མཁར་རྨེའུ་བསམ་གཏན་ལགས་སུ་བཅར་འདྲི།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »མཁར་རྨེའུ་བསམ་གཏན་ལགས་སུ་བཅར་འདྲི།
མཁར་རྨེའུ་བསམ་གཏན་ལགས་སུ་བཅར་འདྲི།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-14ལྟ་ཀློག (3635)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཁས་དབང་མཁར་རྨེའུ་བསམ་གཏན་ལགས་སུ་བཅར་འདྲི།

   རྒན་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཟླ་གཅིག་རིང་སློབ་ཁྲིད་གནང་ཚར་རྗེས་འདི་ག་རྩོམ་སྒྲིག་ཁང་གི་འཐུས་མི་ཁོང་གི་སྐུ་མདུན་དུ་བཅར་འདྲིར་ཕྱིན་པ་ཡིན། ང་ཚོས་ཁང་པའི་སྒོ་དལ་མོར་ཐེངས་གསུམ་བརྡུངས་པ་ན་སྒམ་བརླིང་དང་བྱམས་བརྩེས་ཕྱུག་པའི་ཞལ་རས་ཤིག་གིས་ང་ཚོའི་སྔུན་བསུས་བྱུང་། དེ་ནི་དེང་དུས་འཛམ་གླིང་གི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་སྙན་གྲགས་རྒྱས་པའི་ཧྥ་སྡོད་བོད་ཀྱི་མཁས་དབང་དམ་པ་རྒན་མཁར་རྨེའུ་བསམ་གཏན་ལགས་རེད། སྐབས་འཕྲལ་གྱི་སྡོད་ཁང་འདིར་ཅ་ལག་ཉུང་ཤས་ལས་མེད་ཀྱང་བཀོད་སྒྲིག་བྱས་པ་བབ་ཆགས་ཤིང་ཁམས་དྭངས་པའི་ཚོར་བ་ཞིག་དབང་མེད་དུ་སྦྱིན། ང་ཚོས་ཁོང་ཉིད་དང་ལྷན་དུ་ཡར་མར་གྱི་ཁ་བརྡ་ཅུང་ཟད་བྱས་རྗེས་མྱུར་མོར་བཅར་འདྲིའི་དངོས་གཞིར་ཞུགས་པ་ཡིན།

 ༼ང་རོ༽ ཁྱེད་ནས་རང་རེའི་རིག་གཞུང་ཐད་ཞིབ་འཇུག་དང་ཉམས་ལེན་ལོ་ངོ་མང་པོར་མཛད་རིང་། ཞིབ་འཇུག་ལམ་བུའི་སྟེང་གི་དཀའ་ངལ་དང་ཐབས་ལམ། དགེ་འབྲས་ཕྱོགས་ནས་ཁྱེད་ཀྱི་ཉམས་མྱོང་དང་སྦྲགས་ཏེ་གསུང་རོགས།
  མཁར་རྨེའུ། ཚན་རིག་དང་མཐུན་པའི་ཞིབ་འཇུག་ལས་ཀའི་ཐོག་ལ་དཀའ་ངལ་ཆེན་པོ་བྱུང་། དཀའ་ངལ་བྱུང་བ་དེ་ཡང་ང་ཚོས་དཔེ་ཆ་ཞིག་ཀློག་པའི་ཚེ་སྤྱིར་བཏང་དཔེ་ཆ་དེའི་ནང་དུ་གང་བཤད་པ་བརྒྱ་ཆའི་བརྒྱ་ཁས་ལེན་པ་ཁག་པོར་ཆགས་བསྡད་ཡོད། བརྟག་དཔྱད་ཡག་ཐག་ཆོད་ཅིག་བཏང་ནས་དཔེ་ཆ་དེའི་མགོ་ནས་མཇུག་བར་མཉམ་འབྱར་གྱི་གོ་རིམ་ཡོད་མེད་དཔྱད་དགོས་འདུག དེའི་ཐོག་ལ་ཞིབ་འཇུག་གི་ཐབས་ལམ་གྱི་ཐད་ནས་དཀའ་ངལ་ཆེན་པོར་འཕྲད་ཀྱིན་འདུག ཡིན་ན་ཡང་། དེ་རིང་སང་ཉིན་ཐབས་ལམ་ཞིག་གི་མིང་ལ་ཧྥེ་ལོ་ལོ་ཇེ༼philology༽ཟེར་ཞིང་། བོད་སྐད་དུ་ཚིག་སྒྲུབ་རིག་པ་ཟེར་གྱི་ཡོད། དེ་ནི་གཙོ་བོ་དཔེ་ཆ་ཞིག་ཀློག་ནས་དེར་ཞིབ་དག་ལེགས་པོ་བྱས་ཏེ་དེབ་དཔེ་རིགས་མི་འདྲ་བ་ག་ཚོད་ཡོད་པ་རྣམས་བསྡུར་ནས་ཚིག་མ་དག་པ་གང་ལ་ཞིབ་དག་ལེགས་པོ་བྱ་ཐུབ་པ་དེ་རེད། མ་དག་པ་ཡོད་ཚེ། དང་པོ་གོ་དཀའ་བའི་ཚིག་གམ་ཡིག་ཕྲེང་དེ་ངོས་འཛིན། གཉིས་པར་དེ་ཚོ་དཔེ་དེབ་མི་གཅིག་པའི་ནང་ལ་བརྗོད་སྟངས་མི་འདྲ་བ་འབྱུང་སྲིད་པས་དེའི་ཀློག་སྟངས་དེ་ལ་དཔྱད་དགོས་པ་ཤིན