ངའི་མི་ཚེའི་ཁྲོད་ཀྱི་གཏམ་རྒྱུད་གསུམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ངའི་མི་ཚེའི་ཁྲོད་ཀྱི་གཏམ་རྒྱུད་གསུམ།
ངའི་མི་ཚེའི་ཁྲོད་ཀྱི་གཏམ་རྒྱུད་གསུམ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-05ལྟ་ཀློག (3699)རྩོམ་ཁུངས: ན་གཞོན་གསར་བ།པར་འདེབ།

                                                  གཏམ་བཤད་མཁན།Jobs(ཇོ་པུ་སུ།)
                                                   སྒྱུར་མཁན། ཁྲོ་ཁོ་རབ་བརྟན།

  སི་ཐེ་བེན•པོ་པོ•ཇོ་པུ་སུSteve Paul Jobs(1955/2/24-2011/10/5)ནི་ཀུ་ཤུ་ཀུང་སུའི་ཐོག་མའི་གསར་གཏོད་པ་དང་ཆེའི་མཐོའི་འགན་འཛིན་པ།ITའཆར་འགོད་པ་སོགས་ཡིན། སྤྱི་ལོ2005ལོའི་ཟླ6པར་སི་ཐན་ཧྥུ་སློབ་ཆེན་ནས་གཏམ་བཤད་འདི་སྤེལ།གཏམ་བཤད་འདིས་ཏན་ཏན་སི་ཐན་ཧྥུ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཙམ་མ་ཡིན་པར།ས་སྒང་འདིའི་གྲུ་ག་སོ་སོའི་མི་རེ་རེར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།)

དེ་རིང་།ཁོ་བོ་ནི་ཁྱེད་ཅག་དང་མཉམ་དུ་འཛམ་གླིང་སྟེང་ཆེས་ལེགས་ཤོས་ཀྱི་སློབ་ཆེན་འདིའི་མཐར་ཕྱིན་མཛད་སྒོར་ཞུགས་པའི་གོ་སྐབས་བྱུང་བར་དགའ་འགུ་ཡི་རངས་བྱེད་ཀྱིན་ཡོད།དྲང་མོར་བཤད་ན།རང་ཉིད་སློབ་ཆེན་མཐར་ཕྱིན་མ་མྱོང་བས་འདི་ནི་སློབ་ཆེན་མཐར་ཕྱིན་མཛད་སྒོ་དང་ཆེས་ཉེ་བར་གཅར་ཐེངས་ཤིག་ཡིན།དེ་རིང་།ཁོ་བོས་རང་ཉིད་ཀྱི་འཚོ་བ་ལས་བྱུང་བའི་གཏམ་རྒྱུད་གསུམ་བཤད་འདོད་ཡོད།འདི་ནི་འདི་ཙམ་སྟེ།གནས་ལུགས་ཆེན་པོ་མིན་པར་སྤྱིར་བཏང་གི་གཏམ་རྒྱུད་གསུམ་ཡིན།
                                                གཏམ་རྒྱུད་དང་པོ་ནི་མི་ཚེའི་གནད་དང་འབྲེལ་བའི་སྐོར་ཡིན།

རེ་ཏི་སློབ་ཆེན༼ReedCollege༽ལ་ཞུགས་ནས་ཟླ་ངོ་དྲུག་གི་རྗེས་སུ་ཁོ་བོ་སློབ་གྲྭ་ནས་ཕྱིར་བུད་པ་ཡིན།འོན་ཀྱང་གཞན་པའི་ཟླ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཟུར་ཉན་སློབ་མ་ཞིག་གི་ཚུལ་གྱིས་བསྡད་པ་དང་རྗེས་ནས་དངོས་སུ་ཁ་བྲལ་དགོས་བྱུང་།ང་རང་ཅིའི་ཕྱིར་སློབ་གྲྭ་དང་ཁ་བྲལ་དགོས་པ་ཡིན་ནམ། དེ་ནི་ང་རང་སྐྱེས་པ་ནས་འགོ་བརྩམས་པ་ཡིན།ངའི་སྐྱེ་ཡུམ་ནི་གཉེན་མ་བསྒྲིགས་པའི་ཞིབ་འཇུག་སློབ་མ་གཞོན་ནུ་མ་ཞིག་ཡིན།ཁོ་མོས་ང་རང་མི་གཞན་ལ་བྱིན་ནས་གཉོར་དུ་འཇུག་རྒྱུ་སེམས་ཐག་བཅད་ཡོད།ད་དུང་ཁོ་མོས་ང་རང་གཉོར་མཁན་དེ་ནི་སློབ་ཆེན་གྱི་ཡོན་ཚད་ལོན་པའི་མི་ཞིག་ཡིན་པར་རེ་བ་ཆེན་པོ་བྱས།དེ་བས་ཁོ་མོས་ང་རང་སྐྱེས་མ་ཐག་ནས་ཁྲིམས་རྩོད་པ་ཞིག་དང་ཁོའི་ཆུང་མ་གཉིས་ལ་གཉོར་དུ་འཇུག་རྒྱུར་ཡོད་ཚད་གྲ་སྒྲིག་བྱས་ཟིན།ཡིན་ཡང་།ང་རང་སྐྱེས་མ་ཐག་ཁོ་ཚོས་བུ་མོ་ཞིག་གཉོར་རྒྱུ་དངོས་སུ་ཐག་གིས་བཅད་འདུག་ཅིང་།ངའི“ཕ་མ”གཉིས་ཀྱིས་ཐོ་འགོད་ཀྱང་བྱས་ཟིན།མཚན་གུང་གི་དུས་སུ་ཁ་པར་བཏང་ནས་འདྲི་རྒྱུར༼ང་ཚོར་རེ་ལྟོས་ཤོར་བའི་བྱིས་པ་ཞི་ལི་ཞིག་ཡོད།ཁྱོད་ཚོར་ཁོ་རང་མཁོ་འམ།༽ཁོ་ཚོས༼ལོས་མཁོ༽ཞེས་ལན་བཏབས།ངའི་སྐྱེ་ཡུམ་གྱིས་རྗེས་སུ་གསལ་རྟོགས་བྱུང་རྒྱུར་ངའི་“ཨ་མ”ནི་སློབ་ཆེན་མཐར་ཕྱིན་མ་མྱོང་བ་མ་ཟད་ངའི་“ཨ་ཕ”ནི་སློབ་འབྲིང་ཡང་མཐར་ཕྱིན་མེད་འདུག