དགེ་བཤེས་འབན་གུང་རྒྱལ་གྱི་རྣམ་ཐར་བསྡུས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »དགེ་བཤེས་འབན་གུང་རྒྱལ་གྱི་རྣམ་ཐར་བསྡུས་པ།
དགེ་བཤེས་འབན་གུང་རྒྱལ་གྱི་རྣམ་ཐར་བསྡུས་པ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-05ལྟ་ཀློག (3952)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

                                                                དགེ་བཤེས་འབན་གུང་རྒྱལ་གྱི་རྣམ་ཐར་བསྡུས་པ།

                                                              རྩོམ་པ་བོ། ཤེས་རབ་བསྟན་དར།

   དགེ་བཤེས་འབན་གུང་རྒྱལ་ནི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཁྲོད་དུ་གནའ་ནས་ད་ལྟའི་བར་དུ་གྲགས་པ་འབར་བའི་སྐྱེས་བུ་དམ་པ་ཞིག་སྟེ། ཁོ་སྔོན་ཆད་རྐུ་མ་འཁྱམ་པོ་ཞིག་ཡིན་ནའང༌།  རྗེས་སུ་རབ་ཏུ་བྱུང་ནས་དགེ་བཤེས་ཁྱད་པར་ཅན་ཞིག་ཏུ་གྱུར་ཏེ་རབ་ཏུ་བྱུང་བའི་མིང་ལ་ཚུལ་ཁྲིམས་རྒྱལ་བ་ཟེར།  ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་རང་སེམས་གླང་ཆེན་སྨྱོན་པར་འཐབ་རྩོད་འཛིན་མཁན་ཆེས་དཔའ་བ་དེ་ཡིན།  དེ་བས་འདིའི་རྣམ་ཐར་ནི་རང་ཅག་རྣམས་ལ་ཤིན་ཏུ་མཁོ་བས་འདིར་ཆེད་དུ་ཅུང་བཤད་པ་བྱ།  ཁོང་འཕན་ཡུལ་གྱི་ས་ཆར་འཁྲུངསའཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོ་མ་མཐོང༌།  གཞོན་དུས་སྤྲང་བོ་འབའ་ཞིག་མཛད་དེ་ཕྱོགས་གང་སར་འཁྱམས།ཐུགས་ཀྱང་ཤིན་ཏུ་རྒོད་པས་རྐུན་མ་དང་ཇག་པར་བྱས་ཏེ་མི་རྣམས་ཀྱིས་བྱིས་པ་ངུ་བའི་དུས་སུའང་ཁ་རོག་མ་བསྡད་ན་འབན་གུང་རྒྱལ་སླེབས་ངེས་ཞེས་སྐྲག་བསྐུར་བའི་མི་འཇིགས་སུ་རུང་བ་ཞིག་ཏུ་གྱུར།  ཁོང་གི་ཞལ་ནས་ཀྱང༌།  སྔོན་ང་མི་རྐྱང་གཅིག་ལ་སྟོན་ཐོག་ཁལ་བཞི་བཅུ་འོང༌།  གྲོང་པ་རྣམས་ཀྱིས་ངའི་མིང་ལ་བཞི་བཅུ་སྡིགས་སུ་བཏགས།  ཉིན་མོའི་དུས་སུས་ལ་ཁའི་ཇག་པ་བྱས།  