བོད་མིའི་སྐད་ཡིག་གི་དར་རྒུད་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »བོད་མིའི་སྐད་ཡིག་གི་དར་རྒུད་གླེང་བ།
བོད་མིའི་སྐད་ཡིག་གི་དར་རྒུད་གླེང་བ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-07-06ལྟ་ཀློག (2833)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་མིའི་སྐད་ཡིག་གི་དར་རྒུད་གླེང་བ།       

གྲོལ་སྡེ་རྒྱ་མཚོ།

      སྤྱིར་མི་རིགས་ཤིག་གི་དར་རྒུད་ནི། མིའི་ཚོ་ཁག་ཅིག་མི་རིགས་ཤིག་ཏུ་གྲུབ་པ་དང་།  གྲུབ་ཟིན་པའི་མི་རིགས་ཤིག་རྩ་མེད་དུ་འགྲོ་བ་ལ་བྱ་དགོས་ཤིང་། དེ་ཡང་སྐད་ཡི་གེ་ཟས་གོས་ཡོ་བྱད་ཡུལ་སྲོལ་གོམས་གཤིས་སོགས་མི་རིགས་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་ཅིང་གནས་པ་ནི་མི་རིགས་དེའི་དར་བའི་གནས་སྐབས་དང་། མི་རིགས་ཤིག་གི་ཁྱད་ཆོས་སུ་བརྩི་ཆོག་པའི་སྐད་དང་ཡི་གེ་སོགས་ལ་མི་རིགས་དང་རྒྱལ་ཁམས་གཞན་ཞིག་གི་ཤན་ཞུགས་ནས་ཕར་མི་རིགས་དེ་དང་དབྱེར་མེད་དུ་འདྲེས་པ་ལ་ཕྱོགས་པ་ནི་མི་རིགས་དེའི་ཉམས་རྒུད་ཀྱི་གནས་སྐབས་ཡིན། དེས་ན་འདིར་སྐབས་སུ་བབས་པ་རང་རེ་བོད་ཁ་བ་ཅན་པའི་དར་རྒུད་ཀྱི་སྲོག་རྩ་སྐད་ཡིག་གི་སྐོར་གླེང་བ་ལ། དར་བའི་གནས་སྐབས་དང་། རྒུད་པའི་གནས་སྐབས། མ་འོངས་པའི་འབྱུང་འགྱུར་གླེང་བ་དང་གསུམ།

     དང་པོ། དར་བའི་གནས་སྐབས་དེ་གང་ཞེ་ན། འགོས་ལོའི་དེབ་སྔོན་ལས། བོད་ཀྱི་ཡུལ་འདི་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པས་གནོད་པ་མེད་དོ།།  ཞེས་བསྐལ་བ་ལ་གསུམ་དུ་ཕྱེ་བའི་ནང་ཚན་གནས་པའི་བསྐལ་བ་ནས་བོད་ཀྱི་ཡུལ་དུ་མིའི་འགྲོ་བ་ཡོད་པར་གསུངས་ཤིང་།  དེང་སང་ཡར་ཀླུང་ལྷོ་རྒྱུད་དུ་རྡོ་ཆས་གསར་རྙིང་གི་དུས་སྐབས་ཏེ་མི་ལོ་ཁྲི་ཕྲག་གི་སྔ་རོལ་གྱི་མིའི་ལག་ཆ་སོགས་རྗེས་ཤུལ་མང་པོ་གསར་རྙེད་བྱུང་པས་ཀྱང་བོད་ཀྱི་མི་རྒྱུད་འདི་ཆེས་སྔ་མོའི་དུས་ཤིག་ནས་བྱུང་བར་ཤེས།  དེའི་སྟབས་ཀྱིས་བོད་ཀྱི་སྐད་ནི་དུས་འདི་ཙམ་ན་གསར་དུ་བྱུང་ངོ་ཞེས་སུས་ཀྱང་ཁ་ཚོན་མི་ཆོད་མོད།  མི་ལོ་ཁྲི་ཕྲག་དུ་མའི་སྔ་རོལ་ཞིག་ནས་བྱུང་བར་ནི་སུས་ཀྱང་སྨྲ་བར་སྤོབས་སོ།།

