​ཐ་སྙད་གསར་བ་དང་ཐ་སྙད་ཚད་ལྡན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »​ཐ་སྙད་གསར་བ་དང་ཐ་སྙད་ཚད་ལྡན།
​ཐ་སྙད་གསར་བ་དང་ཐ་སྙད་ཚད་ལྡན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-05ལྟ་ཀློག (3359)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐ་སྙད་གསར་བ་དང་ཐ་སྙད་ཚད་ལྡན།

རྩོམ་པ་པོ།  ཤེས་རབ་བསྟན་དར། 

      ད་ལྟ་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་དུ་མ་ཞིག་སླེབས་འདུག་སྟེ་སྐད་རིགས་གཞན་པ་བསྲེས་པའི་འདྲེ་སྐད་བཤད་པ་དང་གཅིགམི་རིགས་གཞན་པའི་ཐ་སྙད་ཐད་བསྒྱུར་ལ་གཞོལ་བའི་འགྱུར་མ་གྱོང་བས་བསླད་དེ་ར་མ་ལུག་གི་སྐད་ཆ་བཤད་པ་དང་གཉིས།བོད་ཀྱི་ཐ་སྙད་ལེགས་པོ་སྐོར་ཞིག་ཡོད་པ་དག་བསྐྱུར་ནས་ཡུལ་སྐད་ཀྱི་རྗེས་སུ་འབྲངས་ནས་ཚད་ལྡན་མ་ཡིན་པའི་ཐ་སྙད་སྤྱོད་པ་དང་གསུམ།ཐ་སྙད་གཅིག་གྱུར་བྱེད་མ་ཐུབ་པར་རང་རང་ས་ནས་ཐ་སྙད་རེ་སྤྱད་དེ་བོད་སྐད་སིལ་བུར་འགྲོ་བའི་ཉེན་ཁ་སླེབས་པ་དང་བཞི་ཡོད།

ད་ལྟ་ཕ་སྐད་གཙང་མའི་ལས་ལ་འཇུག་པས་སྐད་རིགས་གཞན་བསྲེས་པར་འགོག་པ་ལ་དགེ་མཚན་ཆེན་པོ་བྱུང་ན་ཡང་ལ་ལ་ཞིག་ཚད་ལས་བརྒལ་ནས་བོད་རང་ལ་གོམས་ཤིང་འདྲིས་པའི་ཐ་སྙད་སྐོར་ཞིག་ཀྱང་མི་རིགས་གཞན་ལ་དེ་འདྲའི་རིགས་མཐུན་འགའ་རེ་ཡོད་པ་ལ་བརྟེན་ནས་ཡོད་ཚད་ལ་བྱི་དོར་བྱེད་པའི་ངན་རྐྱེན་ཆེན་པོ་ཞིག་བྱུང་ཡོད་པ་ནི་ཉེན་ཁ་ཞིག་རེད།མང་བོ་ཞིག་སྐད་རིགས་གཞན་ཡིན་ནའང་ད་ལྟ་རང་ཅག་གི་སྐད་དུ་གྱུར་ཡོད་པ་ནི་ཨ་རག་དང་ཁན་ཅ།འཛམ་གླིང༌།བསྐལ་བ།མུ་ཏིགཏ་ལེན།པད་མ།ཏིང་ལོ།ཁྲང་ཞི།ཅོག་ཙེ།ལིང་སོགས་གང་མང་ཞིག་ཡོད་པ་དེ་དག་སྐད་རིགས་གཞན་ལས་བྱུང་ན་ཡང་ད་ལྟ་བོད་སྐད་དུ་གྱུར་པ་མ་ཟད་སྔོན་གྱི་ཚིག་མཛོད་དག་ཏུ་ཡང་བོད་སྐད་ཡིན་ཤག་གི་བཞག་ཡོད་པས་ཕ་སྐད་གཙང་མ་ལ་ཁ་གཡར་ནས་དོར་ན་མི་ལེགས་ཏེ་སྒྲ་སྦྱོར་བམ་གཉིས་ལས་སྔོན་ཆད་གྲགས་པ་དབང་བཙན་པས་སྐད་སོར་འཇོག་དགོས་པ་ཞེས་གསུངས་པས་སོ།།ལྡེ་དང་འོབས།མཐོ།མེའུ་ལུའུ།འགེལ།གྱང༌།གནས།མིགསྐེ།གནས།སྤྲིན།གནམ།སྒང༌།རོང༌།གྲོང༌།ཡུན།ཁྱོན།སེམས་སོགས་སྐོར་ཞིག་ནི་རྒྱ་བོད་གཉིས་ཀའི་སྐད་ལ་ཡོད་པ་གཞན་གྱི་སྐད་ཀྱི་གྲས་སུ་རྒྱག་དགོས་དོན་ཅི་ཡང་མེད་དོ།།ལ་ལས་གཞན་གྱི་ཐ་སྙད་དང་ཕྱོགས་འདྲ་བ་རེ་མཐོང་ཙམ་ཉིད་ནས་དོར་བར་བྱེད་པ་ནི་སྒྲ་རིག་པའི་ཆོས་ཉིད་དང་རིག་གནས་དར་བའི་ལོ་རྒྱུས་ལ་འདང་རྒྱག་མ་ཤེས་པ་ཙམ་དུ་ཟད།དེ་བས་ཕ་སྐད་གཙང་མ་བཤད་དུས་ད་ལྟའི་ཐ་སྙད་གསར་བ་དག་སྐད་རིགས་གཞན་སྤྱོད་པ་འགོག་དགོས་པ་ལས་ཡོད་ཚད་དོར་ན་ཕ་སྐད་ལ་སྲུང་སྐྱོབ་བྱེད་པ་མ་ཡིན་པར་གཏོར་བརླག་བྱས་པ་ཞིག་ཡིན།