མཚན་མོའི་དུས་སུ་གྲོང་གི་རྐུ་མ་བྱས་གསུངས།  རྗེས་སུ་རྒན་མོ་མ་སྨད་གཉིས་ལ་ར་མ་གཅིག་ཡོད་པ་མཐོང་ནས།  ཁོས་ར་མ་གཅིག་པོ་བརྐུས་ནས་བཤས་ཏེ་མགོ་ཕུར་བའི་སྟེང་དུ་བཀལ་ན་མ་སྨད་གཉིས་ཀས་ཅི་ཞིག་བཤད་དམ་སྙམ་ནས་ར་མ་བརྐུས་ནས་བཤས།མགོ་རྟོད་ཕུར་སྟེང་དུ་བཀལ་ནས་མཚན་མོར་སོང་ཏེ་ཕག་ཉན་བྱས།  སྐབས་དེར་མ་སྨད་གཉིས་ངུ་བཞིན་སྒོ་ཕྱུགས་རྐུ་བ་ནི་སེམས་ཅན་ཐམས་ཅད་ལ་འབྱུང་སྲིད་པ་ཞིག་རེད།  འོན་ཀྱང་བཤས་ནས་མགོ་རྟོད་ཕུར་སྟེང་དུ་བཀལ་བ་དེ་མ་སྨད་རྒན་ཚང་ཞིག་ཡིན་པས་བརྙས་བཅོས་བྱེད་པ་རེད་ཟེར་བ་ཐོས་ནས།  རང་གི་སྤྱོད་པ་ལ་ཞེན་པ་ལོག་ནས་རབ་ཏུ་བྱུང༌།  ཁོང་རབ་ཏུ་བྱུང་བའི་སྔ་རོལ་ཏུ།  ཕྱིས་འདི་འདྲ་བ་ནུས་སམ་མི་ནུས་བལྟ་བའི་ཕྱིར།  རྒྱུ་མོའི་གྲོག་པོ་བྱ་བ་ས་གཉན་པོ་ཞིག་ཡོད་པའི་སར་ནུབ་གཅིག་ཉལ་དུ་ཕྱིན་ནས་འདུག་ཐུབ་མིན་ལ་བལྟས།  རབ་ཏུ་བྱུང་བའི་མཚན་ལ་ཚུལ་ཁྲིམས་རྒྱལ་བ་ཞེས་བཏགས།  རབ་ཏུ་བྱུང་ནས་ཐམས་ཅད་སྤངས་ཏེ་བསོད་སྙོམས་མཛད་པས།  འཚོ་བ་མེད་པ་ཡང་ལན་མང་དུ་བྱུང༌།  རང་གིས་རང་ལ་ཁེར་བཤད་དུ་རྔན་བགྲང་འདི་ལྟར་མཛད་དེ།  དེ་རིང་ཙམ་གྱི་ཚེ་ལའང་དབང་བྱར་མེད་པས་གཏན་དུ་སྡོད་རྩིས་མ་བྱེད་བཙུན་པ།  ཕུང་བོ་སྒྱུ་མའི་རང་བཞིན་འདི་ལ་བདག་ཏུ་མ་ཞེན་བཙུན་པ།  གཉིས་སུ་མེད་པའི་རང་བཞིན་འདི་ལ་གཉིས་སུ་མ་འཛིན་བཙུན་པ།  དེ་མ་རྟོགས་ཀྱི་སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེ་སྐྱེད་དང་བཙུན་པ།  སྐྱེ་བ་གཏན་གྱི་སོ་ནམ་ཚེ་ཐུང་འདི་ལ་བྱ་དགོས་ཀྱི་བརྩོན་འགྲུས་སྙིང་སྟོབས་སྐྱེད་དང་བཙུན་པ།  ཞེས་ཀྱང་གསུངས།  ཀོ་དེ་ལུང་བ་ཞེས་པར་མང་དུ་བཞུགས་པས་ཀོ་དེ་ལུང་པར་གྲགས།  ཁོང་ནི་ཇག་པ་ལང་ཤོང་ཞིག་ཡིན་པས་རབ་ཏུ་བྱུང་མ་ཐག་ནང་དུའང་མི་སྡོད་དབང་མེད་དུ་གཞན་ལ་འགྲོ་བས་རང་གི་རྐང་བ་ལ་ཐག་པས་བཏགས་ནས་བཞག   འགྲོ་སྙིང་དོད་ཙ་ན་སྒོ་གཏན་ལ་ཞོན་ནས་རྐང་པ་ཐག་པས་བཅིངས་ཏེ་བཞུགས་པ་མཐོང་ནས་ཨ་རོགས།  