     བོད་ཀྱི་ཡི་གེ་ནི། མཁས་པ་ལ་ལས་སྲོང་བཙན་ཡན་ཆད་ཅིག་ནས་ཡོད་པར་བཞེད་ལ། ཡོངས་གྲགས་སུ་སྲོང་བཙན་གྱི་དུས་སུ་བྱུང་བར་བཞེད། གང་ལྟར་བྱས་ཀྱང་སྐད་དང་ཡི་གེ་གཉིས་ཀ་དུས་སྔ་མོ་དེ་ཙམ་ནས་ཉེ་སྔོན་སྤྱི་ལོའི་དུས་རབས་དང་ཆབ་སྲིད་རིག་གནས་བཅས་ཀྱི་འཕོ་འགྱུར་གང་འདྲ་ཞིག་གི་འོག་ཏུའང་སྐད་ཡིག་གཞན་གྱི་དྲི་མས་མ་སྦགས་པར་བོད་སྐད་དང་བོད་ཡིག་ཅེས་མཛུབ་མོ་འཛུགས་ས་ལས་མ་འགྱུར་བར་ཆབ་དཔལ་རིག་གསུམ་གང་གི་ཐད་ལའང་དེས་མ་ཆོག་པ་མ་བྱུང་། ལྷག་པར་འཛམ་གླིང་ན་སྐད་གྲགས་ཆེ་བའི་རིག་གཞུང་འདི་དག་རང་གི་སྐད་ཡིག་ལ་བསྟེན་ནས་འཆད་ཉན་སྤེལ་གསུམ་གྱིས་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་ཀྱང་སྐད་དང་ཡི་གེས་མ་འདང་བའམ་དགོས་མཁོ་སྐོང་མ་ཐུབ་ས་གང་ཡང་མ་བྱུང་། དེས་ན་བོད་ཀྱི་སྐད་དང་ཡི་གེ་འདི་འཇིག་རྟེན་ན་ཡོད་པར་གྱུར་པ་ནས་སྤྱི་ལོའི་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཡན་ཆད་ནི་བོད་ཀྱི་སྐད་ཡིག་གི་དར་བའི་དུས་སྐབས་སུ་བརྩིས་ཆོག །

     གཉིས་པ་རྒུད་པའི་གནས་སྐབས་ནི། སྤྱི་ལོའི་དུས་རབས་ཉི་ཤུ་བའི་དུས་དཀྱིལ་དུ་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་དུས་ཟིང་ལངས་ནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་སྟེ་མི་རིགས་འདིའི་ཐུན་མིན་ཁྱད་ཆོས་ཡོད་པའི་སྐད་དང་ཡི་གེར་ཉམས་རྒུད་ཐེབས་པའི་འགོ་བརྩམས་ཤིང་། དེ་ལས་བོད་སྐད་ལ་རྒུད་སྐྱོན་ཐེབས་པའི་ཚུལ་ནི། དེང་སྐབས་བོད་ཡུལ་གྱི་ཁུལ་དང་རྫོང་ཞང་བཅས་ཀྱི་རྒྱ་རིགས་འདུས་ཚད་བརྒྱ་ཆའི་བརྒྱད་ཅུ་དང་ལྔ་བཅུ་སུམ་ཅུ་ཙམ་དུ་སླེབས་ཡོད་སྙམ་བྱེད་ལ། རྒྱ་རིགས་དེ་དག་ཕལ་ཆེ་བ་འགོ་ཁྲིད་ལས་བྱེད་པ་དང་། ཚོང་ལས་གཉེར་མཁན་སོགས་མང་ཚོགས་དང་འབྲེལ་འདྲིས་མང་དུ་བྱེད་དགོས་པའི་རིགས་ཡིན་སྟབས།  དམངས་དོན་ཞུ་གཏུག་བྱེད་པ།  སྨན་བཅོས་དང་ཉོ་ཚོང་བྱེད་པ། ཡུལ་སྐོར་འགྲིམ་འགྲུལ་བྱེད་པ་སོགས་ཀྱི་ཐ་སྙད་རྒྱའི་སྐད་ཀྱི་ལམ་ནས་མ་ཤེས་ཚེ་བརྡ་སྤྲོད་ཐབས་མེད་ལ། ལས་དོན་གང་ཡང་སྒྲུབ་ཁག་པོ་བྱུང་བས་གྲོང་དང་གྲོང་ཁྱེར་དུ་བོད་སྐད་བཀོལ་ས་མེད་པའམ། བཀོལ་སྤྱོད་བྱེད་ས་ཉུང་ངུར་གྱུར་ནས་བོད་སྐད་ཀྱིས་གོ་མི་ཆོད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། གཞན་ཡང་སྐད་རིགས་གཉིས་འདྲེས་མར་བཀོལ་སྤྱོད་བྱས་པའི་རྐྱེན་གྱིས་རྒྱའི་ཐ་སྙད་མང་པོ་ནད་ཡམས་བཞིན་དུ་བོད་སྐད་ཀྱི་ཁྲོད་དུ་མཆེད་ནས་དེང་སང་བོད་ཆོལ་ཁ་གསུམ་པོའི་གང་དུ་སོང་ཡང་ཆུ་ཚོད་གཅིག་གི་ཡུན་ཙམ་ལའང་རྒྱའི་ཐ་སྙད་གཅིག་ཀྱང་མ་འདྲེས་པར་སྤྱིར་བཏང་གི་ཁ་བརྡ་བྱེད་ཐུབ་མཁན་ཞིག་མི་རྙེད་པའི་ཚད་ལ་སླེབས་ཡོད། ལྷག་པར་གྲོང་ཁྱེར་སོགས་སུ་སྡོད་པའི་བོད་མི་དར་མ་ཞིག་ཡིན་ན ། དེའི་རྒྱུན་སྤྱོད་སྐད་ཆའི་ཕྱེད་ཙམ་ལ་རྒྱ་སྐད་འདྲེས་ཡོད། ཆུང་དུས་ནས་གྲོང་ཁྱེར་དུ་ནར་སོན་པའི་བོད་རིགས་ན་ཆུང་ཞིག་ཡིན་ན། བོད་སྐད་མི་ཤེས་པའམ་བོད་སྐད་ལས་རྒྱ་སྐད་ལ་དགའ་ཞིང་བཤད་བདེ་བོ་ཆགས་ཡོད།  བོད་ཀྱི་ཡི་གེ་ལ་རྒུད་སྐྱོན་ཐེབས་པའི་ཚུལ་ནི། ཡིག་རིགས་གཞན་གྱི་ཤན་ཞུགས་ནས།