དེ་བས་ཁོ་མོས་མཇུག་མཐའི་གཉོར་སྐྱོང་དཔང་ཡིག་སྟེང་མིང་ཐོ་འགོད་རྒྱུ་དང་ལེན་མ་བྱས།ངའི་“ཕ་མ”གཉིས་ཀྱིས་ང་རང་རྗེས་སུ་སློབ་ཆེན་ལ་སྐྱེལ་རྒྱུ་ཁས་ལེན་བྱས་ཡོད་སྟབས་ཟླ་འགའ་མ་འགོར་བར་ངའི་སྐྱེ་ཡུམ་གྱི་སེམས་གཉོམ་པོར་གྱུར།འདི་ནི་ངའི་མི་ཚེའི་མགོ་རྩོམ་ས་དེ་ཡིན།ལོ་ངོ་བཅུ་བདུན་གྱི་རྗེས་སུ་ང་རང་སློབ་ཆེན་ལ་ཞུགས་པ་ཡིན།ངས་བསམ་པ་རྣམ་དག་གིས་སི་ཐན་ཧྥུ་སློབ་ཆེན་༼Stanford༽དང་འདྲ་བར་སློབ་ཡོན་མཐོ་བའི་སློབ་ཆེན་ཞིག་བདམས་ཡོད།ད་དུང་ང་རང་གཉོར་མཁན་ཕ་མ་གཉིས་ཀྱི་གསོག་དངུལ་ཡོད་ཚད་ནི་ངའི་སློབ་ཡོན་གྱི་ཆེད་དུ་བཀོལ།ཟླ་ངོ་དྲུག་གི་རྗེས་སུ།ངས་སློབ་ཆེན་འགྲིམ་ན་དོན་སྙིང་ག་རེ་ཡོད་པ་མཐོང་མ་སོང་།ང་ལ་རང་གི་མི་ཚེའི་ཁྲོད་ནས་གང་ཞིག་བསྒྲུབ་དགོས་པའི་འཆར་གཞི་མེད་ལ།སློབ་ཆེན་གྱིས་ཅི་ལྟར་ང་ལ་རོགས་རམ་བྱས་ནས་དེ་མངོན་འགྱུར་བྱ་ཚུལ་ཡང་མི་ཤེས།ད་དུང་གནས་འདི་ནས་ཁོ་བོས་རང་གི“ཕ་མ”གཉིས་ཀྱིས་མི་ཚེ་གང་བོར་བསགས་ནས་ཐོན་པའི་དངུལ་ལོར་ཡོད་ཚད་ཀྱང་བརླག་ཚར་ངེས།དེ་བས་ང་རང་སློབ་གྲྭ་ནས་ཕྱིར་འབུད་རྒྱུ་སེམས་ཐག་བཅད།གཞན་འདི་ལྟར་བསྒྲུབས་པ་ནི་རྗེས་ཀྱི་བྱ་བ་ཡོད་ཚད་ལ་ཕན་ཐོགས་ཡོད་པར་ཡིད་ཆེས་བྱས།སྐབས་དེར་ངས་འདི་ལྟར་ཐག་གཅོད་བྱས་པས་རང་སེམས་ལ་དངངས་སྐྲག་སྐྱེས་མྱོང་།ཡིན་ཡང་།ད་སྐབས་ཕྱིར་འདང་ཞིག་རྒྱབ་ན།འདི་ནི་ངས་ཐག་གཅོད་བྱས་ཚད་ལས་ཆེས་ལེགས་ཤོས་དེ་ཡིན་འདུག སློབ་གྲྭ་ནས་ཕྱིར་བུད་པའི་དུས་དེ་ནས་བཟུང་།ཁོ་བོས་སྤྲོ་བ་སྤུ་ཙམ་ཡང་མེད་ པའི་སློབ་ཁྲིད་དེ་དག་འདེམ་དགོས་དོན་མེད་སྟབས། རང་ཉིད་ལ་སྤྲོ་བ་ཡོད་སའི་སློབ་ཁྲིད་རེ་འགར་ཟུར་ཉན་བྱས་འགོ་བརྩམས་པ་ཡིན།དུས་དེ་ནི་རྩེ་དགས་ཁེངས་པ་ཞིག་གཏན་ནས་མ་ཡིན་ཏེ། ཁོ་བོར་ཉལ་ཁང་མེད་སྟབས་གྲོགས་པོ་ཚོའི་ཁང་བའི་མཐིལ་ཤིང་སྟེང་ནས་ཉལ་བ་ཡིན། ངས་ཁུ་ཁོལ་དམ་བེ་དག་ལ་བརྗེས་ནས་ཐོན་པའི་གསོག་དངུལ་བརྒྱ་ཟུར་ལྔ་བོས་ཟ་མ་ཉོས་ཤིང་།གཟའ་འཁོར་རེ་རེར་གཟའ་ཉི་མའི་དགོང་མོར་ང་རང་ལེ་བར་བདུན་ལ་རྐང་བགྲོད་བྱས་ཏེ་ཧེ་འུར་ཁཱ་རེ་ཧྲི་ནཱ༼HareKrishna༽མཆོད་ཁང་དུ་ཐེངས་རེའི་ཟས་མཆོག་ལ་རོལ་དགོས་ཡོད།ང་རང་གནས་དེའི་ཟ་མ་ཟ་བར་ཧ་ཅང་དགའ།གཞན་རང་གི་མཚར་སྣང་དང་རིག་ཤེས་ལ་བསྟུན་ནས་བསྒྲུབས་པའི་དོན་དག་མང་པོ་ཞིག་རིན་ཐང་དང་བྲལ་བ་བདེན་དཔང་བྱས།དཔེར་ན།སྐབས་དེར།རེ་ཏི་སློབ་གླིང་གི་ཡིག་གཟུགས་སློབ་ཁྲིད་ནི་ཕལ་ཆེར་རྒྱལ་ཁབ་འདིའི་ལེགས་ཤོས་ཡིན་འདུག