ཨ་རོགས།  ཁྱོད་གང་དུ་འགྲོ་བ་ཡིན་ནམ་གསུངས་ནས་རང་གིས་རང་ལ་དྲན་སྐུལ་གནང༌།  མཉམ་མེད་པོ་ཏོ་བ་སོགས་བླ་མར་བསྟེན་ཞིང་ཕ་དམ་པ་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་གསན།  ཕྱིས་དགོན་པ་བ་བསྟེན་ནས་ལམ་རིམ་ཉམས་སུ་བཞེས་པས།  ཆོས་རྣལ་མ་རྒྱུད་ལ་འཁྲུངས།  དགེ་བཤེས་མཉམ་མེད་པོ་ཏོ་བས་ཀྱང༌།  བོད་ཀྱི་རྒྱལ་ཁམས་འཆི་བ་གཤའ་མར་རྒྱུད་ལ་སྐྱེས་པ་འབན་གུང་རྒྱལ་ཡིན་གསུངས།  ཁོང་གིས་རྒྱུན་དུ་རང་གི་སེམས་ལ་ལྟ་རྟོག་བྱས་ཏེ་སེམས་ངན་པ་ཞིག་དྲན་ན་རང་གི་ལག་པ་གཡས་པ་ནས་བཟུང་ནས་མར་མནན་སྟེ་ཨ་འབན་ནག་ཁྱོད་དེ་འདྲ་ཞིག་ཡིན་པས་ད་བར་དུ་ལུས་པ་ཡིན་ཞེས།  རང་གིས་རང་ལ་དམའ་ཕབ་ནས་རྡེའུ་ནག་པོ་ཞིག་བཞག   སེམས་བཟང་བོ་ཞིག་དྲན་ན་རང་གི་ལག་པ་གཡོན་པ་བཏེགས་ཏེ་ཚུལ་ཁྲིམས་རྒྱལ་བ་ཁྱོད་འབན་ནག་མ་རེད།  ད་བཟང་གི་ཞེས་རང་གིས་རང་ལ་གཟེངས་བསྟོད་ནས་རྡེའུ་དཀར་བོ་ཞིག་བཞག   དེ་ལྟར་ཐོག་མར་རྡེའུ་ནག་པོ་མང་མོད།  རིམ་བཞིན་རྡེའུ་དཀར་བོ་ཇེ་མང་དུ་སོང༌།  ཁོང་གི་ཞལ་ནས།བདག་ལ་ཉོན་མོངས་པའི་མཁར་སྒོར་གཉེན་པོའི་མདུང་ཐུང་ཞིག་བཟུང་ནས་སྡོད་པ་ལས་གཞན་བྱ་རྒྱུ་ཅི་ཡང་མེད།  ཁོ་སྒྲིམ་ན་ང་ཡང་སྒྲིམ།  ཁོ་གློད་ན་ང་ཡང་གློད་གསུངས།  ཁོང་གིས་རྒྱུན་དུ་གཞན་ལ་ཁ་ཡ་མི་བྱེད་པར་རང་ཆོས་འབའ་ཞིག་ལ་སྐུལ་བའི་ཁེར་བཤད་མང་དུ་གནང༌།  ནམ་ཞིག་ཁོང་གིས་ཆོས་ནན་ཏུར་བྱེད་ན་ཧུར་བརྩོན་ཆེན་པོ་ཞིག་བྱེད་མི་དགོས་སམ།  མི་ངོར་མ་སོང་བ་ཞིག་བྱེད་མི་དགོས་སམ།མཐའ་རྒྱ་ཆོད་པ་ཞིག་བྱེད་མི་དགོས་སམ།  ང་དགེ་ཚུལ་ཡིན་ན་གཙང་ཕུ་སྒོམ་ཆུང་ཙམ་ཞིག་འོང་གསུངས་ནས་ཉམས་བཞེས་འབའ་ཞིག་གནང༌།  ཉིན་ཞིག་གྲོགས་པོ་གཅིག་ཤི་བས།གཞན་རོ་སྐྱེལ་དུ་སོང་བའི་ཤུལ་དུ་ཁོང་བཞུགས་པ་ལ།འཇིགས་སྣང་ཅུང་ཟད་བྱུང་བས།  སྒྲོན་མེ་བཏེགས་ནས་ཁྱོད་སུ་ལ་འཇིགས་སམ།  འདི་ན་ཅི་ཡོད་ཅེས་རང་གིས་རང་ལ་སྙིང་རུས་བསྐྱེད་སྐད།  