་ཏུ་ནས་ཀྱང་འགངས་ཆེན་པོ་རེད། དེར་བརྟེན་ཚིག་སྒྲུབ་རིག་པ་ཟེར་བ་དེ་བོད་ཀྱི་དཔེ་ཆ་སྐོར་ཞིབ་འཇུག་བྱེད་དུས་ཐབས་ལམ་དེ་ཉིད་བེད་སྤྱོད་དགོས་པ་གལ་ཆེ། དུས་རབས་ཀྱི་ཆ་ནས་ང་ཚོས་སྔོན་མ་དེ་འདྲའི་ཐབས་ལམ་མ་རྙེད་ཕྱིན་དེབ་ཀློག་པའི་སྐབས་སུ་བདག་ལའང་དཀའ་ངལ་བྱུང་སོང་། དེས་ན་ཐབས་ལམ་དེ་བེད་སྤྱོད་པ་ཡིན་ན་ཚིག་སྒྲུབ་རིག་པའི་ཞིབ་འཇུག་གི་ལས་ཀར་དེ་འདྲའི་དཀའ་ངལ་ཡོང་གི་མི་འདུག དགེ་འབྲས་ཕྱོགས་ནས་ཁྱེད་ཀྱི་ཉམས་མྱོང་དང་སྦྲགས་ཏེ་གསུང་རོགས་ཟེར་བ་ལ། ང་རང་གིས་རང་ཉིད་ཀྱི་ཞིབ་འཇུག་བྱས་པའི་ལས་ཀར་འབྲས་བུ་འཐོབ་པ་དང་། རང་ཉིད་ཀྱིས་བརྩམས་པ་དག་མང་ཆེ་བ་ཞིག་མི་ཚོས་ཀློག་འདོན་ཡང་བྱེད་ཀྱིན་ཡོད། འདི་འདྲ་བྱུང་ན་སོ་སོས་ལས་ཀ་བྱ་བའང་བྱ་རིན་ཡོད་པ་ཞིག་ཏུ་འགྱུར་གྱིན་ཡོད།
༢ ༼ང་རོ༽ཉིད་ནས་འཆད་ཁྲིད་སྔོན་མར་རང་རེའི་ཆོས་ལུགས་གྲུབ་མཐའ་ཁག་ནང་གི་རིས་མེད་རིང་ལུགས་གསུང་གིན་འདུག རང་རེའི་གྲུབ་མཐའ་ཁག་གི་ཆོ་ག་ཕྱག་ལེན་སོགས་ཀྱི་ཐད་མི་འདྲ་བའི་ཆ་མང་དུ་ཡོད་པ་ལ། སྤྱོད་པའི་ཕྱོགས་ནས་རིས་མེད་རིང་ལུགས་སྒོམ་ཚུལ་གང་འདྲ་ཞིག་ཏུ་འདོད་ཀྱིན་ཡོད།
   མཁར་རྨེའུ། ངས་ཁ་སང་རིས་མེད་སྐོར་སྐད་ཆ་བཤད་དུས། རིས་མེད་ཀྱི་འདུ་ཤེས་འཛིན་ལུགས་ཀྱི་སྤྱོད་ཚུལ་དེ་གང་ཡིན་ཟེར་ན། གྲུབ་མཐའ་གཞན་པའི་ལྟ་བ་དང་སྤྱོད་ལུགས། སྒོམ་སྒྲུབ་ཚུལ་དེ་ཚོར་དག་སྣང་ཡོད་པ་ཞིག་དང་། ལག་ལེན་དགོས་པ་ཞིག་ཡིན་པ་ལས། གྲུབ་མཐའི་ལ་རྒྱས་འཁྱེར་ནས་གཞན་གྱི་གྲུབ་མཐར་ཡག་པོ་མི་འདུག་ཅེས་སྒྲོ་འདོགས་པའམ་སྐུར་བ་འདེབས་པ་ལ་སོགས་པའི་བསམ་སྦྱོར་རྩོམ་མི་རིགས་པར་སེམས་པ་ཡིན། གནས་ལུགས་དང་རྒྱུ་མཚན་ཡོད་པ་གཞིར་བྱས་ཏེ་ཚན་རིག་དང་མཐུན་པའི་དགག་སྒྲུབ་བྱ་དགོས་པ་ལས་གྲུབ་མཐའི་ཞེན་འཁྱེར་ནས་ལ་རྒྱ་དང་ཕྱོགས་འཐེན་བྱས་ན་ཚན་རིག་གི་ལམ་ཐོག་ཏུ་འགྲོ་མི་ནུས། ངས་དེ་འདྲའི་གནས་ཚུལ་ལ་གཞིགས་ནས་ཁ་སང་རིས་མེད་སྐོར་གྱི་སྐད་ཆ་བཤད་པ་ཡིན། ཆོ་ག་དང་ཕྱག་ལེན་གྱི་ཐད་ནས་ཆ་མི་འདྲ་བ་ཡོད་ཟེར་བའང་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་གྲུབ་མཐའ་སོ་སོར་ཆོ་ག་དང་ཕྱག་ལེན་མི་འདྲ་བའི་ཆ་མང་བོ་ཡོད་། ཆོ་ག་དང་ཕྱག་ལེན་དེ་དག་ལ་བླ་མའི་བླ་རྒྱུད་ཡོད་པའང་སོ་སོར་མི་འདྲ་བས་ང་ཚོས་དེར་དད་པ་དང་དག་སྣང་། བརྩི་བཀུར་སོགས་གཞིར་བཅོས་ཏེ་རིས་མེད་ཀྱི་སྐད་ཆ་བཤད་ན་དེར་རིས་མེད་ཀྱི་ཚུལ་དུ་འདུག་སྙམ། རིས་མེད་ཀྱི་སྒོམ་ཚུལ་ཟེར་བའང་། སེམས་གཏིང་ནས་གྲུབ་མཐའ་གཞན་པར་བརྩི་བཀུར་ཞུ་བ་དེ་གཙོ་བོ་རེད། ཆ་བཞག་ན། བཀའ་བརྒྱུད་པས་བོན་ལ་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་ལ་སོགས་པའི་སྐད་ཆ་འདྲ་མིན་མང་པོ་ཟེར་བ་དེ་ཡང་བོན་པོ་རང་ཉིད་ཀྱི་གཞུང་ལུགས་དཔེ་ཆའི་ནང་དུ་སྐད་ཆ་དེ་འདྲ་ཡོད་པ་མ་རེད། དེ་ཚོ་བོན་རྣམས་ཀྱིས་ངོས་ལེན་ཡང་བྱེད་ཀྱིན་མེད་པས། དེ་ནི་གྲུབ་མཐའ་གཞན་པས་བོན་གྱི་ཆོས་ལུགས་ལ་སྒྲོ་བཏགས་པ་དང་སྐྱོན་བརྗོད་པའི་སྣང་ཚུལ་ཞིག་ཏུ་འཁུམས། འདི་དག་ནི་ལོ་རྒྱུས་ཀྱི་ཁྲོད་ནས་བྱུང་བ་ཡིན་སྟབས། ང་ཚོས་དེར་དོ་ཁུར་དང་དེའི་བསླབ་བྱ་བླངས་ནས་གྲུབ་མཐའ་སོ་སོའི་ལ་རྒྱའི་དབང་དུ་མ་གྱུར་བར་གྲུབ་མཐའ་གཞན་པའི་ལྟ་སྤྱོད་གང་ལ་ཡང་དག་སྣང་དང་བརྩི་བཀུར་བྱས་ན་བོད་མི་རང་གི་ཕྱི་རོལ་སྣང་བརྙན་གྱི་ཐོག་ནས་གཅིག་གྱུར་ཡོང་བར་རྔོ་ཐོགས་ཀྱི་རེད་སྙམ།
༣ ༼ང་རོ༽དེང་སྐབས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་རང་རེའི་ཤེས་རིག་གི་ཞིབ་འཇུག་འདི་རྒྱུགས་ཆེ་ཤོས་ཤིག་ཏུ་གྱུར་འདུག འདིའི་ནང་དད་མོས་མི་འདྲ་བ་དང་རྒྱལ་ཁོངས་མི་འདྲ་བ། ཤ་མདོག་མི་འདྲ་བའི་ཞིབ་འཇུག་པ་མང་དུ་ཡོད། ཕྱོགས་ཆེན་པོའི་སྒོ་ནས་ཤར་ནུབ་གཉིས་སུ་བགོས་ན། ཁྱེད་ནས་ཁོ་ཚོའི་ཤེས་རིག་ཞིབ་འཇུག་གི་ཀུན་སློང་དང་ཕན་འབྲས་ཕྱོགས་སུ་ལྟ་སྟངས་ག་རེ་འཛིན་གྱིན་ཡོད།
  མཁར་རྨེའུ། འཛམ་བུ་གླིང་གི་མི་སྣ་མི་འདྲ་བས་བོད་ཀྱི་ཤེས་རིག་གི་ཕྱོགས་སུ་དོ་སྣང་གལ་ཆེན་བྱས་ནས་ཞིབ་འཇུག་གི་ཕྱག་ལས་གནང་གིན་ཡོད། ཁོང་ཚོའི་ཀུན་སློང་གང་འདྲ་རེད་ཅེ་ན། ཚན་རིག་དང་མཐུན་པའི་སྒོ་ནས་འགྲོ་ལུགས་ཤིག་ཆགས་ཡོད་དེ། དེ་ནི་གྲུབ་མཐའི་ཕྱོགས་ཞེན་གྱི་ཡུལ་དུ་གྱར་བའི་དགག་བཞག་སྤངས་ཤིང་བདེན་པའི་རང་ལུགས་འཚོལ་བ་ཞིག་རེད། ཚན་རིག་དང་མཐུན་པའི་ལས་ཀ་མ་བགྱིས་ཚེ་མི་གཞན་པས་ཁོང་ཚོའི་ཕྱག་ལས་གང་ལའང་ངོས་མི་ལེན་པས་ཚན་རིག་གི་ལམ་ནས་སྒྲུབ་པ་དེ་གལ་ཆེ། ཚན་རིག་གི་ལམ་ལུགས་ཡིན་ཟེར་བཞིན་དེར་ཆོས་ལུགས་ཕྱོགས་ཞེན་ཀྱི་སྐད་ཆ་རྐྱང་བ་བཤད་ན་ཚན་རིག་ཧ་མ་གོ་བའི་རྟགས་རེད། དེ་འདྲ་ཞིག་རེད། ངས་བཤད་ཡ་གཉིས་པ་དེ། གལ་ཏེ་སློབ་གྲྭ་ཡག་པོར་འགྲིམ་སྟེ་སློབ་སྦྱོང་ལེགས་པོ་བྱས་ནས་ཆུ་ཚད་མཐོན་པོར་ཆགས་ཡོད་ན། ཁོང་ཚོའི་ཚན་རིག་གི་ལམ་ཁའང་ཇེ་ཡངས་སུ་འགྲོ་འོང་གི་རེད།
༤ ༼ང་རོ༽བན་གྱི་བཀའ་བསྟན་དང་བོན་གྱི་བཀའ་བརྟེན་བར་འབྲེལ་བ་ཡོད་དམ། ཇི་ལྟར་བྱུང་བ་ཡིན། དེ་ལྟར་བྱུང་བའི་རྒྱུ་མཚན་མདོར་བསྡུས་ཤིག་གསུང་རོགས།