སློབ་གླིང་འདིའི་གསལ་བསྒྲགས་སྦྱར་ཡིག་ཡོད་ཚད་དང་།ཤུད་སྒམ་རེ་རེའི་སྟེང་གི་ཁ་བྱང་ཡོད་དོ་ཅོག་ནི་མཛེས་སྡུག་ལྡན་པའི་མཛེས་རྩལ་ཕྱག་བྲིས་ཁོ་ན་ཡིན།ང་རང་སློབ་གྲྭ་ནས་ཕྱིར་བུད་ཟིན་སྟབས།སྤྱིར་བཏང་གི་སློབ་ཁྲིད་ལ་ཞུགས་དགོས་མི་འདུག དེ་བས་ང་རང་ཡིག་གཟུགས་འཛིན་གྲྭར་ཟུར་ཞུགས་བྱས་ནས་མཛེས་སྡུག་ལྡན་པའི་ཡིག་གཟུགས་ཤིག་ཅི་ལྟར་འབྲི་ཚུལ་སློབ་སྦྱོང་བྱ་རྒྱུ་ཐག་གིས་བཅད།ངས་སྐྲ་བཅད་དང་སྐྲ་བཅད་མིན་པའི་ཡིག་གཟུགས་འབྲི་ཚུལ་སྐོར་དང་རིགས་མི་འདྲ་བའི་ཡིག་ཚོགས་གཞི་བྱས་ནས་ཡིག་འབྲུའི་བར་ཐག་སྙོམས་སྒྲིག་བྱ་བའི་སྐོར།ཅི་ལྟར་པར་གཞི་ལེགས་པོ་ཞིག་བཟོ་བ་དགོས་པའི་སྐོར་བཅས་ལ་སྦྱངས་པ་བྱས།དེ་ནི་སློབ་ཁྲིད་ལེགས་པོ་ཞིག་ཡིན་འདུག ལོ་རྒྱུས་ཀྱི་རིན་ཐང་ལྡན་ལ་སྒྱུ་རྩལ་གྱིས་ཕྱུག་པ།ཚན་རིག་གིས་ཀྱང་བསྒྲུབ་མི་ནུས་པ་ཞིག་ཡིན།ངའི་བསམ་པར་དེ་ནི་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པ་ཞིག་རེད།སྐབས་དེར།ཡིག་གཟུགས་ལ་ངའི་མི་ཚེའི་ཁྲོད་དུ་ཁ་ཐོག་ལག་བཞག་གི་བེད་སྤྱོད་ཅིག་ཡོད་པའི་རེ་བ་གཏན་ནས་བྱས་མ་མྱོང་།ཡིན་ཡང་ལོ་ངོ་བཅུའི་རྗེས་སུ།ང་ཚོས་Macintoshགློག་ཀླད་འཆད་འགོད་བྱེད་དུས།ཡིག་གཟུགས་ཀྱིས་ང་ལ་ཕན་ནུས་ཆེན་པོ་ཐོན་སོང་།ང་ཚོས་དེ་དག་ཡོད་ཚད་Macintoshགློག་ཀླད་ཀྱི་ཁྲོད་དུ་འཆར་བཀོད་བྱས་པ་ཡིན།དེ་ནི་པར་སྐྲུན་ཐབས་རྩལ་ལེགས་པོ་ལྡན་པའི་གློག་ཀླད་ཐོག་མ་ཡིན།གལ་ཏེ།སློབ་ཆེན་སྐབས་སུ་ཁོ་བོའི་སློབ་ཁྲིད་འདི་བདམས་མེད་ཚེ།Macintoshཀློག་ཀླད་ལ་ཡང་པར་གཞིའི་ཡིག་གཟུགས་སྣ་མང་ངམ་བར་ཐག་དང་ཆེ་ཆུང་སྡེབ་འགྲིག་པའི་ཡིག་གཟུགས་ཤིག་ཡོད་མི་སྲིད།གཞན་windowsགློག་ཀླད་ཀྱིས་Macintoshཀློག་ཀླད་ངོ་བཤུས་བརྒྱབ་སོང་བ་མིན་ན།སྒེར་གྱི་གློག་ཀླད་ལ་ཡང་འདི་འདྲའི་ཡིག་གཟུགས་ཤིག་ཡོད་མི་དཔེ།གལ་སྲིད།ང་རང་སློབ་གྲྭ་ལས་ཕྱིད་བུད་མེད་པའི་དབང་དུ་བཏང་ན།ང་ལ་ཡིག་གཟུགས་སློབ་ཁྲིད་དེར་ཉན་རྒྱུའི་གོ་སྐབས་ཐོབ་ཡོད་མི་སྲིད་ལ།སྒེར་གྱི་གློག་ཀླད་ལ་ཡང་ད་ལྟའི་པར་གཞི་ལེགས་པོ་འདི་འདྲ་བ་ཞིག་ཡོད་མི་ངེས།ང་རང་སློབ་ ཆེན་ན་ཡོད་པའི་སྐབས་སུ།ཡིག་གཟུགས་དེ་དག་མ་འོངས་པ་དང་ལུ་གུ་རྒྱུད་དུ་སྦྲེལ་ནས་ཡོད་པ་རྟོགས་ག་ལ་སྲིད།མི་སྲིད་དོ།།ཡིན་ཡང་།ལོ་ངོ་བཅུའི་རྗེས་སུ།ཕྱིར་མིག་ཅིག་ལྟ་དུས།དེ་གཉིས་ཀྱི་འབྲེལ་བ་ནི་ཤིན་ཏུ་གསལ་བོ་ཡིན་འདུགདེ་བཞིན།ཁྱེད་ཚོས་ད་ལྟའི་གནས་བབས་ཐོག་ནས་མ་འོངས་པ་རྟོགས་མི་སྲིད་མོད།ཕྱིར་མིག་ཅིག་ལྟ་དུས།གཞི་ནས་དེ་དག་གི་འབྲེལ་བ་རྟོགས་ཡོང་ངེས།དེ་བས།ཁྱེད་ཚོས་ངེས་པར་དུ་ད་ལྟའི་བྱ་བ་ཙག་ཙིག་དག་ཁྱེད་ཀྱི་མ་འོངས་པ་དང་རྣམ་པ་གང་རུང་ནས་ལུ་གུ་རྒྱུད་དུ་འབྲེལ་ཡོད་པར་ཡིད་ཆེས་བྱ་འོས།ཁྱེད་ཀྱིས་ངེས་པར་དུ་རང་གི་ཤེས་རབ་དང་ལས་དབང་།ཚེ་སྲོག ལས་རྒྱུ་འབྲས་སོགས་ལ་ཡིད་ཆེས་བྱ་འོས།རྒྱུ་མཚན།ཡིད་ཆེས་དེས་ཁྱེད་ཀྱི་མ་འོངས་པའི་མདུན་ལྗོངས་ལ་འོད་སྣང་སྩོལ་ནུས།རང་སེམས་ལ་ཡིད་ཆེས་སྦྱིན་ངེས།ཁྱོད་ཉིད་རང་ཁོ་ནར་གཏོགས་པའི་ལམ་བུ་ཞིག་ལ་ཁྲིད་ནས།ཡོད་ཚད་རྒྱལ་ཁའི་ཕྱོགས་སུ་བསྒྱུར་ངེས་སོ།།