ཡང་ཉིན་གཅིག་སྦྱིན་བདག་ཅིག་གི་ཁྱིམ་དུ་གསུང་རབ་ཀློག་སྐབས་སྣང་མེད་དུ་ཁྱིམ་དེའི་ཇའི་ཁུག་མ་ནང་དུ་ལག་པ་བསྲིངས་པས་གློ་བུར་དྲན་ཤེས་བརྟེན་ཏེ།  ཨ་རོགས་ཚང༌།  མྱུར་ཏུ་ཤོག   ངས་རྐུན་མ་བཟུང་ཡོད་ཅེས་བོས།  ཁྱིམ་མི་རྒྱུགས་ཡོང་ནས་ག་རེ་རྐུན་མ་གང་དུ་ཡོད་ཅེས་དྲིས་པར་ཁོང་གིས་ལག་པ་འདིས་ཁྱེད་ཚང་གི་ཇ་རྐུ་བཞིན་འདུག   འདི་ཆོད་ཅིག་ཅེས་གསུངས།  ཁོང་གི་ཞལ་ནས།  སྔོན་ང་མི་རྐྱང་གཅིག་ལ་སྟོན་ཐོག་ཁལ་བཞི་བཅུ་འོང༌།  གྲོང་པ་རྣམས་ཀྱིས་ངའི་མིང་ལ་བཞི་བཅུ་སྡིགས་སུ་བཏགས།  ཉིན་མོའི་དུས་སུ་ལ་ཁའི་མི་རྒོད་བྱས།མཚན་མོའི་དུས་སུ་གྲོང་གི་རྐུ་མ་བྱས་ཀྱང་ལྟོ་མ་ཕྱིད།  ད་མཆིལ་མ་རྡོ་ལ་མི་འདེབས་ཏེ་ལྟོ་ཕྱིད།  མུ་གེ་ཆེན་པོ་བྱུང་ཡང་ཕྱུག་པོ་ཞིག་དང་མཇིང་སྦྲེལ་ནས་བསྡད་ཆོག   ཆོས་བདེན་སེམས་པ་ཉིས་བསྟུད་གསུམ་བསྟུད་དུ་འཆོར་གསུངས།  རྗེས་སུ་འཕྲིན་ལས་རྒྱས་ཏེ་གུང་ཚིགས་འདྲེན་མཁན་མང་དུ་བྱུང་བས་ཁོང་གིས།  འབན་གུང་རྒྱལ།  སྔར་ངའི་ཁས་ཟས་མི་རྙེད་པ་ལ་ད་ཟས་ཀྱིས་ངའི་ཁ་མི་རྙེད་གསུངས།  ཁོང་གིས་མཚམས་ལ་ལར།  ང་ནི་ཚུལ་ཁྲིམས་རྒྱལ་བ་ཡིན་ནོ། །ཁྱོད་ནི་འབན་གུང་རྒྱལ་ཡིན་ནོ། །དགེ་སློང་ཚུལ་ཁྲིམས་རྒྱལ་བ་ལ་འབན་གུང་རྒྱལ་འགྲན་མ་ཆེ་ཞིག་ཅེས་གསུངས་སོ། །ཡང་སྐབས་ཤིག་འཕན་ཡུལ་སྣོད་ཀྱི་དགོན་པ་ཐམས་ཅད་འཛོམས་ནས་རུབ་ཆོས་བྱས་པས་འབན་གྱིས་ཆོས་གོས་གསོལ་ཞིང་ཆུ་བུམ་ཕྱག་ཏུ་ཐོགས་ནས།  ད་ངའི་རུབ་ཆོས་འདི་ལས་བྱེད་ཐབས་ཡོད་དམ་ཟེར་སྐད།  ཕྱིས་སུ་དེ་པོ་ཏོ་བས་གསན་པས།  ཤིན་ཏུ་མཉེས་ནས་ཁོའི་རུབ་ཆོས་དེ་ཡིན།  འབན་གུང་རྒྱལ་གྱི་རུབ་ཆོས་དེ་ཡིན།  འུ་ཅག་ཚོས་ཀྱང་བན་དེ་ཞིག་ལ་སློབ་ན་འབན་གུང་རྒྱལ་ལ་བསླབ་དགོས་གསུངས།  ཁོང་རི་ཁྲོད་དུ་བཞུགས་དུས།  ཉིན་ཞིག་སྦྱིན་བདག་འགའ་ཞིག་མཇལ་དུ་འོང་སྐད་ཐོས་པས།  ཁོང་གིས་ངས་ཀྱང་མཆོད་པ་ཞིག་བཤམས་ནས་མ་བསྡད་ན་སྦྱིན་བདག་ལ་ངོ་ཚ་ཞེས་མཆོད་པ་ཞིག་བཤམས།  