མཁས་དབང་དགེ་འདུན་ཆོས་འཕེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »མཁས་དབང་དགེ་འདུན་ཆོས་འཕེལ།
མཁས་དབང་དགེ་འདུན་ཆོས་འཕེལ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-06ལྟ་ཀློག (5230)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

                                         མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

                                                རྩོམ་པ་བོ་མི་གསལ།

   མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་མདོ་སྨད་ཀྱི་ས་ཆ་རེབ་གོང་གསེར་མོ་ལྗོངས་ཁོངས་གཏོགས་ཡུལ་ཞོ་སྤང་ཞེས་བྱ་བའི་གྲོང་ཚོར་ཡབ་གསང་སྔགས་རྙིང་མའི་རིག་པ་འཛིན་པ་ཨ་ལགས་རྒྱལ་པོ་ཞེས་པ་དང་། ཡུམ་པདྨ་བྱ་བ་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༠༣བོད་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཡོས་ཀྱི་ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས། ཐོག་མའི་མཚན་ལ་རིག་འཛིན་རྣམ་རྒྱལ་ཞེས་བཏགས།

  ཁོང་ཐུགས་དྲན་རྙེད་ཙམ་གྲས་ནས་བྱིས་པ་གཞན་དང་མི་འདྲ་བའི་མཁྱེན་རིག་ཤིན་ཏུ་བཀྲ་བས་ཡབ་ཀྱིས་དགུང་ལོ་བཞི་པ་ནས་ཡི་གེ་འབྲི་ཀློག་སློབ་པའི་དབུ་འཛུགས་མཛད་པ་ཚེགས་མེད་པར་མྱུར་དུ་མཁྱེན་ཅིང་། རིམ་བཞིན་ཡབ་ལས་ཡི་གེའི་བརྡ་དག་དང་སྙན་སུམ་ཡང་གསན་སྦྱོང་གནང་། དགུང་ལོ་བདུན་ཙམ་གྱི་ཐོག་ཡབ་གཤེགས་པར་གྲགས། ཁོང་ཐུགས་རབ་རྒྱས་པའི་སྙན་གྲགས་ཀྱིས་གཡའ་མ་བཀྲ་ཤིས་འཁྱིལ་དགོན་པའི་རྡོ་བྲག་སྤྲུལ་སྐུའི་སྐྱེ་སྲིད་ཡིན་ཞེས་གདན་དྲངས་ནས་ཆོས་ཞུགས་གནང་། དེ་ནས་མི་རིང་བར་ཞྭ་དམར་པཎྜི་ཏའི་དགོན་པ་དྷི་ཚ་ཞེས་བྱ་བར་ཕེབས་ནས་མཁས་ཆེན་དགེ་འདུན་རྒྱ་མཚོའི་ཞབས་ལ་གཏུགས་པས་མཚན་ཡང་དགེ་འདུན་ཆོས་འཕེལ་ཞེས་གསོལ་བར་གྲགས། སྐུ་ཆུང་ངུའི་དུས་ནས་ཨ་མདོར་ཁོང་ལ་དྷི་ཚ་ཨ་ལགས་ཅེས་ཞུ་མཁན་མང་། ཆོས་དང་རིག་གནས་ཀྱི་གསན་བསམ་ཐོག་མ་དེ་གར་གནང་།དེ་ནས་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་མཚན་ཉིད་ཀྱི་འཛིན་གྲྭར་བསྡུས་གྲྭ་དང་། བློ་རིགས། རྟགས་རིགས་སོགས་ནས་ཕར་ཕྱིན་འོག་མའི་བར་སློབ་གཉེར་འབད་བརྩོན་མཛད་པས་མཁས་པའི་གྲགས་པ་ཆེན་པོ་ཐོབ། སྤྱི་ལོ༡༩༢༧བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོར་བོད་དུ་བྱོན་ནས་དང་ཐོག་ལྷ་སར་གནས་ཚང་ཚོང་པ་དཀོན་མཆོག་ནོར་བུ་ཞེས་པའི་ཁྱིམ་དུ་བཞུགས། དེ་ནས་དཔལ་ལྡན་འབྲས་སྤུངས་སུ་གྲྭ་སར་ཞུགས་གནང་བའི་ཐོབ་ཁུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁམས་ཚན་ཡིན། གྲྭ་ཚང་གི་དཔེ་ཆ་བ་གཞན་དག་དང་མཉམ་དུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་གི་དཔེ་ཆའི་དགེ་རྒན་དུ་མཛད་ནས་མཚན་ཉིད་ཀྱི་རིག་ལམ་ལ་མུ་མཐུད་གསན་བསམ་དང་བགྲོ་གླེང་མཛད་པས་གསེར་ས་འོག་དང་མདངས་ནམ་མཁར་འཕྲོ་བའི་དཔེ་ལྟར་མཁས་པའི་གྲགས་སྙན་དེ་མ་ཐག་ཏུ་ཁྱབ། སྤྱི་ལོ༡༩༣༤བོད་ཤིང་ཁྱི་ལོའི་ལོ་མཇུག་ཏུ་རྒྱ་གར་གྱི་བླ་མ་ར་ཧུ་ལའི་གདན་ཞུ་ལྟར་རྒྱ་གར་དུ་ཕེབས་ནས་སྤྱི་ལོ༡༩༤༥བོད་ཤིང་བྱ་ལོའི་ཟླ་བ་བཞི་པ་བར་ཁྱོན་ལོ་ངོ་བཅུ་གཉིས་ཙམ་ཞིག་རྒྱ་གར་ཕྱོགས་བཞུགས་པའི་བར་དེར་སྤྱི་ལོ༡༩༣༨ལོ་རྒྱ་གར་གྱི་བླ་མ་ར་ཧུ་ལ་དང་། རི་མོ་མཁས་པ་ཀན་ཝལ་ཀྲཥྚི་སོགས་མཉམ་དུ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཕེབས་ནས་སྐབས་དེའི་ཕུན་ཚོགས་ཕོ་བྲང་གི་གནས་ཆེན་ལ་ས་སྐྱར་ཡོད་པའི་ཏ་ལའི་ལོ་མ་ལ་བྲིས་པ་སོགས་གནའ་དུས་ཀྱི་རྒྱ་དཔེ་རྩ་ཆེན་རྣམས་མཇལ་ཆོག་པ་ཞུས་པར་ཞལ་བཞེས་ཐོབ། དེ་དག་ཞིབ་ཏུ་གཟིགས་པ་མ་ཟད། གལ་ཆེ་བ་མང་པོ་ཞལ་བཤུས་ཀྱང་བྱེད་ཐུབ་པ་བྱུང་འདུག