                                          ངའི་གཏམ་རྒྱུད་གཉིས་པ་ནི་མཛའ་བརྩེ་དང་གོད་ཆག་གི་སྐོར་ཡིན།

ཁོ་བོའི་ལས་དབང་ལེགས་པོ་འདུགངས་སྔ་མོ་ཞིག་ནས་བཟུང་རང་གི་དགའ་ཕྱོགས་རྙེད་ཟིན།ང་རང་ལོ་ན་ཉི་ཤུར་སོན་པའི་དུས་དེར།ཝོ་ཙི༼Woz༽དང་མཉམ་དུ་ངའི་ཕ་མའི་ར་སྐོར་ནང་ནས་ཀུ་ཤུ་ཀུང་སི་བཙུགས་པ་ཡིན།ང་ཚོས་དཀའ་སྤྱད་འབད་བརྩོད་བྱས་ཡོད།ལོ་ངོ་བཅུའི་ནང་དུ།ར་སྐོར་གཅིག་གི་ནང་དུ་ངེད་མི་གཉིས་ལས་གང་ཡང་མེད་པའི་ཀུ་ཤུ་ཀུང་སི་ཆུང་ཆུང་དེ་མ་དངུལ་ཨ་སྒོར་དུང་ཕྱུར་ཉི་ཤུ་དང་ལས་བྱེད་པ་བཞི་སྟོང་ལོན་པའི་ཁེ་ལས་ཆེན་པོ་ཞིག་ཏུ་གྱུར།དུས་དེ་ནི་ཏག་ཏག་ང་ཚོའི་ཆེས་ལེགས་པའི་ཐོན་རྫས་དེ།Macintoshཀློག་ཀླད་འགྲེམ་སྤེལ་བྱས་ཡོད་པའི་སྐབས་ཡིན་ལ།ང་ཡང་ལོ་སུམ་ཅུར་སོན་མ་ཐག་ཡིན།དེ་ནས་ང་རང་ཀུང་སི་ནས་གནས་དབྱུང་བཏང་སོང་།ཁྱེད་རང་ཅི་ལྟར་རང་ཉིད་ཀྱིས་བསྒྲུབས་པའི་ཀུང་སི་ནས་གནས་དབྱུང་བཏང་སོང་བ་ཡིན་ནམ་ཞེ་ན།དེ་ནི་འདི་ལྟར་དེ།ཀུ་ཤུ་ཀུང་སིའི་འཕེལ་རྒྱས་དང་འགྲོགས་ནས།ང་ཚོས་རང་གི་བལྟས་ཚོད་ཀྱི་མི་འཇོན་ནུས་ཅན་ཞིག་གདན་ཞུ་བྱས་ནས་རང་དང་མཉམ་དུ་ཀུང་སིར་བདག་དམ་བྱས་པ་ཡིན།ཐོག་མའི་ལོ་གཅིག་ལྷག་གི་དུས་ཡུན་ལ།ཡོད་ཚད་ནི་ཧ་ཅང་བདེ་ལེགས་ཀྱི་རྣམ་པར་གནས།འོན་ཀྱང་།རྗེས་སུ་ངེད་གཉིས་ཀྱི་ཀུ་ཤུ་ཀུང་སིའི་མདུན་ལྗོངས་ལ་བཟུང་བའི་ལྟ་བར་འགལ་བ་བྱུང་སོང་། མཇུག་མཐར་ང་ཚོ་ཁ་ཁ་སོ་སོར་གྱུར་ཞིང་འགན་འཛིན་ལྷན་ཚོགས་ཀྱང་ཁོའི་ཕྱོགས་སུ་ལོག དེ་བས།རང་ལོ་སུམ་ཅུའི་སྐབས་སུ་ང་རང་དངོས་སུ་ཀུང་སི་ནས་ཕྱིར་བུད།ངས་རང་ཉིད་དར་ལ་བབས་རྗེས་ཀྱི་འཚོ་བའི་སྙིང་བོ་ཡོངས་སུ་བོར་སོང་ལ།དེ་ནི་ཚབས་ཆེ་བའི་གོད་ཆག་ཅིག་གོཟླ་འགའི་རིང་ལ་ངས་ཅི་ཞིག་བསྒྲུབ་དགོས་པ་ཤེས་མ་སོང་།ངས་བསམ་པར་རང་གིས་མེས་པོ་ཁེ་ལས་པ་ཚོའི་ཞལ་ངོ་བརླག་སོང་སྙམ།རྒྱུ་མཚན།ངས་རང་གི་ལག་ལ་ཐོབ་པའི་ ནོར་བུ་ས་ལ་བརྡབས་སོང་།ངས་ཏ་ཝེ་ཏི་ཕཱ་ཁ་ཏི་༼DavidPackard༽དང་པོ་པི་ཉོ་ཡེ་སི༼BobNouce༽གཉིས་ལ་མཇལ་ཕྲད་ཞུས་ནས་དོན་རྐྱེན་རྙོག་དྲ་ཅན་དེར་དགོངས་དག་ཞུ་ཐབས་བྱས།དེ་ནི་ཡོངས་གྲགས་ཀྱི་ཉམས་རྒུད་ཅིག་ཡིན་ལ།ང་རང་ལུང་བ་འདི་ནས་གནས་གཞན་ཞིག་ལ་འབྲོ་འདོད་ཀྱང་སྐྱེས་མྱོང་།འོན་ཀྱང་།དལ་བ་དལ་བུར་རང་ཉིད་ལ་ཁ་ཕྱོགས་ཤིག་རྙེད་མགོ་བརྩམས།ང་ནི་སྔར་བཞིན་རང་ཉིད་ཀྱིས་བསྒྲུབས་ཟིན་པ་དག་ལ་དགའ་བོ་ཡོད།ཀུ་ཤུ་ཀུང་སི་ནས་བྱུང་བའི་དོན་རྐྱེན་དེ་དག་གིས་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་དེ་བསྒྱུར་ཐུབ་མི་འདུག