  མཁར་རྨེའུ། བན་དེའི་བཀའ་འགྱུར་དང་བསྟན་འགྱུར་ནི། བཀའ་འགྱུར་གྱི་དཀར་ཆག་དེ་བཙན་པོའི་རྒྱལ་རབས་སྐབས་སུ་བྱུང་བ་ཞིག་རེད། དེ་ཡང་དཀར་ཆག་ལྡན་དཀར་མ་དང་། འཕང་ཐང་མ། མཆིམས་ཕུ་མ་བཅས་རེད། བསྟན་འགྱུར་གྱི་དཀར་ཆག་ནི་བུ་སྟོན་ཆོས་འབྱུང་དུ་བྱུང་བའི་དཀར་ཆག་དེར་གཞིར་བཟུང་བ་ནས་བྱུང་བ་ཞིག་རེད། བོན་གྱི་བཀའ་འགྱུར་དཀར་ཆག་ནི་དུས་རབས་བཅུ་བཞི་བའི་གཞུག་ཏུ་བྱུང་བ་རེད། བཀའ་འགྱུར་ཞེས་པའི་ཚིག་དེ་བན་བོན་གཉིས་ཀར་ཡོད་པའི་མིང་ཚིག་ཐུན་མོང་བ་ཞིག་རེད། དེ་ཡང་སྤྱིར་བཏང་བཀའ་དང་བཀའ་བརྟེན་ཞེས་གཉིས་སུ་དབྱེ་ཞིང་། བཀའ་ཞེས་པ་ནི་སྟོན་པ་གཤེན་རབ་ཀྱི་བཀའ་དང་། བཀའ་བརྟེན་ཞེས་པ་སྟོན་པ་གཤེན་རབ་ཀྱིས་མ་ཡིན་པར་ཁོང་གི་རྗེས་འབྲང་མཁས་པ་རྣམས་ཀྱིས་ཞུས་པའམ་ཡང་ན་འགྲེལ་བ་བརྩམས་པ་རྣམས་ལ་ཟེར་གྱི་ཡོད། སྤྱིར་བཏང་དེ་གཉིས་བན་དེའི་འགྲོ་ལུགས་ལ་བརྟེན་ནས་བྱུང་བས་གཉི་ག་འདྲ་བར་སྣང་ཡང་། བན་བོན་གྱི་བཀའ་བསྟན་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། བོན་པོའི་བཀའ་བརྟེན་གཉིས་ཀའི་ནང་དུ་སངས་རྒྱས་ཀྱི་གསུང་དང་ཆ་འདྲ་པོ་མང་བོ་ཡོད། ཡིན་ནའང་བོན་པོའི་བཀའ་འགྱུར་དང་ལྷག་པར་དུ་བཀའ་བརྟེན་ནང་ལ་རྒྱ་གར་ལས་མ་བྱུང་བའི་བོད་མི་རང་གི་བསམ་བློ་དང་འདུ་ཤེས་ཇི་སྙེད་ཅིག་འདུས་ཡོད་པ་རེད། དཔེ་བཞག་ན། བན་དེའི་བཀའ་བསྟན་ནི་ལེགས་སྦྱར་སྐད་ལས་བསྒྱུར་བ་དང་འགྲེལ་བ་ཤ་སྟག་རེད། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་ལབ་དུས་འབྲི་མཁན་དེ་སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་མིན་ཡང་རྒྱ་གར་བ་ཡིན་པ་ཐག་གིས་ཆོད། འདི་འདྲ་ཡིན་ཕྱིར། རྒྱ་གར་བས་རྩོམ་འབྲི་དུས་རྒྱ་གར་གྱི་བསམ་འཆར་དང་འདུ་ཤེས་ལྟར་འབྲི་བ་མ་གཏོགས་བོད་ཀྱི་འདུ་ཤེས་ལ་བསམ་བློ་གཏོང་མི་སྲིད། སངས་རྒྱས་ཀྱི་ཆོས་ལུགས་རེད་དེ། རྒྱ་གར་ནས་དར་བ་ཡིན་ཕྱིན་ཟས་གོས་འགྲོ་སྡོད་སྤྱོད་པའི་ཚིག་གཅིག་ལབ་ཀྱང་རྒྱ་གར་གྱི་འགྲོ་ལུགས་ཤིག་མ་གཏོགས་བོད་ཀྱི་འདུ་ཤེས་ལྟར་མ་རེད། དེ་ལྟར། བོན་པོའི་བཀའ་བརྟེན་ཁྲོད་དུ་ལྷ་དང་ཆོ་གའི་ཁྲོད་སྔོན་མའི་བོད་ཀྱི་བསམ་བློ་གཏོང་ལུགས། གླུ་གར་རྩེད་ལུགས། ཁང་བ་བཟོ་ལུགས་སོགས་བོད་མི་རང་གི་འདུ་ཤེས་མངོན་གྱིན་ཡོད། ཆ་བཞག་ན། ཕྱི་རྒྱལ་གྱི་མཁས་པ་མང་བོ་ཞིག་གིས་བོད་མི་རང་གི་བསམ་འཆར་དང་འདུ་ཤེས་གང་འདྲ་མཆིས་ཞེས་འཚོལ་དུས། བོད་དུ་རྒྱ་གར་ནས་འོངས་པའི་རྒྱ་གར་གྱི་བསམ་འཆར་ཡོད་ལ་རྒྱ་ནག་ནས་དར་བའི་རྒྱ་ནག་གི་བསམ་འཆར་ཡང་ཡོད། འོན་ཀྱང་བོད་རང་ས་ནས་བྱུང་བའི་བསམ་བློ་གང་ཡིན་པའང་ཡག་ཐག་ཆོད་ཅིག་དང་སྟོན་རྒྱུ་ཡོད་པ་ཞིག་བཙལ་རྒྱུ་གལ་ཆེན་པོར་ཆགས་ཡོད། འོན་ཀྱང་དོན་དག་སྙིང་བོའི་རྩ་བ་གང་རེད་ཅེ་ན་བོད་པ་རང་གི་བསམ་འཆར་འཚོལ་རྒྱུ་དེ་རེད། བོད་པ་རང་གི་བསམ་འཆར་དང་འདུ་ཤེས་ཤིག་མེད་མི་སྲིད་པ་ཡང་བོད་པའི་མི་རིགས་འདི་དུས་སྔ་མོ་ནས་བྱུང་ཞིང་། སྐབས་དེར་བོད་པས་ཀྱང་ཟས་གོས་སྡོད་ཁང་སོགས་རང་ཉིད་ལ་བརྟེན་ནས་བསྐྲུན་དགོས་པའི་ཕྱིར།