  གཉིས་པ་མི་རིགས་གཞན་པའི་ཐ་སྙད་ཐད་བསྒྱུར་ལ་གཞོལ་བའི་འགྱུར་མ་གྱོང་བས་བསླད་དེ་ར་མ་ལུག་གི་སྐད་ཆ་བཤད་པ་ནི་མཐར་ཐུག་གི་རེ་བ་ལ་ལོག་ཕེབས་སམ་ལོག་མལ།འབྲས་བུ་ལ་མཇུག་འབྲས།སྒྲུང་བཤད་པ་ལ་སྒྲུང་གྱེར་འཆད།གཏམ་རྒྱུད་བཤད་པ་ལ་གཏམ་རྒྱུད་སྒྲོག་བཤད།བསམ་བློའི་གོ་བགོས་པ་ལ་ཀླད་པར་དྲག་ཆས་སྤྲས།ཡོ་ལང་ངམ་ཞོགས་ལངས་པ་ལ་ཚ་རླབས་རྒྱས།སློབ་ཁྲིད་ལ་འཆད་ཁྲིད།གཏམ་བཤད་ལ་ཚོགས་བཤད།ཡང་ན་འཁྲབ་བཤད།གོང་བཅད་ལ་བཅད་གོང༌།སྤང་ཐང་ལ་རྩྭ་ཐང༌།ས་གཞིར་ཞེས་པར་ས་གཞིའི་སྟེང་དུ།ཁ་པར་གྱི་དབྱངས་སྙན་ལ་ཚོན་སྒྲ།སེམས་ལྷོད་ལ་བབས་པའམ་བདེ་ལ་བབས་པ་ལ་སེམས་ཁམས་སྙོམས་སྒྲིགསེམས་ཁུར་རམ་སེམས་ཚེགས་ལ་སེམས་ཀྱི་མནོན་ཤུགས།ནུས་པ་ལ་སྒུལ་ཤུགས།ད་དུང་མང་ཚོགས་ཀྱི་རང་བཞིན།རྒྱལ་ཡོངས་ཀྱི་རང་བཞིན་སོགས་དང༌།སྲུང་བ་ལ་སྲུང་སྐྱོབ།སྡོང་བོ་བཙུགས་པ་ལ་སྡོང་བོ་འདེབས་འཛུགས།དམིགས་ཡུལ་ལ་དམིགས་འབེན།ད་ལྟ་ལ་མིག་སྔར།འབད་པ་ལ་ཤུགས་སྣོན་སོགས་ནི་བོད་ཀྱི་ཐ་སྙད་ཀྱི་གཟུགས་སུ་གྲུབ་ཡོད་མོད།རྒྱ་ཡིག་ཐད་བསྒྱུར་ལ་གཞོལ་ཆེ་བས་རྒྱའི་སྐད་ཀྱི་ཁྱད་ཆོས་ལྡན་པ་ལས་བོད་ཀྱི་སྐད་ཀྱི་ཁྱད་ཆོས་མེད་པས་འདི་དག་གིས་བོད་ཀྱི་སྐད་ལ་དབང་ཟ་བ་ནི་ད་ལྟ་ཡོངས་སུ་ཁྱབ་ཡོད་པས་ང་ཚོས་ངེས་པར་འཛེམ་དགོས་པ་ཞིག་རེད།

གནད་དོན་དེ་ཐག་གཅོད་བྱེད་ཀྱི་ཚད་གཞི་ཉག་གཅིག་ནི་བོད་རང་ལ་ཁྲིམས་ཡོད་དུས་གཏན་ལ་ཕབ་པའི་བཀས་བཅད་ཀྱི་ཡིག་ཆ་སྒྲ་སྦྱོར་བམ་གཉིས་ལ་བསྟུན་པ་དེ་ཡིན་མོད།ད་ལྟ་མིང་གསར་དུ་འདོགས་བཞིན་པ་དག་གིས་བོད་བཙན་པོའི་བཀས་བཅད་ཀྱི་ཡིག་ཆ་གཡས་སུ་བསྐྱུར་ནས་རང་གི་ཞེ་འདོད་ཀྱི་རྗེས་སུ་རྒྱུགས་བཞིན་པ་ནི་ཆེས་མི་ལེགས་པ་ཞིག་རེད།དེ་དགོངས་པ་གཞིར་བཟུང་ནས་བཤད་ན་དངོས་པོ་གསར་བ་ཞིག་ལ་མིང་འདོགས་དུས་འཚོལ་འདོགས་སོར་བཞག་གསུམ་ངེས་པ་བརྒྱུད་དགོས་སྙམ།

དང་བོ་ཐ་སྙད་འདོགས་དུས་རོང་ཕྱོགས་ཀྱི་ཐ་སྙད་དག་རོང་བར་སྔར་ནས་ཡོད་པའི་ཐ་སྙད་ཚད་ལྡན་ཡོད་པ་དཔེར་ན་གོ་རེ་ལག་འཁྱིལ་མ་དང་མེ་ཏོག་མ་མི་གཅིག་ཡང་ད་ལྟའི་ཐ་སྙད་རྣམས་སུ་གཅིག་ཏུ་བསྲེས་ནས་ཀོ་རེ་མེ་ཏོག་ཅེས་བཏགས་པ་ལྟ་བུའི་སྐྱོན་ཆེན་པོ་འབྱུང་བཞིན་ཡོད་ཅིང༌།གལ་ཏེ་花卷ཞེས་པ་གོ་རེ་མེ་ཏོག་མར་བསྒྱུར་ན花饼ཞེས་པ་ཇི་ལྟར་བསྒྱུར།བོད་ཀྱི་དབང་དུ་བྱས་ན་རྒྱའི花饼ཞེས་པ་དང་བོད་ཀྱི་གོ་རེ་མེ་ཏོག་མ་གཉིས་མི་གཅིག་པས་མེ་ཏོག་གོ་རེ་ཞེས་བསྒྱུར་ན་དངོས་པོ་དེ་དག་ལ་ཁྱད་འབྱེད་ཐུབ་བོ།།དེ་བཞིན་ཨ་མདོའི་ཚོམ་མ་ཟེར་བ་ལ་ཚོད་མ་ཞེས་ཡིག་ནོར་བྲིས་པས་ཚོད་མ་ཞེས་པ་འདིས་ཚོད་མ་ཁོ་ན་སྟོན་མ་ཐུབ་པས་ཚལ་དུ་བསྒྱུར་ན་ཡང་ཚོད་མ་ནི་སྔོ་ཚོད་དང་ཚལ་ནི་དེ་དག་གི་ར་བར་གོ་ན་སྒྲ་རིག་པའི་ཆོས་ཉིད་དང་མཐུན་ནོ།།