   ཁོང་ལྷ་སར་ཕེབས་ཡོད་པའི་གནས་ཚུལ་དང་སྙན་གྲགས་གཅིག་ནས་གཉིས་སུ་ཁྱབ་མ་ཐག་གདན་སའི་བླ་སྤྲུལ་དང་། དགེ་བཤེས། ས་གནས་སྲིད་གཞུང་གི་དཔོན་རིགས་སེར་སྐྱ། ཨ་མདོ་བ་དང་ཁམས་པ། དེ་མིན་གྲོང་མི་སོགས་རིག་གནས་ལ་དོན་གཉེར་ཡོད་ཟེར་མཁན་མང་པོ་ཞིག་ཁོང་མཇལ་ས་ཨེ་རག་མི་རག་ལྟ་བུ་བྱེད་པ་མ་ཟད། འདི་དང་དེའི་དཔེ་ཁྲིད་ཞུ་མཁན་ཡང་དུས་ཚོད་མི་འདང་བ་ཙམ་གྱིས་བཅར་མི་བྱུང་བར་འདོད་པ་སྐོང་གང་ཐུབ་གྱི་ཁྲིད་དང་སློབ་སྟོན་གནང་བར་གྲགས། རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་སོགས་དེ་སྔོན་མཛད་པའི་གསུང་རྩོམ་འགའ་ཞིག་ལེགས་པར་གཏན་ལ་ཕབ་པ་དང་། ལྷག་པར་དུ་རྒྱལ་རབས་དེབ་ཐེར་དཀར་པོ་རྩོམ་པའི་དབུ་འཛུགས་པར་མཛད། སྤྱི་ལོ་༡༩༤༦བོད་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ལོའི་ཟླ་བ་བཞི་པ་ཙམ་ཞིག་ལ་དེ་སྔའི་བོད་ས་གནས་སྲིད་གཞུང་གི་བཀའ་ཤག་ལས་ཁུངས་ནས། ལྷ་ས་གྲོང་ཁྱེར་གྱི་ཁྲིམས་ཁང་སྣང་རྩེ་ཤག་གི་མི་དཔོན་གཉིས་ལ་བཀའ་ཕབ་སྟེ་མཁས་དབང་མི་ཡི་ཉི་མ་ལྟ་བུ་དེ་ཉིད་མ་ཉེས་ཁག་གཡོགས་ཀྱི་སྤྲིན་ནག་བྱུག་པོས་གློ་བུར་བསྒྲིབས་པ་ལྟར་འཛིན་བཟུང་ཁྲིམས་མུན་དུ་བཅུག་པ་མ་ཟད། ཁོང་གི་བཞུགས་ཤག་ལ་སྒོ་རྒྱ་བྱས་ཐོག་ཕྱག་དཔེ་དང་བཀའ་རྩོམ་སོགས་ཡིག་རིགས་ཡོངས་རྫོགས་བསྡུས་ནས་རེ་རེ་བཞིན་ཞིབ་བཤེར་ནན་པོ་ཡང་བྱས། ཁོང་བཙོན་དུ་བཞིགས་རིང་། རང་གིས་སྐུ་ཚེའི་རིང་བོད་ཀྱི་ཤེས་བྱ་རིག་པའི་རྒྱུན་བཟང་རྣམས་བཟུང་ཞིང་། དེ་ལ་མཐའ་དཔྱོད་དང་འཕེལ་རྒྱས་གསར་གཏོད་ཡོང་ཐབས་བཅས་ཀྱི་ཆེད་དུ་སྒོ་གསུམ་གྱི་སྐུ་ངལ་དང་ཉེན་དོགས་ལ་མ་འཛེམས་པར་ནུས་པ་གང་ཡོད་འདོན་གནང་མཛད་ཅིང་། མཐར་སྤྱི་ལོ༡༩༤༩བོད་ས་གླང་ལོའི་དགུན་དུས་ཙམ་ལ་འབྲས་སྤུངས་ཀླུ་འབུམ་ཁམས་ཚན་ནས་ཁག་