     དཔེ་མིང་མཚོན་པའི་རྟགས་དང་བཤད་རྟགས་སོགས་མི་དགོས་བཞིན་དུ་བསྲེས་ནས་བཀོལ་སྤྱོད་བྱེད་བཞིན་པ་དཔེར་ན་<<དེབ་ཐེར་དཀར་པོ>>ལས་ཞེས་བྲིས་དང་།ཡང་།

ངས་ཀྱང་སྔ་མོ་ཞིག་ནས་དེ་ལྟར་བསམས་ཡོད་ཟེར་ཞེས་བྲིས་པས་ཆོག་མོད ། “ངས་ཀྱང་སྔ་མོ་ཞིག་ནས་དེ་ལྟར་བསམས་ཡོད་ཟེར”། ཞེས་བྲིས་པ་སོགས་བརྗོད་དོན་སྟོན་པ་ལ་ཁྱད་པར་ལྷག་པོ་གང་ཡང་མེད་ཀྱང་། ད་ལྟ་རྟགས་དེ་ཚོ་མ་བཀོལ་ན་ཡི་གེ་མ་དག་པར་བརྩི་བའི་ཚད་ལ་སླེབས་ཡོད། གཞན་ཡང་ཁུལ་དང་རྫོང་སོ་སོའི་ལས་ཁུངས་ཆེ་གེ་མོ་དང་ག་གེ་མོ་སོགས་ཀྱི་སྒོ་བྱང་སྟེང་དུའང་ཡིག་ནོར་མཐོང་ལ ། ཐ་ན་ཐོག་ཁང་སྟེང་གི་གསེར་འོད་ལམ་ལམ་འཕྲོ་བའི་བོད་ཡིག་ལའང་ཡིག་ནོར་དང་བརྡ་སྤྲོད་དང་འགལ་བའི་སྐྱོན་ཡོད་པ་མཐོང་རྒྱུ་ཡོད། དེ་ལྟར་བོད་ཀྱི་སྐད་དང་ཡི་གེ་ཉམས་བཞིན་པ་མངོན་སུམ་དུ་མཐོང་ཡང་དོ་སྣང་དང་སེམས་ཁྲལ་བྱེད་མཁན་ཉུང་ཉུང་ལས་མེད་པར་བལྟས་ན ། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་ནས་ད་ལྟའི་བར་ནི་བོད་ཀྱི་སྐད་དང་ཡི་གེའི་ཉམས་རྒུད་ཀྱི་དུས་སྐབས་ཡིན་ཞེས་བཤད་ཆོག་ཆོག་ཡིན ། འདིར་སྐད་ཡིག་ཉམས་པའི་རྐྱེན་གྱིས་མི་རིགས་ཀྱི་ཁྱད་ཆོས་གཞན་དང་གཞན་དག་ཀྱང་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་ཚུལ་ཅུང་ཟད་བརྗོད་ན། གོང་ནས་ཞུས་པ་ལྟར། མི་རབས་རེ་རེ་བཞིན་སྐད་ཡིག་འགྱུར་བ་དང་བསྟུན་ནས་བོད་ཀྱི་སྐད་ཡིག་རིག་གནས་ཡུལ་སྲོལ་གོམས་གཤིས་སོགས་ལ་བཅངས་པའི་དུང་ཞེན་རིམ་བཞིན་ཉམས་ནས་མི་རིགས་གཞན་གྱི་ཤན་ཞུགས་ཏེ། བོད་ཟས་བཟའ་མི་འདོད་པ།བོད་གོས་གོན་མི་འདོད་པ། བོད་སྐད་བཤད་མི་འདོད་པ། བོད་ཆས་སྤྲ་མི་འདོད་པ།བོད་ཀྱི་རིག་གནས་སྦྱང་མི་འདོད་པ། ཐ་ན་མགོ་སྐྲ་སེར་པོར་སྒྱུར་བར་བྱེད་པ་སོགས་རང་གི་ཤ་ཁྲག་གི་ཕུང་བོ་དེ་བོད་མིའི་བརྒྱུད་པ་ཞིག་ཡིན་པར་ངོ་གནོང་བཞིན་པའང་ཉུང་ཉུང་མིན། མདོར་ན་སྐད་རིགས་གཉིས་དབྱེ་འབྱེད་མེད་པར་མཉམ་གནས་བྱས་པས།  