྱི་འདུན་པ་དྲག་པོས་བསྐུལ་ཏེ་ཡོང་ཚུལ་སོགས་སྐད་ཆ་མང་བོ་ཞིག་བཤད་པ་ན། ཁོང་གིས་ཐུགས་དགྱེས་པའི་ངང་དང་ལེན་གནང་བར་མ་ཟད། “ཁྱོད་སློབ་གྲྭ་འདིར་བླངས་པ་ཡིན། ད་ངས་ཁྱོད་ལ་རྒྱུགས་ཤིག་ལེན”གསུངས་ནས་ཁོང་གིས་དངོས་སུ་ཤོག་བུ་ཞིག་གི་སྟེང་དུ་རྒྱུགས་གཞི་སྐོར་ཞིག་བྲིས་ཏེ་ཁོ་བོ་ཁང་བ་གཞན་ཞིག་གི་ནང་དུ་རྒྱུགས་ལེན་དུ་ཁྲིད་བྱུང་།  བོད་ཡིག་གི་སུམ་རྟགས་དང་བསྡུས་གྲྭའི་སྐོར་གྱི་དྲི་བ་ཁ་ཤས་ཡོད་པ་དེའི་ནང་ནས་མང་ཤས་ཤིག་འབྲི་ཐུབ་སོང་མོད།  རྒྱ་ཡིག་དང་དབྱིན་ཡིག  རྩིས་རིག་སོགས་ཀྱི་དྲིས་ལན་གཅིག་ཀྱང་འབྲི་ཤེས་མ་སོང་།  ཁོང་གིས་རྒྱུགས་ཤོག་ལ་གཟིགས་རྗེས་“ཁྱོད་དམའ་རིམ་འཛིན་གྲྭའི་ནང་སོངས”གསུངས་ནས་དགེ་རྒན་ཞིག་སློབ་ཁྲིད་དུ་ཕེབས་བཞིན་པ་དེར་ངོ་སྤྲོད་གནང་བྱུང་།  ཁོ་བོ་དགེ་རྒན་དེའི་རྗེས་སུ་འབྲངས་ཏེ་འཛིན་གྲྭ་ཞིག་གི་ནང་སོང་བ་ན་དེར་སྐྱ་སེར་རིས་མེད་ཀྱི་སློབ་གྲོགས་བཞི་བཅུ་ལྷག་ཅིག་ཚོགས་འདུག   དགེ་རྒན་གྱིས་“སློབ་གྲོགས་གསར་བར་དགའ་བསུ་བྱོས”གསུངས་ཏེ་ང་རང་འཚམས་སྦྱོར་གནང་།  དེར་སློབ་གྲོགས་ཚང་མ་ཐང་རྗེན་པར་གདན་ཆུང་ཆུང་རེ་བཏང་སྟེ་བཞུགས་འདུག་ཅིང་།  མི་རེའི་མདུན་དུ་ཤིང་གི་མདུན་ཅོག་རྩམ་སྒམ་འདྲ་བ་གཅིག་རེ་བཞག་འདུག   ང་ལ་དེ་དག་གཅིག་ཀྱང་མེད་པས་དགེ་རྒན་མཆོག་གིས་ཁོང་གི་བཞུགས་གདན་གྱི་སྟེང་ནས་འབོལ་གདན་གྲུ་བཞི་ཞིག་བླངས་ཏེ་ཁོ་བོར་གནང་སྟེ་“ཁྱོད་འདིའི་སྟེང་ནས་སྡོད”གསུངས་བྱུང་།  ཉིན་ཤས་འགོར་རྗེས་དགེ་རྒན་ཁོང་ནི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་ཡིན་པ་ཤེས།  ཁོ་བོ་དེ་ལྟར་སློབ་གྲྭ་འདིར་ཞུགས་ནས་མཐར་ཕྱིན་པའི་བར་དུ་དགེ་རྒན་ཁོང་གིས་དམིགས་བསལ་ཁོ་བོར་ཕྱོགས་གང་ཐད་ནས་ཐུགས་ཁུར་དང་རོགས་རམ་མང་བོ་གནང་མྱོང་བས་ན། ཁོང་ནི་བདག་ལ་ཆེས་སྐུ་དྲིན་ཆེ་བའི་དགེ་རྒན་ཞིག་ཡིན།  སློབ་ཁྲིད་གྲོལ་རྗེས་སློབ་གྲོགས་མང་བོ་ཞིག་གིས།  “ཁྱོད་གང་གི་ཡིན།  མང་ལ་ཅི་ཟེར།”སོགས་འདྲི་མཁན་མང་ལ། ང་རང་མང་ར་ས་ཆའི་ཡིན་པ་ཤེས་རྗེས་ཡུལ་ཕྱོགས་གཅིག་པའི་སློབ་མ་འགའ་ཞིག་ཀྱང་ངོ་ཤེས་སུ་གྱུར། སློབ་གྲོགས་ཁ་ཤས་ཀྱིས་“ཁྱོད་ཀྱི་མིང་དུས་དེབ་ཁ་ཤས་ཀྱི་སྟེང་ནས་རིག་མྱོང་”ཟེར་ནས་དམིགས་བསལ་དོ་སྣང་ལྟ་བུ་བྱེད་ཀྱིན་འདུག  ད་དུང་སློབ་གྲོགས་ཁ་ཤས་ཀྱིས་“ཁྱོད་ཀྱིས་འཛིན་གྲྭ་འདིར་རྒྱུགས་འཕྲོད་པས་ངོ་མ་ངར་བ་རེད་”ཟེར། ཡིན་ནའང་སྐབས་དེར་དམའ་རིམ་འཛིན་གྲྭ་ལ་བོད་ཡིག་གི་ཐད་ནས་《བློ་གསལ་འཇུག་ངོགས》དང་《རིགས་ལམ་འཕྲུལ་ལྡེ》གསར་དུ་ཁྲིད་ཀྱིན་འདུག་ལ།  རྒྱ་དབྱིན་གྱི་ཡི་གེ་དང་རྩིས་རིག་གསུམ་སློབ་ཆུང་གི་དེབ་ལྔ་བ་དྲུག་པ་ཞིག་སློབ་ཀྱིན་ཡོད་ཅིང་།   ཁོ་བོས་བོད་ཡིག་མ་གཏོགས་བསླབ་བྱ་གཞན་དག་གི་རྗེས་མ་ཆོད་པར་དཀའ་ངལ་ཆེན་པོར་འཕྲད།  