དེ་ནས་ཅུང་དགོངས་པས།  ཨ་ཁ་ཁ།  ངས་སྦྱིན་བདག་གི་ངོ་ལེན་པའི་ཆེད་དུ་མཆོད་པ་བཤམས་འདུག   ད་ཁྱོད་ཀྱི་འགོང་བོ་ནག་རིལ་ཁ་ལ་ཐལ་གྱིས་ཆོད་ཅེས་མཆོད་པར་ཐལ་སྤར་བ་གང་གིས་བརྒྱབ་ཏེ་མགོ་གཟན་གྱིས་བཏུམས་ནས་བཞུགས།  ཕྱིས་ཁ་ཆེའི་པཎ་ཆེན་གྱིས་དེ་ཐོས་པས་ཧ་ལས་ཏེ།  འབན་གུང་རྒྱལ་གྱི་ཐལ་བའི་མཆོད་པས་བོད་ཀྱི་མཆོད་པ་ཐམས་ཅད་ཟིལ་གྱིས་མནན་གསུངས།  ཁ་ཆེ་པཎ་ཆེན་བྱོན་པའི་དུས་སུ་བོད་སྟོན་རྣམས་རྟ་རྨིག་ལྕགས་ཀྱིས་བྲབས་ནས་ལྟ་བ་རྩད་གཅོད་དུ་བྱོན་པ་ལ།  ཁོང་གིས་ད་ལྟ་མི་ཚེ་ཐོས་པ་ལ་བསྐྱལ་བ་ཀུན་ཀྱང་ལྟ་བ་རྩད་གཅོད་ལ་འགྲོ་ན།  ང་ཐོས་པ་ཆུང་བ་སང་ཉིན་འདྲེས་འཁྱེར།  གནངས་ཉིན་འདྲེས་འཁྱེར་ཟེར་བ་ཞིག་བསྡད་པས་ག་ན་འོང༌།  ང་ཡང་འགྲོ་བསམ་པ་ཞིག་བྱུང་བ་ལ།  ག་རེ་ཐོས་པ་བྱས་པས་ཉོན་མོངས་པ་ཆུང་བར་འགྱུར།  ཉོན་མོངས་པ་ཆུང་བ་ལ་བདུད་ཀྱིས་གླགས་མི་རྙེད་ཟེར་བས།  ངས་ཐོས་པ་ཙམ་མ་བྱས་ཀྱང་ཉོན་མོངས་པ་ཆུང་དུ་སོང་ནས་འདུག   ཁོང་རྣམས་ཐོས་པ་བྱས་པ་ཀུན་གྱི་ཉོན་མོངས་ཆུང་དུ་མ་སོང་བ་འདི་ཅིས་ལན་སྙམ་པ་ལ།  ཆོས་ཁ་བཤད་དུ་སོང་བས་ལན་སྙམ་པ་ཞིག་བྱུང་གསུངས།  རྗེས་སུ་ཁོང་གིས།  ད་ནི་སྟོན་པ་ཞིག་བྱས་ཀྱང་འོང་ངམ་སེམས།  སྒོམ་ཆེན་ཞིག་བྱས་ཀྱང་འོང་ངམ་སེམས།  གནས་བརྟན་ཞིག་བྱས་ཀྱང་འོང་ངམ་སེམས།  གཙོ་བོ་ཞིག་བྱས་ཀྱང་འོང་ངམ་སེམས་གསུངས།ཁོང་གི་ཞལ་ནས་སྟོང་པ་ཉིད་ཀྱི་ཚིག་ཁོ་ན་འོང་བ་ལ།  པོ་ཏོ་བའི་ཞལ་ནས།  འབན་གུང་རྒྱལ་འདྲ་བ་འདི་ཁ་ལ་སྟོང་པ་ཉིད་ཐོགས་ནས་ཡོད་གསུངས་ཏེ་བཀྱོན་པ་ན།  ཁོང་གིས་དགེ་བཤེས་ཀྱིས་བཀྱོན་པས་འདི་མ་ལེགས་པ་ཡིན་ངེས་སོ་སྙམ་ནས་བཞག་ཀྱང་འཇོག་མ་ཐུབ་པར་སྟོང་པ་ཉིད་དུ་ཆམ་ཅེར་སོང་བས།  དགེ་བཤེས་པོ་ཏོ་བར་ཁོ་བོས་ལས་འབྲས་ཁྱད་དུ་མི་གསོད།  འོན་ཀྱང་སྟོང་པ་བཞག་ཀྱང་འཇོག་ཏུ་མི་ཐུབ་པར་གདའ་ཞེས་ཞུས།  པོ་ཏོ་བས།  འོ་ན་ཁྱོད་རང་སྒོམས་ཤིག   