བོད་ཀྱི་སྐད་ཡིག་གཙོས་བོད་ཀྱི་ཤེས་རིག་དང་གཤིས་ཀ་སོགས་བོད་མིའི་ཁྱད་ཆོས་ཀྱི་དྲི་ཙམ་ཡང་མི་བྲོ་བའི་མི་རབས་གསར་བ་ཞིག་འཚར་ལོངས་འབྱུང་བཞིན་ཡོད་པ་སོགས་འཇིགས་སྣང་དང་དངངས་སྐྲག་སྐྱེ་དགོས་པའི་དུས་སྐབས་ཤིག་མིག་མདུན་དུ་སླེབས་ཡོད།

    གསུམ་པ། མ་འོངས་པར་རང་རེའི་སྐད་ཡིག་ལ་དར་རྒུད་ཅི་འབྱུང་ཞེ་ན།   དེ་ནི་གཙོ་ཆེར་ད་ལྟའི་བོད་མི་རྣམས་ལ་རག་ལས་ཡོད། འདས་པའི་མི་ལོ་ལྔ་བཅུ་ཙམ་གྱི་དུས་ཡུན་

ཐུང་ཐུང་འདིའི་ནང་རང་རེའི་སྐད་ཡིག་ལ་ཉམས་ཆག་དེ་ཙམ་ཐེབས་པར་གཞིགས་ན།ང་ཚོ་ད་དུང་འདི་ལྟར་ཤེས་མེད་ཚོར་མེད་དང་རེ་མེད་སྤོབས་མེད་ངང་མདུན་དུ་བསྐྱོད་པ་ཡིན་ཚེ ། མི་རིགས་འདིའི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་མེད་པར་ངང་ངམ་ཤུགས་ཀྱིས་ཉམས་དམས་སུ་གྱུར་ནས། དེང་ཕྱིན་མི་ལོ་བརྒྱ་ཙམ་འགོར་ཚེ་བོད་སྐད་གཙང་མ་ཞིག་དང་བོད་ཡིག་དག་མོ་ཞིག་ནི་གང་དུ་ཡང་མི་རྙེད་ལ། དེའི་རྐྱེན་གྱིས་འཛམ་གླིང་ན་སྐད་གྲགས་མཐོ་བའི་བོད་མིའི་ཤེས་རིག་འདི་ཀུན་ཀྱང་ཉེ་སྔོན་ལོ་རབས་དྲུག་ཅུ་བར་བཤད་པར་ལྟར་ངེས་པར་དུ་རྨོངས་དད་ཀྱི་ཆ་ལག་ཅིག་ཏུ་འགྱུར་རྒྱུ་གདོན་མི་ཟ། རྒྱུ་མཚན་ནི། སྐད་ཆ་འགྱུར་ཚབས་ཆེ་ན་ཡི་གེ་དང་བར་ཐག་ཇེ་རིང་ཇེ་རིང་དུ་གྱུར་ནས་སྐད་ཆ་ཡོད་ཚད་ཡིག་ཐོག་ཏུ་འགོད་མི་ཐུབ་པས། སྐད་དང་བསྟུན་ནས་ཡི་གེ་གསར་པ་ཞིག་བཟོ་བའམ། ཡང་ན། མི་རིགས་གཞན་གྱི་ཡི་གེ་ཞིག་ཏུ་འགྱུར་རྒྱུ་ཡིན་པས་སོ།། འདིར་ཁ་ཅིག་གིས། སྐད་ཡིག་རིག་གནས་རྙིང་བ་དེ་དག་ལ་ཤི་སྤར་འཐམས་ནས་ཅི་བྱེད། གསར་བ་གསར་སྤེལ་བྱས་ན་མི་ཆོག་གམ་སྙམ་ན།