རང་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད།ཡིན་ཡང་།ང་ནི་སྔར་བཞིན་རང་གི་བྱ་བར་དགའ།དེ་བས། ངས་ཡང་བསྐྱར་མགོ་རྩོམ་རྒྱུའི་སེམས་ཐག་བཅད།ངས་གསལ་བོ་ཤེས་མ་སོང་། འོན་ཀྱང་། དོན་དངོས་ཐོག ང་རང་ཀུ་ཤུ་ཀུང་སི་ནས་གནས་དབྱུང་བཏང་བ་ནི་རང་ཐོག་ལ་བྱུང་བའི་དོན་དག་ཆེས་ལེགས་ཤོས་དེ་ཡིན་འདུག དོན་དག་མང་པོ་ཞིག་ལ་གདེང་ཚོད་མེད་ཀྱང་།ཡང་བསྐྱར་མགོ་བརྩམས་པའི་ལྷོད་གཡེང་གི་སེམས་ཁམས་དེས་རྒྱལ་ཁའི་རྗེས་ཀྱི་སེམས་ཁུར་གྱི་ཚབ་བྱེད་ཐུབ་པ་བྱུང་སོང་། དོན་རྐྱེན་འདིས་ང་རང་མི་ཚེའི་ཁྲོད་ཀྱི་ཆེས་གསར་གཏོད་ནུས་པ་ཕུན་སུམ་ཚོགས་པའི་དུས་སྐབས་ཤིག་ལ་བསྐྱལ།རྗེས་ཀྱི་ལོ་ངོ་ལྔའི་རིང་ལ། ཁོ་བོས་NeXTའབོད་པའི་ཀུང་སི་ཞིག་དང་Pixarའབོད་པའི་ཀུང་སི་གཞན་ཞིག་བཙུགས། གཞན་བུད་མེད་མཛངས་མ་ཞིག་དང་བརྩེ་དུང་གི་འབྲེལ་བ་ཆགས་ཤིང་རྗེས་སུ་ཁོ་མོ་ངའི་ ཆུང་མར་གྱུར།Pixarཀུང་སིས་འཛམ་གླིང་ཐོག་ཆེས་ཐོག་མའི་གློག་ཀླད་བཀོལ་ཏེ་བཟོས་པའི་འགུལ་རིས་བརྙན་འཕྲིན《Toy Story》བཟོས་ཤིང་།དེ་ནི་གོ་ལ་ཧྲིལ་བོར་ཆེས་རྒྱལ་ཁ་རང་བཞིན་ཅན་གྱི་འགུལ་རིས་བརྙན་འཕྲིན་བཟོ་སྐྲུན་ཁང་ཡིན།དཔེ་ཟླ་བྲལ་བའི་དུས་འགྱུར་ཐེངས་གཅིག་གི་ཁྲོད་དུ།ཀུ་ཤུ་ཀུང་སིས་NeXTཀུང་སི་ཉོས་ཤིང་།ང་རང་ཀུ་ཤུ་ཀུང་སིར་ཕྱིར་ལོག་པ་ཡིན། གཞན་NeXTཀུང་སི་ནས་འཕེལ་རྒྱས་བྱུང་བའི་ལག་རྩལ་ནི་ཀུ་ཤུ་ཀུང་སིའི་ཐེངས་འདིའི་བསྐྱར་དར་གྱི་འདེགས་ཤིང་དུ་གྱུར།དེ་མ་ཟད་ང་དང་ལ་རེན་ནཱ༼Laurene༽གཉིས་ལ་ཡང་སྤྲི་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་ཡོད་སོང་།གལ་ཏེ།ང་རང་ཀུ་ཤུ་ཀུང་སིས་གནས་དབྱུང་བཏང་མེད་ཚེ།འདི་དག་ཚང་མ་འབྱུང་མི་སྲིད་པ་གསལ་ཐག་ཆོད།ཁོ་བོས་ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་པར་ཡིད་ཆེད་བྱེད།སྐབས་ལན་རེར་འཚོ་བ་ནི་ཁྱེད་དང་རྒྱབ་འགལ་དུ་ལངས་ངེས།ཡིན་ཡང་ཁྱེད་རང་ཡིད་ཕམ་མ་གནང་།ང་རང་ཡིད་མ་ཆད་པར་མུ་མཐུན་དུ་མདུན་སྐྱོད་བྱེད་ཐུབ་པའི་སྒུལ་ཤུགས་གཅིག་པུ་ནི་རང་ཉིད་རང་གིས་བསྒྲུབས་ཟིན་པའི་བྱ་དངོས་ཡོད་ཚད་ལ་སྤྲོ་སེམས་ལྡན་པས་སོ།། ཁྱེད་ཀྱིས་ངེས་པར་དུ་རང་ཉིད་ནི་བྱ་བ་གང་ཞིག་བསྒྲུབ་རྒྱུར་དགའ་བ་རྟོགས་འོས། ཁྱེད་ཀྱིས་དགའ་རོགས་འཚོལ་བ་དང་བྱ་བ་འདེམ་པ་ཡང་དེ་དེ་བཞིན་ནོ།།བྱ་བ་ནི་ཁྱེད་ཀྱི་འཚོ་བའི་དོན་ཆེན་ཡིན།དེས་ཁྱེད་རང་ཡོངས་སུ་ཡིད་ཚིམ་པར་བྱ་བའི་ཐབས་མཆོག་ཉག་གཅིག་ནི།དོན་སྙིང་ལྡན་པར་འདོད་པའི་བྱ་བ་ཞིག་བསྒྲུབ་རྒྱུ་དེ་ཡིན།གཞན་དོན་སྙིང་ལྡན་པའི་བྱ་བ་ཞིག་བསྒྲུབ་རྒྱུའི་ཐབས་མཆོག་ཉག་གཅིག་ནི།རང་ཉིད་ཀྱི་བྱ་བར་སྤྲོ་སྣང་ལྡན་རྒྱུ་དེའོ།།གལ་ཏེ།ད་སྔ་ཁྱེད་ཀྱིས་རང་ཉིད་གང་ཞིག་སྒྲུབ་རྒྱུར་མོས་པ་རྟོགས་མེད་ཚེ།རང་ཉིད་ལ་མུ་མཐུད་དུ་སྔོག་གཤེར་བྱོས།ཐག་གཅོད་བྱ་རྒྱུར་བྲེལ་བ་མ་ལངས།ཡོད་ཚད་ནི་རང་གི་ཚོར་བ་དང་བསྟུན་ནས་སྒྲུབ་དགོས་པ་སྣང་བཞིན།ཁྱེད་ཀྱིས་རང་ཉིད་སྒྲུབ་པར་སྤྲོ་བའི་བྱ་བ་ཞིག་རྙེད་ཡོད་པའི་སྐབས་སུ། གཞི་ནས་རྟོགས་ཡོང་།གཞན།དེ་ནི་ཆེས་ལེགས་པའི་མི་ཆོས་ཀྱི་འབྲེལ་བ་ཇི་བཞིན།ལོ་ཟླའི་འཁོར་སྐྱོད་དང་བསྡོངས་ནས་ཇེ་བཟང་དང་ཇེ་རྒྱས་ཡིན།དེ་བས།རང་ཉིད་ལ་མུ་མཐུད་དུ་སྔོག་གཤེར་བྱོས།ཐག་གཅོད་བྱ་རྒྱུར་བྲེལ་བ་མ་ལངས།