ད་ལྟ་འདི་ནི་དཀའ་ཉོག་ཅིག་ཏུ་གྱུར་ཡོད་ལ།དཀའ་ཉོག་འདི་མཐོང་རྗེས་ས་པན་གྱིས་དགོས་པ་མེད་པར་མིང་གསར་དུ་གདགས་པར་མི་བྱའོ།།ཞེས་པ་དེ་དྲན་འོང༌།དེ་བས་ང་ཚོ་དངོས་པོ་གསར་བར་མིང་འདོགས་དུས་སྔོན་གྱི་ཐ་སྙད་ལས་དེ་འདྲ་ཡོད་མེད་ལ་འཚོལ་བ་ནི་ཉོག་དྲ་དེ་རིགས་ཐག་གཅོད་པའི་ཐབས་ཉག་ཅིག་ཡིན་ཏེ་དཔེར་ན་སྔོན་ཆད་གསང་ཆེན་མྱུར་ལམ་ཞེས་པ་གསང་སྔགས་ཀྱི་བརྡ་ཞིག་ཡིན་རུང་དེའི་མྱུར་ལམ་ཞེས་པ་དེ་མྱུར་མོར་བགྲོད་ཐུབ་པའི་ལམ་ཡིན་པས་དེང་གི高速公路ལ་ལམ་ལ་སྤྱད་ན་ཆེས་འོས་པ་དང་ལྡད་དྲིལ་ཞེས་པ་ཕྱུགས་ཀྱི་ལྡད་ཀྱི་མིང་ཡིན་རུང༌།དེང་གི་ཀ་ར泡泡糖ལ་ལྡད་དྲིལ་ཞེས་བཏགས་ན་ཆེས་འོས་པ་བཞིན་ཕྱུགས་རྫི་རྣམས་ཀྱིས་སྔོན་ནས་སྤྱད་བཞིན་པ་བཞིན་ནོ།།零食ཁྱེའུ་ཟས་ཞེས་སྔོན་གྱི་འདུལ་བའི་བསྟན་བཅོས་སོགས་སུ་འབྱུང་བས་ན་སིལ་ཟས་དང་ཞོར་ཟས་སུ་མིང་གསར་བ་འདོགས་མི་དགོས།

གལ་ཏེ་དེ་དང་འདྲ་བའི་ཐ་སྙད་ཅིག་བཙལ་ནས་མ་རྙེད་ན་དེ་དང་འདྲ་འབྲེལ་གང་རུང་གི་མིང་འདོགས་དགོས་ལ་མིང་འདོགས་དུས་འདྲ་འབྲེལ་གང་རུང་གིས་འདོགས་དགོས་ལ།དེ་མི་ནུས་ན་ད་གཟོད་བསྒྱུར་དགོས།དཔེར་ན蓝牙ཞེས་པ་ནི་སོ་སྔོན་དུ་བསྒྱུར་ན་བལྟས་ཚོད་ཀྱིས་མི་ལེགས་པ་ལྟར་སྣང་ཡང་ཐ་སྙད་དེའི་འབྱུང་ཁུངས་རྒྱལ་བོ་སོ་སྔོན་གྱི་གཏམ་རྒྱུད་དེ་ཤེས་ན་མིང་དེ་འབྱོར་འགྲོ་ལ།ཐ་སྙད་དེ་རིགས་ནི་ལོ་རྒྱུས་མཚོན་པར་བྱེད་པའི་ཐ་སྙད་ཡིན་པས་ངེས་པར་དེ་ལྟར་བསྒྱུར་དགོས།