     གསར་བཏོད་མ་བྱས་ན་འཕེལ་རྒྱས་མི་འབྱུང་བ་ནི་ཀུན་ལ་གྲགས་ཤིང་གྲུབ་པ་ཞིག་རེད་མོད།  མིའི་རིགས་སུ་གྱུར་ཏོ་ཅོག་གིས་ལུས་ངག་གི་རྩོལ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་དངོས་སམ་བརྒྱུད་ནས་རང་གཞན་ལ་བདེ་བ་འཐོང་པའི་ཆེད་ཁོ་ན་ཡིན་ལ། བདེ་སྐྱིད་འཐོབ་པ་དེ་ཡང་ནང་བསམ་བློ་ཡར་རྒྱས་དང་ཕྱི་འབྱོར་བ་ཡར་གཏོང་བ་ཁོ་ན་ལ་རག་ལས་པའི་ཕྱིར་དང་། དེ་ལས་ཀྱང་ཞི་བདེ་དང་གཞན་ཕན་ལ་དམིགས་པའི་བསམ་བློ་ཞིག་མེད་ན་ཕྱིའི་འབྱོར་བ་གཅིག་པུ་ཡང་རྒྱས་ཅི་ཙམ་བཏང་ཡང་མཐར་ཐུག་གི་བདེ་སྐྱིད་ངོ་མ་ཞིག་འཐོབ་མི་ཐུབ་པའི་ཕྱིར། དེ་འདྲའི་བསམ་བློ་ཡར་རྒྱས་གཏོང་བ་ལ་ཡང་བོད་མིའི་ཤེས་རིག་ལས་ལྷག་པའི་བསླབ་བྱ་ཞིག་སྔར་མ་བྱུང་ལ་ཕྱིས་ཀྱང་མི་དགོས་པས་ནོར་བུ་ལག་ན་ཡོད་དུས་ངོ་ཤེས་པར་བྱེད་རྒྱུ་གལ་ཆེ་བས།  ཕྱིའི་འབྱོར་བ་ཡར་རྒྱས་གཏོང་ཐབས་ཁོ་ནར་ཆགས་པས་ཟིལ་གྱིས་ནོན་ཏེ་ནང་བསམ་བློ་ཡར་རྒྱས་གཏོང་པའི་ཐབས་བླ་ན་མེད་པ་དེ་དག་ཡལ་བར་མི་འདོར་བར་ཞུ། མདོར་ན་གོང་དུ་ཞུས་པ་ལྟར།  ང་ཚོ་ད་དུང་འདི་ལྟར་ཤེས་མེད་ཚོར་མེད་དང་རེ་མེད་སྤོབས་མེད་ངང་མདུན་དུ་བསྐྱོད་པ་ཡིན་ན།

     བོད་བརྒྱུད་ནས་བསྟན་ཤེས་རིག་གི་གཙོས་སྔར་ཡོད་རིག་གནས་སྤྱིའི་དར་རྒུད་ཀྱི་སྲོག་རྩ་ཉག་ཅིག་འབྱུང་འགྱུར་འཕེལ་རྒྱས་དང་གསར་བཏོད་ཀྱི་རྨང་གཞི་ཁོ་ན། བོད་མི་རིགས་ཐུན་མིན་དུ་མཚོན་བྱེད་ཀྱི་ཁྱད་ཆོས་གཅིག་པུ་བོད་མིའི་སྐད་དང་ཡི་གེ་ཉམས་རྒུད་དང་བསླད་སྐྱོན་ཅན་དུ་གྱུར་ཏེ།  མི་རིང་བར་མི་རིགས་འདི་རིག་གཞུང་དང་སྐད་ཡིག་དང་བཅས་ཏེ་རྩ་མེད་དུ་འགྲོ་རྒྱུ་ཐག་ཆོད་ཡིན།