༥ ༼ང་རོ༽ཐོན་མིས་ཡི་གེ་མ་བཟོས་གོང་། བོད་དུ་ཞང་ཞུང་སྨར་ཆེན་དང་སྨར་ཆུང་གི་ཡི་གེ་ཡོད་པར་ཡོངས་གྲགས་སུ་བཞེད། ཡིན་ཙང་ཐོན་མིས་ཞང་ཞུང་ཡི་གེར་དཔེ་ལྟོས་དང་ཇེ་ལེགས་སུ་གཏོང་བའི་བཞེད་པ་མ་བྱུང་བར། ངེས་པར་དུ་ས་ཐག་རིང་བོ་འགྲིམས་ནས་རྒྱ་གར་ཡི་གེར་དཔེ་ལྟོས་དགོས་དོན་གང་ཡིན་ནམ།
   མཁར་རྨེའུ། བཤད་ལུགས་སྤྱི་ལ་ཐོན་མིས་ཡི་གེ་བཟོས་པ་རེད་ཅེས་ལབ་ཀྱིན་ཡོད། དེ་ཡང་ཁོང་རྒྱ་གར་དུ་ཕེབས་ཏེ་གུཔྟའི་ཡི་གེར་དཔེར་བླངས་ནས་བོད་ཡིག་བཟོས་པ་རེད། དེ་ནས་བོད་དུ་ཕེབས་ནས་མདོ་སྡེ་བསྒྱུར་བ་ལ་སོགས་པའི་སྐད་ཆ་མང་བོ་ཞིག་འདུག འདིའི་ཐད་ལ་ཞིབ་འཇུག་པ་ཚོས་ཕྱག་ལས་མང་བོ་ཞིག་གནང་ཡོད་པ་རེད། དོན་དམ་དུ་བཤད་ན་ཐོན་མི་སམྦྷོ་ཊ་ཟེར་བའི་བོད་མི་ཞིག་དུས་རབས་བདུན་པའི་ནང་རྒྱ་གར་དུ་ཕེབས་ཡོད་མདོག་ཁག་པོ་རེད། ཕེབས་ནས་ལས་ཀ་ཞིག་བྱས་ཡོད་ཅེས་བཤད་ཁག་པོ་རེད། ཐོན་མི་ནི་ངེད་ཅག་དང་འདྲ་བའི་མི་སྤྱིར་བཏང་བ་ཞིག་གི་དབང་དུ་བཏང་ན་ཚེ་གཅིག་ལུས་གཅིག་གི་དུས་ཡུན་ཐུང་ངུ་དེའི་རིང་རྒྱ་གར་དུ་ཕར་ཕྱིན་ཅིང་། དེ་ནས་རྒྱ་གར་དུ་བཞུགས་ཏེ་རྒྱ་གར་གྱི་སྐད་ལ་སློབ་སྦྱོང་བྱས་ནས་རྒྱ་གར་གྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱུང་བ་གཞི་བཅས། དེ་ནས་ཡི་གེ་ཞིག་བཟོས་ཏེ་བོད་དུ་ཕེབས་ནས་སུམ་རྟགས་བྲིས་ཏེ་མདོ་བསྒྱུར་བ་ལ་སོགས་པའི་འཕྲིན་ལས་འདི་འདྲ་ཞིག་མི་རང་ག་བ་ཞིག་གིས་དུས་ཡུན་ཐུང་ངུ་འདི་ལྟ་བུར་ཡོང་མི་སྲིད་པ་ཞིག་རེད་ཅེས་བསམ། དེང་སང་ལ་མཚོན་ནའང་ང་ཚོ་མི་ཞིག་གིས་མི་རིགས་གཞན་གྱི་སྐད་ཙམ་སྦྱང་བ་ལའང་དཀའ་ངལ་ཅི་ཙམ་འདུག ཐོན་མི་སམྦྷོ་ཊ་ཡང་ང་ཚོ་ནང་བཞིན་མ་གཏོགས་མི་ཡ་མཚར་བ་ཞིག་ཡིན་རྒྱུའི་རློམ་ཐབས་བྲལ། ཁོང་ཡང་འགྲོ་བ་མི་ཞིག་ཡིན་ཕྱིན་དུས་ཡུན་ཐུང་ངུ་དེར་ཕྱག་ལས་དེ་འདྲ་བ་ཡོང་གི་མ་རེད་བསམ། དེ་ལྟར་དྲན་པའི་རྨང་གཞིའི་སྟེང་ནས་ང་ཚོས་ཐོན་མི་སམྦྷོ་ཊའི་ཡར་སྔོན་དུ་ཡི་གེ་ཞིག་ཡོད་པ་གཞིར་བཞག་ནས་ཁོང་གིས་དེ་ཡར་རྒྱས་སུ་བཏང་བར་ཆ་འཇོག་བྱས་ཆོག་གི་རེད་སྙམ། འདི་འདྲ་སྐད་ཆ་མང་བོ་ཡོད་པ་རེད། བོན་པོ་ཚོས་ཀྱང་མ་བཅོས་མ་སླད་པའི་ཡི་གེ་ཡོད་ཅེས་ཟེར་ཡང་ཡི་གེ་དེ་དངོས་གནས་གང་འདྲ་ཞིག་ཡིན་པའི་སྐད་ཡིག་དེ་ཚོའི་ཐོག་ཏུ་བྲིས་པའི་དཔེ་ཆ་གཅིག་ཀྱང་ད་བར་མཐོང་མ་སོང་། ཡིན་ནའང་མ་འོངས་པར་ས་བརྐོ་རྡོ་སློག་བྱས་ནས་སྨར་ཆེན་སྨར་ཆུང་ཟེར་བའི་དཔེ་ཆའི་རིགས་ཀྱང་རྙེད་འོང་བ་ཆ་མ་འཚལ་བས་ཐག་གཅོད་པ་ངལ་བའི་རྒྱུ།