ངས་དེ་ལྟར་བཤད་པ་གཞན་ལ་བཤད་པ་ཡིན་གསུངས།  ཡང་ཁོང་གིས་ཚུལ་ཤེ་ལ།  མི་རྟག་རྟག་ཏུ་རེ་བའི་སེམས་ཅན་སྙིང་རེ་རྗེ། །སྐྱེ་འགྲོ་སྔ་མ་ཤི་བ་མ་མཐོང་ངམ། །ཕྱི་མ་འཆི་བ་མ་ཚོར་རམ། །འཇིག་རྟེན་ལས་ལ་ཟིན་དུས་མེད། །སྐྱེ་ཤི་གཉིས་ལ་ཐར་དུས་མེད། །གཏན་བདེ་བོར་ཀྱང་འགྱོད་དུས་མེད། །ཆོས་ཀྱི་ངོ་བོ་མཐོང་དུས་མེད། །ངལ་བ་དོན་མེད་གཏན་ཁང་བརྩིགས། །བུད་མེད་མང་པོ་སྡུག་བསྔལ་སྣོད། །བྲན་གཡོག་མང་པོ་ཁ་མཆུའི་རྒྱུ། །ནོར་རྫས་མང་པོ་གཡེང་བའི་རྒྱུ། །བུ་མོ་བཟང་སྡུག་ལྡན་པ་ཡང༌། །དྲོ་གང་ཙམ་གྱི་གྲང་བའི་ས། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་སེམས་ལ་ལྟ་བ་ཁོ་ནར་བྱ། །ཞེས་གསུངས་སོ། །དེ་ལྟར་དགེ་བཤེས་འབན་འདི་ནི་དགོན་པ་བ་དང་སྐུ་མཆེད་གསུམ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོས་བསྐྱངས།  འཆི་བ་མི་རྟག་པ་ཐུགས་ལ་འཁྲུངས་པས་འདོད་པར་འདུན་པ་ལ་མདུང་གིས་ཐེབས་ཤིང༌།  སྟོང་པ་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་དྲུངས་ནས་ཕྱུང༌།  བྱང་ཆུབ་ཀྱི་སེམས་ཀྱིས་བདག་གཞན་མཉམ་པར་དགོངས་པའི་དཔའ་བོ་ཆེན་པོ་ཞིག་བྱུང་ངོ༌། །ཞེས་པ་འདི་ནི་བདག་ཆུང་དུས་རང་གི་དྲིན་ཆེན་ཕས་གསུངས་པའི་འབན་གུང་རྒྱལ་གྱི་རྣམ་ཐར་གྱིས་ཡིད་འཕྲོག་ཏེ་ད་ལྟའང་བརྗེད་པ་མེད་ཅིང༌།  དེ་རིང་རང་གཞན་འགའ་ལ་ཅུང་ཟད་ཨེ་ཕན་སྙམ་ནས་བཀའ་གདམས་པའི་གསུང་འབུམ་ལས་བྱུང་བའི་ཁོང་གི་སྐོར་ལ་ཁ་བསྐངས་ཏེ་དགེ་སློང་ཤེས་རབ་བསྟན་དར་གྱིས་མང་རའི་དགོན་ཆེན་དུ་བྲིས་སོ། །


                                                                                                                                                                རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23653505
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།