གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།
གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-05-13ལྟ་ཀློག (3827)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།
     ཞོལ་གྲོང་ཚོ།
      བདག་ངེས་པར་འགྲོ་འདོད་པ་ནི་ཞོལ་གྲོང་ཚོ་ཡིན། ཞོལ་གྲོང་ཚོ་ནི་པོ་ཏ་ལའི་ཆ་ཤས་ཤིག་ཡིན་ཞེས་བཤད་ཀྱང་འགྲིག་ལ། ཡང་ན་པོ་ཏ་ལའི་རམ་འདེགས་བྱེད་པའི་ལས་ཁུངས་ཀྱི་ཁུལ་ཞིག་ཡིན་ཞེས་བཤད་ཀྱང་ཆོག འདི་ལ་འགྲོ་བ་ནི་དགའ་ལྡན་ཕོ་བྲང་ལ་རྒྱུས་ལོན་པའི་ཆེད་དུ་ཡིན་ཞེས་བཤད་ན་ཡང་མི་ཆོག་པ་མེད།
     ཞོལ་གྲོང་ཚོ་ཕོ་བྲང་པོ་ཏ་ལའི་འོག་ཏུ་ཆགས་ཤིང་། མཁར་རྫོང་མཐོན་པོའི་གཤམ་འོག་ཏུ་གནས་པའི་གྲོང་ཚོར་ཞོལ་ཞེས་ཟེར་ཞིང་། དེར་ཞོལ་ལས་ཁུངས་ཡོད་ཅིང་དེ་ནི་བཀའ་ཤག་གི་ལས་ཁུངས་ཆེན་པོ་ཞིག་སྟེ་དེའི་ཁོངས་སུ་རྫོང་གཞིས་བཅོ་བརྒྱད་ཡོད།
     པོ་ཏ་ལ་ནས་བལྟས་ན་ཞོལ་གྱི་ཁང་བ་དག་གི་ཀླད་ནི་གཡུང་དྲུང་གི་རི་མོ་བཞིན་སྦྲེལ་ནས་འདུག་ཟེར་མོད། ཕངས་པ་ཞིག་ལ་པོ་ཏ་ལ་ལྟ་དུས་མཉམ་མ་བཞག ཞོལ་གྲོང་ ཚོའི་ལྕགས་རི་ཤིན་ཏུ་མཐོན་པོས་བསྐོར་བ་དང་བརྗིད་ཆགས་ལྡན་པ། དེ་ལ་ཤར་ལྷོ་ནུབ་གསུམ་ལ་སྒོ་ཆེན་རེ་ཡོད་པའི་ནང་དུ་གནས། རྩེ་ཞོལ་དུ་གངས་ཅན་ཕན་བདེའི་གཏེར་མཛོད་ཅེས་པར་ཤིང་དང་། དགའ་ལྡན་ཕུན་ཚོགས་གླིང་ཞེས་པར་ཤིང་བཞུགས་ཡུལ་ཡིན་པ་དེ་བོད་ཀྱི་པར་ཁང་ཆེ་གྲས་བཞིའི་ནང་གི་ཡ་གྱལ་གཅིག་ཡིན།
     ཞོལ་དུ་ད་དུང་ནས་ཁང་ཆེན་མོ། དམག་སྤྱི་ཁང་། གོ་མཛོད་རྡོ་རྗེ་གླིང་། འདོད་འཇོའི་དཔལ་སྐྱིད། ཆིབས་ར་མདོ་སྦུག མཛོ་མོ་རྭ། ཞོལ་ཆང་ཁང་། ཞོལ་བཙོན་ཁང་། སྡེ་དཔོན་མི་དྲག་གྲགས་ཅན་གྱི་གཟིམ་ཤག་ལ་སོགས་མང་བོ་ཡོད།