༦ ༼ང་རོ༽རང་རེའི་ཆོས་འབྱུང་རྣམས་སུ། གཏམ་རྒྱུད་དང་ལྷ་སྒྲུང་གི་ལམ་ནས་ལོ་རྒྱུས་བརྗོད་པའི་ཤས་འདུག ཉིད་ཀྱི་དད་པ་དང་དག་སྣང་གཉིས་ཁ་ཁར་ཕྱེ་དགོས་པའི་ཞིབ་འཇུག་ཐབས་ལམ་འདི་དང་མིའི་རིགས་ཀྱི་གདོད་མའི་ལོ་རྒྱུས་ཚང་མ་ལྷ་སྒྲུང་དང་སྦྲགས་ཏེ་བྱུང་བར་འདོད་པ་གཉིས་བར་འགལ་བའི་ཆ་འདུག་གམ།
   མཁར་རྨེའུ། ཆོས་ལུགས་ལ་དད་པ་ཡོད་པའི་ཞིབ་འཇུག་པ་ཞིག་ཡིན་ན་ཁོང་རང་ལ་དད་པ་དང་དག་སྣང་ཡོད་མདོག་ཁག་པོ་རེད། དེས་ཁོང་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་དད་པ་དང་དག་སྣང་ཡོད་ན་ཡང་ཁོང་ཞིབ་འཇུག་པ་ཞིག་མ་ཡིན་པ་ཆགས་ཀྱིན་མི་འདུག ཁོང་གིས་ཆོས་བྱེད་དུས་ཆོས་ལུགས་འབྱུང་ཁུངས་ཀྱི་གཏམ་རྒྱུད་དང་ཁོང་ལ་ཆོས་ལུགས་དེའི་འཕེལ་རྒྱས་ལ་དོགས་པ་དང་དྲི་བ་ཡོང་སྲིད་ཀྱི་རེད། དེ་ནས་ཆོས་ལུགས་ཀྱི་འབྱུང་ཁུངས་གང་འདྲ་ཡིན་པར་ཚན་རིག་དང་མཐུན་པའི་འགྲེལ་བ་བྱེད་ནུས་ན་དེས་རང་ཉིད་ལ་ཕན་ཐོགས་པ་མ་ཟད་ད་དུང་ཆོས་ལུགས་གང་ཡིན་པ་དེ་ལ་ཡང་དགེ་མཚན་ཆེན་པོ་ཤར། ཚན་རིག་དང་མཐུན་པའི་ཡང་དག་པའི་འགྲེལ་བ་ཞིག་མེད་པར་མི་གཅིག་གི་བསམ་བློ་གསར་བ་ཞིག་གི་རྗེས་སུ་འབྲངས་པ་ཡིན་ན་ཉེན་ཁ་ཤིན་ཏུ་ཆེ་སྟེ། སྐབས་དེར་ང་ཚོར་གང་དུ་སླེབས་མིན་གསལ་ཆ་མེད་པའོ། དགེ་འདུན་ཆོས་འཕེལ་གྱིས་ཀྱང་འདི་ལྟར་གསུང་ཡོད་དེ། གླང་རྒན་གྱི་རྔ་མར་འཇུས་ཏེ་མིག་བཙུམ་ནས་རྗེས་དེད་ན་གླང་རྒན་གང་དུ་འགྲོ་བ་གསལ་ཆ་མེད་པ་ལྟ་བུ་རེད། ༼ཧ་ཧ༽ངས་ཚན་རིག་དེ་གླང་རྒན་རེད་ཟེར་གྱིན་མེད། བྱས་ཙང་ཚན་རིག་ལ་བརྟེན་ནས་རང་གིས་མི་སོ་སོར་དྲིས་ནས་གྲོས་བསྡུར་བྱས་པ་ཡིན་ན་ད་གཟོད་ང་ཚོས་ག་བར་སླེབས་པ་ཤེས་རྟོགས་བྱེད་ཐུབ།
༧ ༼ང་རོ༽སངས་རྒྱས་ཆོས་ལུགས་འདི་ཉིད་རང་རེའི་ཤེས་རིག་གི་གྲུབ་ཆ་སྟུག་ཤོས་སུ་གྱུར་བ་ལ། ཚན་རིག་གི་བྱེད་ཐབས་སྤྱོད་གང་ཐུབ་བྱེད་ཀྱིན་པའི་ཞིབ་འཇུག་གི་ལས་ཀ་འདིས་མ་འོངས་པ་ན་ང་ཚོའི་ཤེས་རིག་གི་གཅིག་གྱུར་དང་ཆིག་སྒྲིལ་གྱི་དམིགས་པར་གནོད་འདྲ་བྱེད་ཨེ་ཡོང་ངམ།
   མཁར་རྨེའུ། དེས་ང་ཚོའི་ཆོས་ལུགས་དང་ཤེས་རིག་གཅིག་གྱུར་ཐད་ནས་གནོད་རྒྱུ་མ་རེད་སྙམ། དེ་གང་ཡིན་ཟེར་ན། འདི་འདྲའི་གནས་ཚུལ་ང་ཚོ་གཅིག་པུ་མ་ཡིན་པར་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ལའང་ཡོད་དེ། དཔེར་ན། དེང་སྐབས་འཛམ་གླིང་གི་མི་ཕྱེད་ཀ་ཡེ་ཤུའི་ཆོས་ལུགས་པ་རེད། ཚན་རིག་པས་ཚན་རིག་གི་ཕྱག་ལས་གནང་དུས་ཆོས་ལུགས་དང་མ་མཐུན་པ་མང་པོ་མངོན་པར་ཕྱུང་གི་ཡོད་པ་དང་། ཡེ་ཤུའི་ཆོས་ལུགས་པའི་ཆོ་ག་དང་ཚན་རིག་ལས་ཀའི་དབར་དུའང་རྩོད་པ་ཆེན་པོ་ཡོད་མོད་ཀྱང་དེས་ཡེ་ཤུ་ཆོས་ལུགས་མེད་པ་ཆགས་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་མུ་མཐུད་ནས་དར་བ་ལ་དཔེ་ལོངས། གཞན་ཡང་ཡེ་ཤུའི་ཆོས་ལུགས་པས་སྟོན་པ་ཡེ་ཤུ་ནི་ཕ་མེད་པའི་བུ་