གལ་ཏེ་བསྒྱུར་ན་ཡང་གོ་བརྡ་སྤྲོད་མི་ཐུབ་པ་ཞིག་ཡིན་ཚེ་ད་གཟོད་སྒྲ་སོར་བཞག་བྱ་དགོས།གང་ཞིག་སྒྲ་སོར་བཞག་བྱ་དགོས་མིན་ནི་སྔོན་གྱི་སྒྲ་སྦྱོར་བམ་གཉིས་ལས་སྒྲ་སྦྱོར་བམ་གཉིས་ལས།1གཟུངས་སྔགས་དང2དོན་མང་བོར་འཇུག་པ།3ཡུལ་དང་སེམས་ཅན།མེ་ཏོག་དང་རྩི་ཤིང་གི་རིགས་བསྒྱུར་ན་མི་བདེ་བ་དག4བྲམ་ཟེ་སོགས་སྔོན་ཆད་གྲགས་པ་བཙན་པར་བྱས་ཏེ་གཏན་ལ་ཕབ་པ་གཞིར་བཟུང་ན་ཤིན་ཏུ་ལེགས་སོ།།

གསུམ་པ་བོད་ཀྱི་ཐ་སྙད་ལེགས་པོ་སྐོར་ཞིག་ཡོད་པ་དག་བསྐྱུར་ནས་ཡུལ་སྐད་ཀྱི་རྗེས་སུ་འབྲངས་ནས་ཚད་ལྡན་མ་ཡིན་པའི་ཐ་སྙད་སྤྱོད་པ་ནི་དཔེར་ན(1)དབུས་གཙང་བས་ཡིན་ནམ་ལ་ཡིན་པས།རེད་དམ་ལ་རེད་པས།ཡོད་ལ་ཡོག་རེད།ཡིན་ཕྱིར་ལ་ཡིན་ཙང༌།ཆུ་བོ་ལ་ཆུ་མོ།རྐུ་མས་བརྐུས་ལ་རྐུ་མ་བརྐུས།ཆུ་འཁྱག་འཐུང་མི་རུང་ལ་ཆུ་འཁྱག་འཐུང་རྒྱུ་མེད།གཡུ་སྒྲོན་གྱིས་དངུལ་རྙེད་པ་ལ་གཡུ་སྒྲོན་ལ་དངུལ་རྙེད།སྐུ་མཁྱེན་ལ་ཀུ་ཅི།སྒོར་མོ་ལ་པད་ཤགསློབ་མ་ལ་སློབ་ཕྲུག་འོ་ན་ལོ་བཞི་བཅུ་ལོན་པའི་འབུམ་རམས་པ་ཡང་སློབ་ཕྲུག་ཡིན་ནམ།(2)ཁམས་པས་སྤང་ལ་སྤང་ག་ལྟ་བུ་ཇེ་མང་ལ་འགྲོ་བཞིན་འདུགདཔེ་ཆ་ལ་ཡི་གེ书屋ཡིག་ཁང་དང༌།书桌ཡིག་ཅོག་ཅེས་བཏགས་པ་ལྟ་བུ་སྟེ།ཡི་གེ་དང༌།དཔེ་ཆ་གཉིས་བསྲེས་ནས་དཔེ་ཆ་ལ་ཡི་གེ་ཞེས་འབོད་པས་དོན་ནོར་བ་དང༌།(3)ཨ་མདོ་བའི་ཕལ་སྐད་བསྲེས་པ།ཀུན་ལ་ཀུན་པོ་དང་གློ་བུར་ལ་གློ་རྡེག་ལྟ་བུ་དང༌།ཕངས་པ་ཞིག་ལ་ན་གཞོན་སྙན་ངག་འབྲི་མཁན་དག་ལ་གསོར་མོ་རེད།རྫབ་བཞག་ཟིག་ལྟ་བུའི་འབྲི་བ་ཇེ་མང་ལ་འགྲོ་བཞིན་ཡོད་ལ།གལ་ཏེ་ཨ་མདོ་བས་ཀྱང་དེ་ལྟར་བྲིས་ན།ལྷག་པར་དུ་ཉོག་དྲ་འབྱུང་ངེས་ཏེ།ཨ་མདོ་བས་ནང་ལ་འགྲོ་ལ་ནང་ང་འགྲོ།སོང་བ་ཡིན་ནམ་ལ་སོང་ནེ།ཡིན་ན་ཡང་ལ་ཡིན་ན་ར།མིན་ནམ་ལ་མིན་ནེ།མང་བོ་ཡོད་ཀྱང་དེ་ལྟར་བྲིས་པ་ཉུང་མོད།དེ་ལྟར་བྲིས་ན་ཨ་མདོ་ཡི་གེ་དང་དབུས་གཙང་གི་ཡི་གེ་ཞེས་འབྱུང་ཉེན་ཆེ།ལ་ལས་ད་ལྟ་ལྷ་སའི་སྐད་དང་མཐུན་པའི་བརྡ་སྤྲོད་ཅིག་བཟོ་དགོས་ཞེས་སྐད་འབོད་ཀྱིན་འདུག་པ་ནི་བླུན་པོའི་རྟགས་ཤིག་ལས་མ་འདས།   ང་ཚོས་སྤྱི་སྐད་ལ་བསམ་དུས་ངེས་པར་ཕལ་སྐད་ལ་དོ་སྣང་བྱ་དགོས་ཤིང༌།ཕལ་སྐད་ལས་བྱུང་བའི་ཐ་སྙད་ཚད་ལྡན་དག་གིས་སྤྱི་སྐད་ལ་ཁ་སྐོང་བྱ་དགོས་མོད།འོན་ཀྱང་ཁ་སྐད་ཀྱིས་སྤྱི་སྐད་ཀྱི་ཚད་བྱས་ན་གོ་ལོག་ཅིག་རྫོབ་སྐྱེལ་བ་ལས་མེད་དོ།།