    འདིར་ཆེས་དགའ་ཞིང་སྤྲོ་འོས་པ་ཞིག་ལ་ང་ཚོའི་འཛིན་གྲྭ་འདིའི་འཛིན་བདག་དགེ་རྒན་ནི་མཁས་བཙུན་བཟང་གསུམ་འཛོམས་ཤིང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་རེད་འདུག   ཁོང་གིས་ང་ཚོའི་འཛིན་བདག་གི་འགན་བཞེས་པས་མ་ཚད་ང་ཚོར་ད་དུང་《བསྡུས་གྲྭ》དང་《བློ་རིག》   རྒྱ་ཡིག་སོགས་ཁྲིད་ཅིང་།   ང་རང་གིས་སློབ་སྦྱོང་ལ་བརྩོན་པ་བསྐྱེད་པའི་དབང་གིས་ཁོང་ནི་བདག་ལ་དམིགས་བསལ་ཐུགས་རེ་ཟབ་པར་གྱུར།   མ་ཟད་ཁོང་གི་ཐུགས་གཤིས་དང་མཛད་སྤྱོད་ཀྱིས་རང་སེམས་ལ་བག་ཆགས་གཏིང་ཟབ་བཞག

ཡང་བར་སྐབས་དེར་སློབ་གླིང་དུ་རྩོམ་ཡིག་འབྲི་སྦྱོང་གི་ཚ་རླབས་ཤིག་འཕྱུར་དང་འཕྱུར་གྱིན་ཡོད་ཅིང་།  རང་ཉིད་དམིགས་བསལ་རྩོམ་རིག་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་དབང་གིས་སྐབས་བབ་སྦྱང་བྱ་སྐོར་ཞིག་ལ་ཤུགས་མ་བརྒྱབ་པར་ཆེད་དུ་ཉིན་མཚན་གཉིས་གར་རྩོམ་ཡིག་མང་བོ་བྲིས་པས།  མཐའ་མཇུག་གི་ལོ་བཞི་བ་དེར་སྐབས་བབ་ཀྱི་སློབ་སྦྱོང་ལ་འཐུས་ཤོར་བྱུང་སྟེ་རྒྱ་ཡིག་དགེ་རྒན་གཅོད་པ་ལགས་ཀྱི་བཀའ་བཀྱོན་ཡང་རེག    དགེ་རྒན་ཁོང་གི་རྟེན་སྐྱ་བོ་ཡིན་ནའང་དམིགས་བསལ་སློབ་མ་རྣམས་ལ་ཤ་ཚ་ཞིང་ཡོན་ཏན་ཡོད་ལ་སྤྱོད་པ་གཙང་བ་ཞིག་ཡིན་པས་ང་རང་ཁོང་ལ་ཧ་ཅང་དགའ། 