     བདག་གིས་པོ་ཏ་ལའི་ཐང་ཆེན་དུ་ལྕམ་མོ་རྡོར་དབྱིངས་ལ་སྒུག་ནས་ཅུང་འགོར་རྗེས་མོ་སླེབས་ཤིང་། མོས་ཁ་པར་བཏང་བ་ལས་ན་གཞོན་རྩོམ་པ་བོ་ལ་མོ་ཚེ་རིང་བཀྲ་ཤིས་བསུ་བར་སླེབས་བྱུང་། ཁོང་གིས་ངོ་སྤྲོད་བྱེད་ཀྱིན་དབྱིག་མཛོད་ཁང་དང་། ཞོལ་ལས་ཁུངས། བཙོན་ཁང་། དངུལ་པར་ཁང་། ལུང་ཤར་ཚང་བཅས་ལ་ལྟ་སྐོར་བྱས། ད་ལྟ་གསར་དུ་བཟོས་པའི་དངོས་པོ་དེ་དག་ནི་བདག་གིས་ཆེས་ལྟ་ན་མི་འདོད་པའི་ལོ་རྒྱུས་ཀྱི་བདེན་དཔང་རེད། གྲོང་ཚོ་འདིར་ད་ལྟ་མུས་གྲུ་བཞི་མ33470ཡོད་ཅིང་། སྔོན་ཆད་སྲིད་གཞུང་གི་བྱ་བ་སྒྲུབ་མཁན་དང་ཁྲིམས་གཉེར་བ། ཁྲལ་སྡུད་པ། དཔར་བ། ཞིང་བ་དང་བཟོ་བ་སོགས་ཀྱང་སྡོད།
     ད་ལྟ་ཞོལ་ལས་ཁུངས་འདི་ནི་སྔོན་གྱི་རི་བོ་ཆེན་པོ་གསུམ་ངོ་སྤྲོད་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་འགྲེམ་སྟོན་ཁང་དུ་བྱས་ཡོད། དྲ་བའི་སྟེང་དུ་ཞོལ་ལས་ཁུངས་སྒོ་ཕྱེས་པ་ཡང་གནས་འདི་ནས་སྤྱི་ཚོགས་རྙིང་བ་ནས་གསར་བར་འགྱུར་བའི་རིམ་པ་དང་སྤྱི་ཚོགས་རྙིང་བའི་མུན་ནག་གི་འཇིག་རྟེན་དེ་བསྟན་ནས་སྤྱི་ཚོགས་རིང་ལུགས་ཁོ་ནས་བོད་སྐྱོབ་ཐུབ་ཅེས་བཤད་ཡོད། དེ་ནི་ཞོལ་ལས་ཁུངས་སྒོ་ཕྱེས་པའི་ཆབ་སྲིད་ཀྱི་དོན་སྙིང་རེད། འདིའི་ཆེད་དུ2002ནས2005ལོའི་བར་པོ་ཏ་ལ་ཐེངས་གཉིས་པ་སླར་གསོ་བྱེད་དུས་འདི་ན་ཡོད་པའི་གྲོང་བའི་དུད་ཁྱིམ303གཞན་དུ་གནས་སྤོར་དུ་བཅུག ཆེད་ལས་མཁས་པ་མང་དུ་གདན་དྲངས་ཏེ་སྔོན་གྱི་ལོ་རྒྱུས་ཀྱི་གནའ་ཤུལ་གཞིར་བཟུང་ནས་ད་ལྟའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འདི་བསྐྲུན་པ་རེད། འདིའི་བཞེངས་པའི་སྐབས་སུ་ཆེད་ལས་མཁས་པ་དག་གིས་སེམས་ཞིབ་མོས་བཀོད་སྒྲིག་བྱས་པ་ལས་སྔོན་གྱི་ལོ་རྒྱུས་ཇི་བཞིན་བསྐྱར་དཔར་བྱས་པ་ཞིག་གཏན་ནས་མིན། འདིའི་ཆེད་དུ་རྒྱལ་ཁབ་ཀྱིས་སྒོར་ཁྲི་དྲུག་བརྒྱ་བཏང་ཡོད་འདུག  ད་ལྟ་དངོས་སུ་སྒོ་ཕྱེས་ཡོད་པའི་གནས13ཡོད་ཟེར་ཀྱང་བདག་འགྲོ་དུས་དབྱིག་མཛོད་ཁང་དང་ཞོལ་ལས་ཁུངས། དངུལ་པར་ཁང་། ལུང་ཤར་གྱི་སྒོ་ར་ལས་གཞན་སྒོ་ཕྱེས་མི་འདུག ཡིན་ན་ཡང་། ཞོལ་པར་ཁང་ལ་འགྲོ་མ་ཐུབ་པ་ལ་ཕངས་སེམས་ཤིན་ཏུ་ཆེ།
1