                                          ངའི་གཏམ་རྒྱུད་གསུམ་པ་ནི་འཆི་བའི་སྐོར་ཡིན།

ང་རང་ལོ་བཅུ་བདུན་ཡིན་པའི་དུས་དེར།ངས་གསུངས་ཚིག་འདི་ལྟ་བུ་ཞིག་བཀླགས་མྱོང་།༼གལ་ཏེ་ཁྱེད་ཀྱིས་ཉི་མ་རེ་རེ་ནི་ཆེས་མཐའ་འཇུག་གི་ཉི་མ་རེ་རེ་ཡིན་པ་སྣང་བཞིན་འཚོ་བ་རོལ་ན།ཉིན་ཞིག་ལ་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་ངེས།༽ངས་འབེལ་གཏམ་འདི་ཡིད་ལ་བཟུང་ཡོད།དུས་དེ་ནས་བཟུང་།མི་ལོ་སོ་གསུམ་འདས་པའི་རིང་ལ།ཞོགས་པ་རེ་རེར་ང་རང་མེ་ལོང་གི་ཁ་གཏད་དུ་ལངས་ནས་རང་ཉིད་ལ་འདྲི་རྒྱུར།༼གལ་སྲིད།དེ་རིང་ནི་ངའི་མི་ཚེའི་ཆེས་མཐའ་མཇུག་གི་ཉི་མ་ཡིན་ཚེ།ངས་དེ་རིང་བསྒྲུབ་འོས་པའི་དོན་དག་དེ་སྔར་བཞིན་བསྒྲུབ་སྲིད་དམ།༽གཞན།ཉིན་གྲངས་མེད་ཅིག་ལ་རང་གི་དྲི་ལན་ནི༼བསྒྲུབ་མི་སྲིད༽ཅེས་པ་དེ་ཡིན་སྟབས།ངས་རང་ཉིད་ལ་གང་ཞིག་གི་ཕྱོགས་ནས་འགྱུར་བ་གཏོང་འོས་པ་གསལ་ཡོང་།ངས་མི་ཚེའི་ཁྲོད་ཀྱི་གདམ་ཀ་ཆེ་གྲས་དག་ཐག་གཅོད་བྱེད་པའི་ཐབས་ཤེས་ལེགས་ཤོས་ནི།ཚེ་སྲོག་ནི་སྐད་ཅིག་རེ་རེའི་རྗེས་ནས་འཇིག་ངེས་པ་ཡིད་ལ་འཛིན་རྒྱུ་དེ་ཡིན།།རྒྱུ་མཚན།ཕལ་ཆེར་བྱ་དངོས་ཡོད་ཚད་དེ།ཕྱི་ངོས་ཀྱི་རེ་འདོད་དང་ཁེངས་དྲགགོད་ཆག་གམ་ཉམས་རྒུད་ཀྱི་འཇིག་སྐྲག་སོགས་ཐ་དག་ནི།འཆི་བ་དུས་ལ་ཐོན་པའི་སྐབས་སུ།བདག་པོ་དང་རིང་དུ་འབྲལ་ངེས་རེད།ཤུལ་དུ་ལུས་པ་ནི་ཆེས་དོ་གལ་ཆེ་བ་དེའོ།། ནམ་འཆི་ངེས་མེད་ཡིན་པ་ཡིད་ལ་བཟུང་ཤིགདེ་ནི་ཁོ་བོས་ཤེས་རྟོགས་བྱུང་བ་ལས་ཕམ་ཁ་དང་གཡོལ་བར་བྱ་བའི་ཐབས་ལམ་ཆེས་ལེགས་ཤོས་དེ་ཡིན།ཁྱོད་ལ་གང་ཡང་མེད་དེ།རང་སེམས་དང་བསྟུན་མི་དགོས་པའི་གནས་ལུགས་གང་ཡང་མེད།ཕལ་ཆེར་ལོ་ངོ་གཅིག་གི་སྔོན་ལ།ངའི་འབྲས་སྐྲན་ནད་ལ་བརྟག་དཔྱད་ཐེངས་ཤིག་བྱས།ཉིན་དེའི་སྔ་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་།ང་ལ་ཞིབ་དཔྱོད་བྱས་ཤིང་མཇུག་འབྲས་ལས་གསལ་བོར་བསྟན་དོན།ངའི་གཤེར་རྨེན་སྟེང་དུ་རྨ་འབྲུམ་ཞིག་ཡོད་འདུགསྐབས་དེར།ཐ་ན་ངས་གཤེར་རྨེན་ནི་ཅི་ཞིག་ཡིན་པ་མི་ཤེས།སྨན་པས་ང་ལ་བཤད་རྒྱུར། ཕལ་ཆེར་འདི་ནི་བཅོས་ཐབས་མེད་པའི་འབྲས་སྐྲན་གྱི་ནད་ལྕི་མོ་ཞིག་ཡིན་ཐག་ཆོད་ལ།ང་རང་ནི་ཟླ་བ་གསུམ་ནས་དྲུག་ལྷག་ལས་གསོན་མི་ཐུབ་ཟེར།སྨད་པས་ང་རང་ཡུལ་ལ་ལོག་ནས་རྗེས་ཀྱི་བྱ་བ་ཐ་དག་བཀོད་སྒྲིག་ལེགས་པོ་བྱ་དགོས་པའི་འདོད་ཚུལ་བཏོན་སོང་།དེ་ནི་འཆི་བ་ལ་གྲབས་ཤོམ་བྱ་དགོས་པའི་སྨན་པའི་གསང་བརྡ་ཡིན་འདུགསྐད་ཆ་འདིས་དེང་ཕྱིན་གྱི་ལོ་ངོ་བཅུའི་ནང་རང་གི་བྱིས་པ་ཚོར་བཤད་དགོས་པའི་བྱ་བ་ཐ་དག་ནི།ཟླ་འདི་འགའི་ནང་བཤད་ཚར་དགོས་པ་དང་།ལས་དོན་ཐམས་ཅད་བཀོད་སྒྲིག་གང་ལེགས་བྱས་ནས།རྗེས་ཀྱི་གཟའ་མི་ཚོའི་འཚོ་བར་ཁག་ཐག་ལེགས་པོ་བྱ་དགོས་ཚུལ་བཅས་བཤད་ཀྱིན་འདུགགཞན་ཡོད་ཚད་ལ་བདེ་མོ་འཇོག་དགོས་ཚུལ་ཡང་བསྟན་འདུགངས་ཉིན་གང་བོར་ཐེངས་འདིའི་ནད་གཞི་བརྟག་དཔྱད་ལ་འདང་བརྒྱབ་པ་ཡིན།ཉིན་དེའི་དགོང་མོ།ངས་ཆེད་དམིགས་བརྟག་དཔྱད་ལན་གཅིག་བྱས།ཁོ་ཚོས་ཁོག་འཇུག་ཤེ་ཐུལ་གཅིག་ངའི་མིད་པའི་ནང་བསྲིངས་ནས་ཕོ་བ་བརྒྱུད་དེ་རྒྱུ་མའི་ནང་དུ་བཙུགས།དེ་ནས་ཁབ་མགོས་གཤེར་རྨེན་སྟེང་གི་རྨ་འབྲུམ་ཐོག་ནས་སྦུབས་ཕྲན་མང་པོ་ཞིག་ཕྱིར་བླངས།སྐབས་དེར་ང་ལ་བཟི་སྨན་བརྒྱབ་ཡོད།ཡིན་ཡང་།ཆུང་མ་ངའི་མཁྲིས་སུ་ཡོད།ཁོ་མོས་བཤད་རྒྱུར།སྨན་པས་ཕྲ་མཐོང་ཆེ་ཤེལ་ལས་སྦུབས་ཕྲན་དག་མཐོང་རྗེས་སྐད་བརྒྱབ་སོང་ཟེར།རྒྱུ་མཚན།དེ་ནི་ཆེས་ཁྱད་པར་ཅན་གྱི་གཤེར་རྨེན་འབྲས་སྐྲན་ཞིག་དེ།ཕྱི་ཚན་གཤག་བཅོས་བརྒྱུད་ནས་བཅོས་ཐུབ་པ་ཞིག་ཡིན་འདུག དེ་ནས་ང་རང་གཤག་བཅོས་བྱས་པ་ཡིན།ད་སྐབས་ང་རང་ཡོངས་སུ་བདེ་ཐང་ཡིན་པས་ཡོད་ཚད་ལ་བཀའ་དྲིན་ཆེ་ཞུ་དགོས་ཡོད།དེ་ནི་ང་རང་འཆི་བ་དང་ཆེས་ཉེ་བར་གཅར་ཐེངས་ཞིག་ཡིན་ལ།རྗེས་ཀྱི་ལོ་ངོ་བཅུ་ལྷག་གི་ནང་དུ་ཡང་ཆེས་ཉེ་བར་གཅར་ཐེངས་དེ་ཡིན་པར་སྨོན།ཚོར་བ་འདི་ཉམས་སུ་མྱངས་རྗེས།ཁོ་བོས་ཁྱོད་ཚོ་དང་མཉམ་དུ་སྔར་ལས་ཀྱང་གདེང་ཚོད་དང་བཅས་ཏེ་འཆི་བ་གླེང་ཐུབ།འཆི་བར་འདོད་པའི་མི་ནི་གཅིག་ཀྱང་ཡོད་པ་མ་རེད།ཐ་ན་ལྷ་ཡུལ་ལ་འགྲོ་བར་འདོད་པའི་མི་ཡང་འཆི་བ་བརྒྱུད་ནས་གནས་དེར་འགྲོ་མི་སྲིད།ཡིན་ཡང་།འཆི་བ་ནི་ང་ཚོ་ཐུན་མོང་གི་མཐའ་མའི་ཁྱིམ་གཞིས་ཡིན།མི་སུ་ཡིན་ཡང་གནས་དེ་དང་གཡོལ་ཐབས་མེད། ང་ཚོ་ནི་ངེས་པར་དུ་འཆི་དགོས།རྒྱུ་མཚན།འཆི་བ་ནི་ཚེ་སྲོག་གི་གསར་གཏོད་ཆེས་མཆོག་གྱུར་དེ་ཡིན་ཡང་སྲིད།འཆི་བ་ནི་ཚེ་སྲོག་གི་གསར་བརྗེ་ཐེངས་ཤིག་རེད།རྙིང་བ་མ་དོར་ན་གསར་བ་ཅི་ལ་ཐོབ།དུས་ད་ལྟ་ཉིད་ལ་ཁྱོད་ཚོ་ནི་ཆེས་གསར་ཤོས་དེ་ཡིན། ཡིན་ཡང་།དུས་མི་རིང་བའི་ཉིན་ཞིག་ལ།ཁྱོད་ཚོ་ནི་ཡུན་གྱིས་རྙིང་བར་འགྱུར་ངེས་ཤིང་གཙང་སེལ་ཡང་བྱ་སྲིད།སྐད་ཆ་ཚད་ལས་བརྒལ་སོང་བས་དགོངས་དག་ཞུ།ཡིན་ཡང་འདི་ནི་གཏན་གྱི་བདེན་པའོ།།དུས་ཚོད་ནི་གསེར་ལྟར་དཀོན་པས།མི་གཞན་གྱི་འཚོ་བའི་ཁྲོད་ནས་ཆུད་ཟོས་སུ་མ་གཏོང་ཅིག ལྟ་བའི་རྙི་ལ་མ་འཛུལ་ཞིགདེ་ནི་མི་གཞན་གྱི་བསམ་བློའི་གྲུབ་འབྲས་སྟེང་ནས་འཚོ་བའོ།།གཞན།མི་གཞན་གྱི་བསམ་བློའི་རླབས་རྒྱུན་འོག་ནས་རང་ཉིད་ཀྱི་རྩ་བའི་ཁ་ཕྱོགས་མ་བོར་ཞིག