ཐེག་བྱས་ཏེ་སྣང་རྩེ་ཤག་ལས་ཁུངས་སུ་སླད་ཕྱིན་ཚུལ་མཐུན་ཞུ་རྒྱུ་ཟེར་བའི་རྒྱུན་སྲོལ་གན་རྒྱ་ཞིག་བླངས་ནས་གློད་འགྲོལ་བྱུང་ཡང་དེ་ལྟ་བུའི་རྐྱེན་ངན་གྱི་འབྲས་བུ་ལས་ཆུ་གསོག་སྐྲངས་སྦོས་ཀྱི་གཞི་བཞག་ནས་སྨན་དང་ཐབས་གང་གིས་ཀྱང་མི་ཕན་པར་སྤྱི་ལོ༡༩༥༡ལྕགས་ཡོས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་དགོང་དྲོ་ལྷ་སའི་ཆུ་ཚོད་བཞི་པ་ཙམ་ལ་ལྷ་སར་སྐུ་གཤེགས། དེའི་སྐབས་དགུང་གྲངས་བཞི་བཅུ་ཞེ་དགུར་ཕེབས་ཡོད། ཁོང་སྐུ་གཤེགས་ཁར་ས་གནས་སྲིད་གཞུང་ནས་དབྱེ་འབྱེད་ཀྱིས་ཕྱིར་སྤྲོད་གནང་བའི་གསུང་རྩོམ་ལྷག་འཕྲོ་ཕྱག་ཏུ་ཡོད་པ་རྣམས་ལ་གཟིགས་ཏེ་ཞལ་ཆེམས་སུ་《ངའི་ཕ་གཞིས་འདི་ཁྱེད་ཀྱིས་ཉར་དགོས་》ཞེས་གསུངས་ནས་ཐུགས་རེ་བཅོལ་གནང་བ་ལྟར་སྐུ་ཞབས་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་ནས་འཕྲོ་ལུས་ཀྱི་གསུང་རྩོམ་ཕྱག་བསྟར་མ་རྣམས་ཐུགས་ཉར་གནང་རུང་།《རིག་གནས་གསར་བརྗེ་》ཟེར་བའི་རླུང་རླབས་ནག་པོ་དེ་ལངས་སྐབས་ཐོར་གྱར་དུ་སོང་བ་རྗེས་སུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སོའི་ནས་མཁས་དབང་གང་དེའི་གསུང་རྩོམ་དེ་སྔ་དཔེ་བཤུས་མཛད་པ་རྣམས་གཡར་པོ་ལྷུག་སྩོལ་གནང་བ་སོགས་སྐུ་ཞབས་ཧོར་ཁང་ནས་ལོ་མང་རིང་འཐབ་འཚོལ་མཛད་པར་བརྟེན་མ་དཔེ་བཤུས་མ་ཁག་མི་ཉུང་བ་ཞིག་སླར་ཡང་ཕྱག་སོན་བྱུང་བ་རྣམས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ལྕགས་པར་ཐོག་དེབ་གསུམ་དུ་བྱས་ནས་དཔེ་སྐྲུན་གནང་བ་བཅས་མཁས་དབང་མཆོག་དེའི་གསུང་རྩོམ་ལྷག་སུས་རྣམས་མྱུར་སྐྱོབ་མཛད་ཐུབ་པ་འདི་ནི་བོད་ཀྱི་ཤེས་རིག་ལ་སྨན་པའི་ཕྱག་རྗེས་ཕུལ་དུ་བྱུང་བ་ཞིག་ཡིན་ལ། མཁས་དབང་གང་གི་ཐུགས་རེ་ཆུད་ཟོས་སུ་མ་གྱུར་པ་ཞིག་ཀྱང་བྱུང་བ་ལགས་སོ།།

   མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཆ་ཚང་འདི་ཙམ་ཞིག་ཡོད་ཅེས་སུས་ཀྱང་བརྗོད་ཐབས་བྲལ་རུང་། ད་ཕན་དཔེ་ངོ་བཞུགས་མིན་ལ་མ་བལྟོས་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་དཔེ་ཐོ་ཙམ་བཀོད་པར།《ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་》དང་། 《ཤིན་ཏུ་སྨྲ་བའི་རིག་ལམ་ངོ་མཚར་ཅན།》《ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་རྒྱས་པ།》《ཕྱི་རོལ་པ་ནང་ཕན་ཚུན་མི་མཐུན་པའི་གནད་གསལ་བར་བསྟན་པ།》《ལྷ་ས་ནས་རྡོར་གླིང་བར་གྱི་ལམ་ཡིག》 《སིངྒ་ལའི་གནས་ཡིག》 《རྒྱ་གར་གནས་ཡིག》 《རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་རྒྱས་པ།》《འཛམ་གླིང་རྒྱས་བཤད།》 《འཛམ་གླིང་ཤེས་བྱ་ཉོས་པའི་དེབ།》《འདོད་པའི་བསྟན་བཅོས།》《ཧི་མ་ལ་ཡའི་བསྟན་བཅོས།》《རྒྱལ་རབས་དེབ་ཐེར་གཀར་པོ།》(རྩོམ་འཕྲོ་ཅན) 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》《སྒྲའི་ཟིན་བྲིས།》《དབུ་ཚད་ཀྱི་དཀའ་བའི་གནད།》《འདུ་བྱེད་མཐའ་དཔྱད།》《བདག་མེད་དྲིས་པ་ཞེས་བྱ་བ།》《རང་བཞིན་ངེས་པ།》《གཏམ་གྱི་ཚོགས་ཉིན་མཚན་བདུན་པ།》《ལེགས་རྦུར་བང་མཛོད།》《སུམ་རྟགས་ཀྱི་སྐོར་ཐོར་བུ།》《སྙན་ངག་གི་དཀའ་གནད་ཐོར་བུ་།》《ལྷ་ས་དང་། ཞོལ། བསམ་ཡས་སོགས་ཀྱི་རྡོ་རིང་ངོ་བཤུས་ཉིད་ཀྱིས་མཆན་འགོད་མཛད་པ།》 《ནོར་བུ་ཀེ་ཏ་ཀའི་སྐོར།》 《ཆུ་ཤིང་གི་སྐོར།》《མེ་ཏོག་ཙམ་པ་ཀའི་སྐོར།》《ཨུ་དུམ་ཝ་རའི་མེ་ཏོག་གི་སྐོར།》《གངས་རིའིསྐོར།》《ཞང་དཀའ་བའི་བློ་གྲོས་ལ་དྲི་ལན།》《རྔུལ་ཆུང་ལ་དཔྱད་པའི་སྐོར།》《བོད་སྐད་ཀྱི་བསླབ་བྱ།》《སྒྲོལ་མ་གཡང་འཛོམས་ལ་གནང་བའི་བསླབ་བྱ།》《ཀ་ལི་ཀ་ཏ་ནས་གནང་བའི་མགུར་མ།》《བཙོན་ཁང་ནས་གནང་བའི་གསུང་མགུར།》《བྷངྒ་ལའི་ཡུལ་དུ་མཛད་པའི་གསུང་མགུར།》《བླ་བྲང་ལ་བསྐུར་བའི་ཀ་རྩོམ།》 《ཕལ་སྐད་ཀ་རྩོམ།》 《ཨ་མཆོ་ཀྱི་ངང་ཚུལ།》《རྷའུ་མཐར་ཕྱིན་ལ་གནང་བའི་ཀ་རྩོམ།》 ད་དུང་ཉིད་ཀྱི་གསུང་རྩོམ་ལ་བསྲེས་ལྷད་ཡོད་མེད་ཀྱི་ཀླན་ཀ་ཅན་《དབུ་མའི་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན།》《སྔར་ན་མེད་པའི་བློ་སྐྱེད་》བྱ་བ་ལ་སོགས་པ་དེ་སྔའི་ཀ་སྦུག་བོད་ཡིག་གསར་འགྱུར་མེ་ལོང་ཐོག་རྩོམ་ཐུང་དུ་མ་འགོད་སྤེལ་གནང་མྱོང་འདུག་པ་བཅས་རེ་རེ་ནས་བརྗོད་ཀྱིས་མི་ལང་ངོ་།།


                               རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23485475
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།