    དེ་ལྟར་ང་རང་དངོས་སུ་སློབ་གླིང་འདིར་ཞུགས་ཐུབ་སོང་བས་དགའ་བ་ཚད་མེད་ངང་འདི་ནས་ཡིད་ཚིམ་པའི་སློབ་སྦྱོང་ཡག་པོ་ཞིག་བྱ་བསམས་ཏེ།   ལོ་གསུམ་གྱི་རིང་ལ་གཉིད་ཆག་ཟས་བརྗེད་ཀྱིས་ཉིན་མཚན་དབྱེར་མེད་དུ་འབད་བརྩོན་བྱས་པས་ཡར་བསྐྱེད་ཡག་པོ་བྱུང་།   སྐབས་འདིར་བོད་ཀྱི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཆ་རྐྱེན་ཅུང་ཞན་ལ་འགྲུལ་བཞུད་དང་བརྡ་འཕྲིན་སྟབས་བདེ་དེ་འདྲ་མིན་པས།  དབྱར་དགུན་གནང་སྐབས་ང་ཚོ་སློབ་མ་མང་བོ་ཞིག་ལ་ཕ་ཡུལ་དུ་འགྲོ་བའི་ལམ་གླ་སོགས་ཀྱིས་མ་འདང་བར་སློབ་གྲྭའི་ནང་དུ་འདུག་དགོས་བྱུང་།  ད་དུང་འཚོ་བའི་ཆ་རྐྱེན་ཞན་པའི་དབང་གིས་ཉིན་དུ་མའི་རིང་ལ་གོར་སྐྱ་དང་རྩམ་སྐྱ་ཉུང་ཉུང་རེ་ཟོས་ཏེ་འདུག་ཐབས་བྱས་པས།  སློབ་གྲོགས་མང་བོ་ཞིག་གི་ལུས་ཕུང་སྐམ་རིད་དུ་གྱུར།  འཚོ་བཅུད་ཀྱིས་མ་འདང་བས་དུས་རྒྱུན་ཆམ་པ་དང་ན་ཚ་འདྲ་མིན་གྱིས་གཙེས་ཏེ་གནམ་ཁབ་མང་བོ་རྒྱག་དགོས་བྱུང་བ་སོགས་དཀའ་སྡུག་ཚད་མེད་མྱངས།

ད་ལྟ་ཕྱིར་དྲན་རེ་བྱས་ཚེ་རང་ཉིད་ཆེས་དགའ་འོས་པ་ནི། སློབ་གླིང་འདི་ནས་དགེ་རྒན་ཡག་པོ་སྐོར་ཞིག་ལ་མཇལ་ཏེ་སློབ་སྦྱོང་འོས་འཚམས་ཤིག་བྱ་ཐུབ་སོང་བར་མ་ཟད། ཁོང་རྣམ་པའི་སྐུ་དྲིན་ལ་བརྟེན་ནས་རང་གི་བསམ་སྤྱོད་གཉིས་ཀར་འགྱུར་བ་བཟང་བོ་ཞིག་ཐེབས་ཡོད་ཅིང་། རྣམ་དཔྱོད་དང་སྙུག་རྩལ་བཟང་བའི་སློབ་གྲོགས་མང་བོ་ཞིག་ངོ་ཤེས་ཤིང་གྲོགས་པོར་གྱུར་ལ།  ད་ལྟ་སོ་སོས་རང་རང་སར་བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དུ་གཏོང་བར་འབད་རྩོན་བླ་མེད་གནང་གིན་ཡོད་པ་འདི་དག་རེད།

ཁོ་བོ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སྤྱི་ལོ་༢༠༠༢ལོར་མཐར་ཕྱིན་ཅིང་། དེ་རྗེས་ཀྱི་ལོ་ངོ་འདི་དག་གི་རིང་ལ་ས་ཕྱོགས་གཞན་དང་གཞན་ནས་མུ་མཐུད་སློབ་གྲྭ་ཁ་ཤས་སུ་སོང་སྟེ་སློབ་སྦྱོང་ཐན་ཐུན་རེ་བྱས་ཤིང་།  ད་ལྟ་དམིགས་བསལ་དགེ་རྒན་གྱི་ལས་གནས་སུ་ཞུགས་ཏེ་རང་གིས་སློབ་བུ་འགའ་རེ་སྐྱོང་ཁུལ་བྱེད་ཀྱིན་ཡོད།  དུས་རྒྱུན་རང་ཉིད་དཀའ་ཁག་སྣ་ཚོགས་ལ་འཕྲད་ཐེངས་རེ་རེར་ཡོན་ཏན་དང་ལྷག་བསམ་གྱིས་ཕྱུག་པའི་སློབ་དཔོན་རྣམ་པའི་སྐུ་དྲིན་དྲན་འོངས་ལ།  ཁོང་རྣམས་ཀྱི་རླབས་ཆེན་བྱ་བཞག་གི་རིན་ཐང་ལ་སྔར་ལས་ལྷག་པའི་ངོས་ཟིན་ཐོབ་ཅིང་། ཁོང་རྣམས་ཀྱི་བླ་མེད་མཛད་རྗེས་ལ་སྔར་ལས་ལྷག་པའི་དད་གུས་ཤུགས་དྲག་ཅིག་སྐྱེས་སོང་།

ད་ལོ་ནི་མ་ཡུམ་སློབ་གླིང་བཙུགས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དུས་སྟོན་གྱི་ལོ་ཡིན་པས། བདག་གིས་ཆེད་དུ་འདི་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག རྗེས་ཕྱོགས་སློབ་གླིང་འདིའི་གང་ཅིའི་བྱ་བཞག་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས་པ་ལགས། 

༢༠༡༤.༣.༣ལ


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23652210
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།