ཞིག་ཡིན་ཞེས་ལབ་ཙ་ན་ཡང་ཚན་རིག་དང་རྩོད་པ་ཆེན་པོ་ཡོང་གི་ཡོད་ཀྱང་དེར་གསེད་དགྲོལ་བྱ་མ་བཏུབ་པར་བག་ལ་ཞ། ཡེ་ཤུའི་ཆོས་ལུགས་ལའང་གང་གི་ཤེས་རིག་ཅིག་ཡོད་པ་སྟེ། དཔེར་ན། སྟོན་པ་ཡེ་ཤུ་སྐུ་གཤེགས་ནས་ཞག་གསུམ་གྱི་གཞུག་ནས་བསྐྱར་གསོན་བྱུང་བའི་གཏམ་རྒྱུད་ཐད་ནས་ཀྱང་རྩོད་པ་ཇི་སྙེད་པ་མཆིས་ཀྱང་ཚན་རིག་གིས་ད་དུང་འགྲེལ་བཤད་བྱེད་མ་ཐུབ་པར་བཏང་སྙོམས་སུ་གྱུར་བ་སོགས་ལ་གཞིག་ན་ཚན་རིག་གིས་ཆོས་ལུགས་རིག་གནས་ཀྱི་མདུན་ལམ་ལ་གནོད་པ་མི་འགྲོ་བར་སྙམ།
༨ ༼ང་རོ༽ཉིད་ཀྱི་བརྩམས་ཆོས༼མདའ་དང་འཕང༽གི་བོད་འགྱུར་མ་བོད་ནང་དུ་བཀྲམས་རྗེས། ཞིབ་འཇུག་པའི་སྡེར་ཕྱོགས་སྟོན་དང་བློ་སྐྱེད་མང་དུ་གནང་སོང་། ཁྱེད་ཉིད་ལ༼མདའ་དང་འཕང༽དུ་མ་བཀོད་པའི་གསུང་རྩོམ་གང་དག་ཡོད་པ་ངོ་སྤྲོད་ཅིག་གནང་རོགས། རྗེས་ཕྱོགས་ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་སྡེའི་ཁྲོད་ནས་བོད་འགྱུར་བྱ་རྒྱུའི་དེབ་བམ་ཡང་ན་རིག་ཚན་གང་ཕྱོགས་ཀྱི་དཔྱད་འབྲས་བོད་འགྱུར་བྱས་ན་བཟང་ངམ།
  མཁར་རྨེའུ། ཐུགས་རྗེ་ཆེ། ༼མདའ་དང་འཕང༽གིས་ཁྱེད་ཚོར་ཕན་ཐོགས་ཅུང་ཟད་བྱུང་ན་ངའིབསམ་དོན་ཡང་འགྲུབ་པ་ཡིན། འདིར་མ་བཀོད་པའི་དཔྱད་རྩོམ་བཅོ་ལྔ་ཙམ་ད་ལྟ་བདེ་ཁང་བསོད་ནམས་ཆོས་རྒྱལ་ལགས་ནས་བསྒྱུར་བཞིན་པའི་སྒང་ཡིན་ལ། འདི་ཕལ་ཆེར༼མདའ་དང་འཕང༽གི་ཆ་ཤས་སུ་འགྱུར་གྱི་རེད། གཞན་ཡང་བདག་གིས་བྲིས་པའི་དེབ་ཁ་ཤས་ཡོད་པ་རེད། དཔེར་ན། རྫོགས་ཆེན་སྐོར་གྱི་དེབ་ཅིག་དང་། རྒྱལ་དབང་ལྔ་བའི་དག་སྣང་སྐོར་གྱི་གསེར་བྲིས་མའི་དེབ་ཅིག རྒྱལ་རོང་དུ་བོན་གྱི་བཀའ་བརྟེན་པར་དུ་བརྐོས་པའི་ལོ་རྒྱུས་སྐོར་གྱི་དེབ་ཅིག ད་ལྟ་རྒྱལ་དབང་ལྔ་བའི་རང་རྣམ་དཱུ་ཀཱུ་ལ་ཡི་གོས་བཟང་པོད་གསུམ་ཡོད་པ་པོད་དང་པོ་ཡོངས་སུ་དབྱིན་སྐད་དུ་བསྒྱུར་ཚར་ཡང་དཔར་སྐྲུན་མ་བྱས་པར་ལུས་ཡོད། ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་སྡེ་རུ་བོད་འགྱུར་བྱ་རྒྱུའི་དེབ་དང་རིག་ཚན་བོངས་ཆེན་པོར་འདུག དབྱིན་ཇིའི་སྐད་དང་ཧྥ་རན་སེའི་སྐད། འཇར་མན་གྱི་སྐད་སོགས་ཀྱིས་བརྩམས་པའི་བརྩམས་ཆོས་གཏོས་ཆེན་པོ་ཡོད་པ་རེད། དེ་དག་ནི་གཙོ་བོ་ལོ་རྒྱུས་རིག་པ་དང་། སྤྱི་ཚོགས་རིག་པ། མིའི་རིགས་རིག་པ། ཆོས་ལུགས་རིག་པ་བཅས་ཀྱི་བརྩམས་ཆོས་དག་རེད།
༩ ༼ང་རོ༽ཤར་ནུབ་རིག་གནས་ཀྱི་བརྡབ་གསིག་དང་འདྲེས་བསྲེས་ཀྱི་རླབས་རྒྱུན་དྲག་པོ་འདིའི་ངོས་ནས། ང་ཚོས་རང་རེའི་རིག་གཞུང་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་བར་ཁྱེད་ལ་བཞེད་དགོངས་གང་འདྲ་འདུག