ཆེས་གཙོ་གལ་ཆེ་བ་ནི།རང་ཉིད་ཀྱི་ཚོར་བ་དང་རིག་ཤེས་ལ་བསྟུན་པའི་བློ་ཁོག་ཅིག་ཡོད་དགོས་པ་དེ་ཡིན།གང་ལྟར།ཁྱེད་རང་གི་ཚོར་བ་དང་རིག་ཤེས་ཀྱིས་ཁྱེད་རང་མི་ཅི་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བ་སྔར་ནས་རྟོགས་ཟིན།གཞན་པའི་བྱ་དངོས་ཡོད་ཚད་ནི་ཞར་བྱུང་ཙམ་ལགས།ང་རང་གཞོན་པའི་སྐབས་སུ།《གོ་ལ་ཧྲིལ་བོའི་དཀར་ཆག》ཅེས་པའི་དཔེ་དེབ་ལེགས་པོ་ཞིག་ཡོད།དེ་ནི་དུས་སྐབས་དེའི་དཔེ་དེབ་ཆེས་ལེགས་ཤོས་ཅིག་ཡིན།དེབ་དེ་ནི་མིང་ལ་སི་ཐེ་བར་ཐི་པཱ་རན་ཏི༼StewartBrand༽ཟེར་བ་ཞིག་གིས་པར་བསྐྲུན་བྱས་པ་ཡིན་ལ།ཁོ་ནི་གནས་འདི་དང་བར་ཐག་མི་རིང་བའི་མཱེན་ལོ་ཕར་ཁི༼MenloPark༽གྲོང་ཁྱེར་དུ་འཚོ་གཞིས་བྱས་ཡོད།ཁོས་སྙན་ཚིག་གིས་བརྒྱན་ཡོད་སྟབས།དཔེ་དེབ་དེ་གསོན་ཤུགས་དང་ལྡན་པར་བྱས་འདུག།དེ་ནི་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་མཇུག་ཙམ་ཡིན།དེ་སྔོན་མི་སྒེར་ལ་དབང་བའི་གློག་ཀླད་དང་པར་འགྲེམས་མ་ལག་མེད་པས།ཡོད་ཚད་ནི་ཡིག་བཏགས་ཆས་དང་ཁེ་གྲིPolaroidཔར་ཆས་བཅས་ལ་བརྟེན་དགོས་ཡོད།དེ་ནི་ཤོག་བུའིGoogleཞིག་དང་འདྲ་ཞིང་Googleདང་བསྡུར་ན་ལོ་ངོ་སོ་ལྔའི་སྔ་རོལ་དུ་བྱུང་།དཔེ་དེབ་དེ་ནི་ཧ་ཅང་ལེགས་པོ་ཡོད།ཐབས་རྩལ་གྱི་བཀོད་ལེགས་ཤིང་འཆར་སྣང་གིས་ཕྱུག་པའོ།།སི་ཐེ་བར་དང་ཁོའི་ལས་གྲོགས་རྣམས་ཀྱིས་《གོ་ལ་ཧྲིལ་བོའི་དཀར་ཆག》འདོན་ཐེངས་གང་མང་པར་སྐྲུན་བྱས་ཟིན།མཇུག་མཐའི་རེ་ཆད་ཡིད་མུག་གི་སྐབས་དེར།ཆེས་མཐའ་མའི་པར་ཐེངས་འགྲེམ་སྤེལ་བྱས།དེ་ནི་དུས་རབས་ཉི་ཤུའི་ལོ་རབས་བདུན་བཅུའི་དུས་དཀྱིལ་ཙམ་ཡིན་ཞིང་ཁོ་བོ་ནི་ཁྱེད་ཚོ་དང་ན་ཚོད་མཉམ་པོ་ཡོད།པར་གྲངས་མཐའ་མའི་དཔེ་དེབ་ཀྱི་རྒྱབ་ངོས་སུ་ཞོགས་པའི་དུས་ཀྱི་ཞིང་གྲོང་གི་ལམ་ཕྲན་མཚོན་པའི་འདྲ་པར་ཞིག་ཡོད།དེ་ནི་སྙིང་སྟོབས་ཅན་གྱི་མི་རྣམས་ཀྱིས་གནས་དེ་ནས་རླངས་འཁོར་ལ་སྒུག་ངེས་པའི་ཞིང་གྲོང་གི་ལམ་ཕྲན་ཞིག་ཡིན།པར་དེའི་འོག་ན་༼སྐོམ་པས་ཆུ་འདོད།ལྟོགས་པས་ཟས་འདོད།༽ཞེས་བྲིས་ཡོད།དེ་ནི་ཁོ་ཚོའི་མཐའ་མའི་གྱེས་ཚིག་ཡིན་འདུགསྐོམ་པས་ཆུ་འདོད།ལྟོགས་པས་ཟས་འདོད།ངས་ཀྱང་དུས་རྒྱུན་དུ་རང་ཉིད་ཀྱི་ཆེད་དུ་འདི་ལྟར་སྨོན་ལམ་བཏབས་པ་ཡིན།དུས་ད་ལྟ།ཁྱེད་རང་ཚོ་སློབ་མཐར་ཕྱིན་ནས་འཚོ་བ་གསར་བ་ཞིག་གི་མགོ་རྩོམ་དགོས་པའི་དུས་འདིར།ཁོ་བོས་ཁྱེད་ཅག་གི་ཆེད་དུ་༼སྐོམ་པས་ཆུ་འདོད།ལྟོགས་པས་ཟས་འདོད།༽ཞེས་སྨོན་ལམ་བརྒྱབ་པ་ལགས།སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།


                                                                                                                                               རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། བན་ཤུལ་འཇམ་དབྱངས། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he7k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23547606
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།