     དབྱིག་མཛོད་ཁང་འདི་ནི་གསར་དུ་བཟོས་པའི་འགྲེམ་སྟོན་ཁང་ཞིག་ཡིན་ལ། པོ་ཏ་ལའི་ཞོལ་དུ་འདི་ལྟ་བུའི་ལོ་རྒྱུས་འགྲེམ་སྟོན་ཁང་ཞིག་བཟོ་དགོས་པའི་དོན་སྙིང་གང་ཡིན་ནམ། ངས་དེ་ལྟར་བསམ་བཞིན་འགྲེམ་སྟོན་ཁང་ལ་ལྟད་མོ་བྱས། ར་བ་འདི་སྔོན་ཆད་བཀྲས་ཁང་གི་གཞིས་ཀ་ཡིན་ཞིང་། འགྲེམ་སྟོན་ཁང་འདི་བོད་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བཞེངས་ཏེ་མིང་ལ་དབྱིག་མཛོད་ཁང་ཞེས་བཏགས། འགྲེམ་སྟོན་ཁང་འདི་ནི་ཕྱི་བོད་ལུགས་དང་ནང་དེང་རབས་ཀྱིས་ཁྱད་ཆོས་ལྡན་པའི་ཁང་བ་སུམ་ཐོག་ཅིག་ཡིན་ལ་རྒྱ་ཁྱོན་མུས་གྲུ་བཞི་མ2000ཡོད་ཟེར། འདི་ནི་ཐེངས་གཉིས་པར་པོ་ཏ་ལ་བསྐྱར་གསོ་བྱེད་དུས་ཀྱི་ལས་གཞི་ཞིག་སྟེ། 2006ལོར་ལས་མགོ་བརྩམས་ཤིང2009ལོར་སྒོ་ཕྱེས་ཤིང་འགྲོ་གྲོན་སྒོར་ཁྲི1900བཏང་ཟེར།
     སྐུ་ཞབས་ལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་འདིའི་རྟེན་མང་ཆེ་བ་གནའ་རྫས་ཡིན་ལ་ད་དུང་འདྲ་པར་བསྐྱར་དཔར་བྱས་པ་ཡང་གང་མང་ཞིག་ཡོད་ཟེར། ད་དུང་དྲ་བ་ལས་མཐོང་བ་ལྟར་ན་འདི་ལྟར་འགྲེམ་སྟོན་བྱས་པའི་དམིགས་ཡུལ་ནི“ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་འབྲེལ་བ་དང་བོད་དང་མེས་རྒྱལ་གྱི་རིག་གནས་བརྗེ་རེས་མཚོན་པའི་ཆེད་དུ་ཡིན་ལ་པོ་ཏ་ལ་མཇལ་སྐོར་བྱེད་མཁན་མང་བས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་འགྲེམ་སྟོན་འདིས་ལྟད་མོ་བ་མང་བོ་འགུག་ཐུབ”ཟེར།
     ནང་དུ་སོང་མ་ཐག་ཏུ་མིག་ལམ་དུ་མངོན་འོངས་པ་ནི་པོ་ཏ་ལ་རུ་ཡོད་པའི་རྒྱལ་དབང་ལྔ་བ་དང་མན་ཇུ་གོང་མ་མཇལ་འཕྲད་ཀྱི་འདྲ་རིས་ཆེན་པོ་དེ་ཡིན་ལ། ཉིས་ཐོག་ལ་སོང་ན་རིག་དངོས་དེ་དག་མིག་ལམ་དུ་མངོན་འོང་། དེར་རྟེན་རྫས་རྩ་ཆེན་གང་མང་ཞིག་ཡོད་ཅིང་མང་ཆེ་བ་བོད་ཀྱི་དགོན་སྡེ་མང་བོའི་སྐུ་གསུང་ཐུགས་རྟེན་རྩ་ཆེན་དག་གདན་འདྲེན་ཞུས་ཡོད་པས་ངེས་པ་དོན་གྱི་དབྱིག་མཛོད་ཁང་ཞིག་ཏུ་གྱུར་འདུག འདིའི་ནང་དུ་ཡི་གེ་དང་། འདྲ་པར། འདྲ་འབག ཏ་ལའི་ལོ་མའི་གླེགས་བམ། དངོས་རྫས། རྫ་ཆས། འདྲ་སྐུ། ཆོས་ལུགས་ཀྱི་ཉེར་སྤྱད། ཐང་ག འཚོ་བའི་ཉེར་སྤྱད་སོགས་འགྲེམ་སྟོན་བྱེད་ཀྱིན་པའི་རིག་དངོས200ཡོད་ཅིང་། གཞན་དུ་མཐོང་དཀོན་པ་མང་བོ་ཡོད་པས་ལྟ་རྒྱུ་དང་མཇལ་རྒྱུ་གཉིས་ཀ་ཡོད་པ་ཞིག་རེད། 