     དེ་ལས་གཞན་ཞིག་ནི་ཐ་སྙད་གཅིག་གྱུར་བྱེད་མ་ཐུབ་པར་རང་རང་ས་ནས་ཐ་སྙད་རེ་སྤྱད་དེ་བོད་སྐད་སིལ་བུར་འགྲོ་བའི་ཉེན་ཁ་སླེབས་པ་ནི་ད་ལྟ་ས་ཆ་རེ་རེ་ན་ཕ་སྐད་གཙང་མའི་བྱེད་སྒོ་སྤེལ་བ་ནི་དགའ་འོས་པ་ཞིག་ཡིན་མོད།དངོས་པོ་གསར་བ་དག་ལ་རང་རང་སར་ཐ་སྙད་རེ་བཏགས་ཏེ་ཁྱོད་ཀྱིས་བཤད་པ་ངས་མི་གོ་ལ་ངས་བཤད་པ་ཁྱོད་ཀྱིས་མི་གོ་བའི་ཚུལ་ཡང་འབྱུང་བཞིན་ཡོད།དེ་ནི་ཁྲིམས་ཀྱིས་གཅིག་གྱུར་འབྱུང་མ་ཐུབ་པ་ལ་ཐུག་ཡོད།དེ་བས་དམངས་ཁྲོད་དུ་ཕ་སྐད་གཙང་མའི་ལས་འགུལ་དང་མཉམ་དུ་མཁས་པ་དག་གི་བརྡ་ཆད་གཅིག་གྱུར་དང་ཚད་ལྡན་ཅན་ལ་བསྙེག་པའི་བཀས་བཅད་ཀྱི་ལས་ཀ་བྱེད་པ་ནི་ཤིན་ཏུ་གལ་ཆེ།