   མཁར་རྨེའུ། བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་བྱ་དགོས་ན་དེར་ཕྱག་ལས་མང་བོ་ཞིག་བགྱི་དགོས་ཀྱི་ཡོད། བོད་ནང་གི་གཞོན་རབས་པར་མཚོན་ན་ཉམས་པ་སོར་ཆུད་ཟེར་བ་ནི་བཀའ་བསྟན་དཔར་སྐྲུན་བྱ་བ་ལྟ་བུ་ཞིག་མ་ཡིན་པར། དོན་ཕྲན་ཚེགས་ནས་མགོ་བཙུག་སྟེ་བསྒྲུབ་རྒྱུ་དེ་ཡིན། ཁྱེད་ཚོ་ད་ལྟ་སློབ་གྲྭར་ཕྱིན་ནས་རིག་གནས་སྦྱངས་ཏེ་དཔེ་ཆ་ཧ་གོ་བ་བྱུང་བ་དེ་ཡང་ཉམས་པ་སོར་ཆུད་ཀྱི་ནང་དུ་འདུ་བ་མ་ཟད་གོང་སྤེལ་གྱི་ཕྱོགས་ནས་ཀྱང་ཁྱེད་རྣམ་པས་ཕྱག་ལས་གནང་བ་རེད། དེང་སྐབས་འཛམ་གླིང་ཡུལ་གྲུ་ཇི་སྙེད་པར་བོད་པ་གནས་ཤིང་ཁོང་ཚོས་རང་གི་ཉེ་འཁོར་དུ་ལྷ་ཁང་དང་མཆོད་རྟེན་བཞེངས་ཤིང་བོད་ཡིག་བཀོལ་སྤྱོད་བྱེད་པ། ད་དུང་གསན་དགོས་པ་ཞིག་ནི། ད་ལྟ་བོད་དང་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་ཆེན་པོ་མང་བོ་ཞིག་ན་ལོ་བརྒྱ་ཕྲག་ལོན་པའི་བོད་དཔེ་བྲིས་མ་རྙིང་པ་མང་པོ་ཡོད་པ་དེ་དག་གློག་ཀླད་ནང་དུ་བླུགས་ན་སུ་གང་གིས་ཀྱང་རེག་ཐུབ་པར་མ་ཟད། རིག་གནས་གསར་བརྗེ་ལྟ་བུའི་གོད་ཆག་གང་བྱུང་ཡང་མེད་པར་ཆགས་མི་ཐུབ། སྔོན་མ་དེ་ལྟར་དཔེ་རྒྱུན་ཆད་པའི་ཉེན་ལ་ཐུག་པ་ཡང་། བོན་པོ་བཀའ་བརྟེན་ཚར་གཅིག་ལས་བརླགས་ཚར་བའི་དོན་རྐྱེན་བྱུང་བ་ལྟ་བུ་རེད།
༡༠ ༼ང་རོ༽ད་ཐེངས་ངེད་སློབ་གྲྭ་ནས་འཆད་ཁྲིད་བྱས་རིང་། སློབ་གྲོགས་ཚོས་ཁྱེད་ལ་དྲི་བ་མང་པོ་བཏོན་སོང་། དྲི་བ་འདི་དག་ལས་ཁྱེད་ཀྱིས་གཞོན་རབས་པའི་སྡེ་འདིས་རང་རེའི་ཤེས་རིག་འདིར་བཟུང་བའི་ལྟ་སྟངས་དང་བློ་སྦྱོང་། འདུ་ཤེས་འཛིན་སྟངས་ཕྱོགས་ནས་སློབ་སྟོན་གནང་རྒྱུ་གང་འདྲ་འདུག
  མཁར་རྨེའུ།  རེད། དྲི་བ་མང་བོ་བཏོན་སོང་། ངས་དེ་རིང་རྩིས་ཤིག་བརྒྱབ་པ་ཡིན། དྲི་བ་བརྒྱ་དང་བདུན་ཅུ་དོན་དྲུག་བཏོན་འདུག བདག་གི་བསམ་པར་པེ་ཅིན་གྱི་ཞིབ་འཇུག་པ་ཚང་མར་ང་ཚོ་བོད་ཀྱི་གཞུང་དང་བོད་ཀྱི་ཤེས་ཡོན་གྱི་ཆུ་ཚད་ཤིན་ཏུ་མཐོ་ལ་ལེགས་པོ་ཡོད་པས་སེམས་པ་དགའ་ལེ་བར་གྱུར། ངས་བསམ་པར་ལོ་རྒྱུས་ཁྲོད་ཀྱི་ཆོས་ལུགས་གྲུབ་མཐའ་ཕྱོགས་རིས་ཀྱི་རྩོད་པའི་ཕན་གནོད་ཀྱི་བསླབ་བྱར་བསམ་བློར་བཏང་ནས་གྲུབ་མཐའི་ལ་རྒྱས་མ་འཁྱེར། གྲུབ་མཐའི་ལ་རྒྱས་ང་ཚོའི་མི་རིགས་གཅིག་གྱུར་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱིན་ཡོད། འདི་ལ་བདག་གིས་ཁ་སང་བཤད་པའི་དད་པ་དང་དག་སྣང་དེ་ཤིན་ཏུ་གལ་ཆེན་པོ་རེད་ཟེར་བ་དེ་ཡིན། དེ་ལྟར་བྱས་ན་ཞིབ་འཇུག་ལ་དགེ་མཚན་ཤར་ཡོང་བ་མ་ཟད་མི་རིགས་གཅིག་གྱུར་ལ་ཡང་ཕན་པའི་རྒྱུར་ཤ་སྟག་ཏུ་འགྱུར་བའོ།།

པར་དབང༼ང་རོ༽རྩོམ་སྒྲིག་ཁང་ལ་ཡོད།



 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527646
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།