     དེས་ན་ཉེན་ཁ་དེ་དག་སེལ་བའི་ཐབས་ཡོད་དམ་མེད་སྙམ་ན་ཡོད་དེ། འཛམ་གླིང་མཁས་རྒུས་བསྔགས་བརྗོད་དང་ཡིད་སྨོན་ཚད་མེད་གནང་བཞིན་པའི་བོད་ཀྱི་རིག་གཞུང་འདི་དག་དང་། མི་ལོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ཡོད་པའི་རླབས་ཆེ་བའི་མི་རིགས་འདི་ཉིད་རྩ་འཐོར་ཤུལ་མེད་དུ་མ་གྱུར་བའི་གོང་རོལ་འདི་ཉིད་ནས། རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་མི་ཡོངས་ཀྱིས་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ།སློབ་གསོའི་བྱ་བ་རྒྱ་ཁྱབ་ཏུ་སྤེལ་ནས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། དེང་རབས་སྔོན་ཐོན་ཚན་རྩལ་ནང་འདྲེན་དང་བཀོལ་སྤྱོད། མི་རིགས་འདིའི་ཁྱད་ཆོས་ཡོད་པའི་གསར་བཏོད། མི་རིགས་འདིའི་དགོས་མཁོ་སྐོང་ཐུབ་པའི་ཤེས་ལྡན་རྗེས་རབས་པ་གསོ་སྐྱོང་བཅས་བྱས་ན་མི་རིགས་འདིའི་ཉམས་རྒུད་རྩ་བ་ནས་བཟློག་ཐུབ་ཅིང་། རིག་གནས་གསར་རྙིང་གི་ཕ་བུ་ངོ་འཕྲོད་ནས་མ་འོངས་པར་གངས་ལྗོངས་འདི་ཉིད་ཆོས་སྲིད་གཉིས་ཀར་འཛམ་གླིང་ན་འགྲན་ཟླ་བྲལ་ཞིང་། འཛམ་གླིང་འཚེ་མེད་ཞི་བདེ་དང་སྣོད་བཅུད་མཉམ་གནས་ལ་ཁྲིད་སྟོན་དང་བཀའ་བཀོད་བྱེད་ཐུབ་པའི་ཡུལ་ཁམས་ཁྱད་པར་བ་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་བྱས་ཆོག

ཡ་མཐའ་ཐུག་པ་མེད་པའི་དུས་ཤིག་ནས་བརྩམས་ཏེ།།

རྔུལ་ཁྲག་རྒྱ་མཚོས་བསྐྲུན་པའི་མི་རིགས་ཀྱི་སྲོག་རྩ།།

  དུས་འགྱུར་འཐག་སོ་འཁོར་བའི་བར་མཚམས་ལ་ཚུད་ན།།

སུ་དང་གང་ནི་སྐྱོབ་པའི་དཔུང་གཉེན་དེ་ཡིན་ཨང་།།

 

 ལྟ་ངན་མུན་སྟུག་གཏིབས་པའི་གཞི་དཀྱིལ་ལ་མ་འཁྱམས།།

འཛམ་གླིང་རིག་པས་འཁོར་བའི་བློ་རྒྱ་རེ་སྐྱེད་ལ།།

 ཕྱི་ནང་དཔུང་ཁ་སྡེབས་པའི་ཐབས་ཚུལ་ལ་བརྩོན་དང་།།

སྨུག་སྤྲིན་གོར་མོ་འདི་ཡི་ཕར་རྒྱབ་དེ་མཐོང་ཡོང་།།

 

ཡོད་ཚད་གནམ་ལ་རེ་བ་བླུན་པོ་ཡི་ལུགས་ཡིན།།

ཐམས་ཅད་ལག་པས་མི་འགྲུབ་དཀའ་ངལ་གྱི་ཁ་སྣོན།།

གང་ལ་གང་འཚམ་སྤྱོད་པའི་ཐབས་འཕྲུལ་ཞིག་ཡོད་ན།།

མ་འོངས་གངས་ལྗོངས་རང་གི་ལག་མཐིལ་ན་ཡོད་དོ།།


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། བན་ཤུལ་འཇམ་དབྱངས་ཡེ་ཤེས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23585962
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།