དངོས་པོ་གསར་བ་ལ་ཐ་སྙད་འདོགས་དུས་ངེས་པར་བརྡ་ཆད་རིག་པར་སྦྱངས་ན་ལེགས་ཤིང་དེ་དངོས་པོ་དེ་ཐུན་མོང་མ་ཡིན་པ་མཚོན་ནུས་པ་ཞིག་དགོས་ཏེ་དཔེར་ན་བསོད་ནམས་དཔལ་འཛོམས་ཞེས་པས་བུ་མོ་ཞིག་གི་དོན་སྤྱི་ཡིད་ལ་ཤར་བ་ལས་དངོས་པོ་དེ་མཚོན་མི་ཐུབ་ཅིང༌།ཆུ་ཀུབ་ཅེས་སྒྲ་དོན་གཉིས་ཀ་ཡོད་པའི་མིང་དུ་བསྒྱུར་མོད།ཀུབ་ནི་ཀུ་བའི་ཚིག་སྡུད་ཡིན་པས་རྒྱའི་ཀྭ་ཞེས་པ་དང་གཏན་ནས་མི་འདྲ་བས་ཐ་སྙད་དེ་རིགས་བོད་སྐད་ངོ་མ་ཞིག་ཡིན་རུང་ཚད་ལྡན་གྱི་གྲས་སུ་མི་འགྲོ་ལ།མིང་དེ་བོད་སྐད་ཡིན་པ་ཙམ་གྱི་མི་ཆོག་པར་བོད་སྐད་ཚད་ལྡན་ཞིག་ཏུ་འགྱུར་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་གོ།དེ་ལྟར་བརྡ་ཆད་ཚད་ལྡན་ཅན་གྱི་གཞུང་ལུགས་ཀྱི་དགོངས་དོན་བཞིན་མིང་འདོགས་པ་གལ་ཆེ་བར་བསམ་མོ།།

     དེ་བས་བོད་རང་གི་རྒྱུན་ཏུ་སྤྱོད་བཞིན་པའི་ཐ་སྙད་མང་བོ་ཞིག་ད་དུང་ཚིག་མཛོད་དུ་བསྡུས་མེད་ལ།དེ་ལས་མང་བོ་ཞིག་ཉམས་དམས་སུ་འགྲོ་བཞིན་ཡོད་པས་ཤེས་རིག་ནོར་བུའི་གླིང་གི་ད་ལོའི་མཐར་ཕྱིན་སློབ་མ་དག་གིས་དམངས་ཁྲོད་ཀྱི་ཐ་སྙད་མང་བོ་ཕྱོགས་བསྒྲིགས་བྱས་ཏེ་པར་དང་བཅས་ངོ་སྤྲོད་བྱས་པའི་དཔེ་ཆ་ཞིག་པར་དུ་བསྐྲུན་པ་འདི་ནི་བོད་ཀྱི་སྤྱི་སྐད་འཐུས་ཚང་བར་བྱེད་པ་དང་ལྷག་པར་གསར་དུ་བྱུང་བའི་དངོས་པོ་ལ་མིང་འདོགས་པར་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད།བོད་ཀྱི་མིང་མཛོད་དག་ཚད་ལྡན་དང་འཐུས་ཚང་བར་འགྲོ་བའི་གཞི་འདིང་བ་ཞིག་ཀྱང་ཡིན་པས་ཤིན་ཏུ་ལེགས་པའི་བྱ་བ་ཞིག་རེད།

2012ལོའི་སྤྱི་ཟླ5ཚེས15ལ་མང་རར་བྲིས།

ཤེས་རབ་བསྟན་དར་གྱི《གངས་སེང་འཚོལ་བ》ལས་བཤུས།





རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmfs བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498212
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།