     དེ་བས་འདི་ལས་བོད་ཀྱི་ཆོས་ལུགས་དང་གོམས་སྲོལ་ཆབ་སྲིད་རིག་གནས་སྒྱུ་རྩལ་གྱི་རིན་ཐང་བྲལ་བའི་རྒྱུ་ཆ་མང་བོ་ཞིག་ཡོད་པ་རེད། དཔེར་ན་དུས་རབས་ལྔ་བ་དྲུག་པའི་སྐབས་ཀྱི་སྟོན་པས་ཆོས་འཁོར་བསྐོར་བའི་འདྲ་སྐུ། དུས་རབས་བཅུ་གཉིས་པའི་ནང་དུ་བྱུང་བའི་དུང་དཀར་གཡས་འཁྱིལ་དང་དུས་རབས་དགུ་བའི་ཏ་ལའི་ལོ་མའི་གླེགས་བམ། གོང་མ་སོ་སོས་བོད་ཀྱི་བླ་དཔོན་དག་ལ་གནང་བའི་ཐམ་ཀ་སོགས་དུས་རབས་སོ་སོའི་རིག་དངོས་མང་བོ་ཡོད་པ་རེད། ད་དུང་པད་མ་འདབ་བརྒྱད་དཀྱིལ་ན་ཀྱེ་རྡོར་གྱི་དཀྱིལ་འཁོར་བཞུགས་པའི་རྟེན་ཁྱད་པར་བ་ཞིག་ཀྱང་བཞུགས།
2
     ཞོལ་བ་ལས་ཁུངས་ནི་སྔར་ལྷ་སའི་གླིང་སྐོར་ཕྱི་དང་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་ལ་ཁྲལ་སྡུད་ཁྲིམས་གནོན་བྱེད་པའི་སྲིད་འཛིན་གྱི་ལས་ཁུངས་གྲགས་པ་དང་ལྡན་པ་ཞིག་ཡིན། ལོ་རྒྱུས་དེབ་ཐེར་ལ་འཁོད་པ་ལྟར་ན་རྒྱལ་དབང་ལྔ་བའི་གོང་དུ་ལས་ཁུངས་འདིར་མི་འགའ་ཤས་ལས་མེད་ལ་སྤྱི་ལོ1675ལོར་སྡེ་སྲིད་བློ་བཟང་སྦྱིན་པས་ཞོལ་ལས་ཁུངས་བཙུགས་པ་ནས་ལྷ་སའི་གླིང་སྐོར་གྱི་ཕྱི་ལ་གནས་པའི་ཡུལ་གྲོང་ཁག་དང་། རྫོང་གཞིས་བཅོ་བརྒྱད་ཀྱི་གྱོད་དོན་ཆེ་རིགས་ཐག་གཅོད་བྱེད་མི་ཐུབ་པ་དག་བཀའ་ཤག་ལ་སྙན་སེང་ཞུ་དགོས་པ་ཕུད། དེ་བྱིངས་ཞོལ་བ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད།
     ཞོལ་བ་ལས་ཁུངས་ཀྱི་རྒྱུན་གཏན་དོ་དམ་བྱེད་མཁན་གཉེར་ཞེས་སེར་སྐྱ་གཉིས་རིམ་པ་ལྔ་བའི་གོ་གནས་ཡོད་ཅིང་། ལོ་རྒྱུས་ཐོག་རིམ་པ་བཞི་བ་དང་ཛ་སག་ཐའེ་ཇིའི་གོ་གནས་ཡོད་པའང་ཁ་ཤས་བྱུང་འདུག ད་དུང་ཞོལ་བ་ལས་ཁུངས་ཀྱི་ནང་དུ་འབྲུ་མཛོད་ཁང་ཡོད།
     ད་ལྟ་དེའི་ནང་དུ་ཁྲལ་འཇལ་བའི་ཉམ་ཆུང་གི་བུད་མེད་ཅིག་གིས་བྱིས་པ་ཞིག་ཁྲིད་ནས་ཁྲལ་འཇལ་བ་དང་སྐུ་དྲག་དག་ལ་དྲེགས་པས་ཉམས་འགྱུར་གྱིས་ཁྱབ་འདུག་པའི་འབག་བཟོས་ཡོད་ལ། ཞིང་བྲན་ལམ་ལུགས་མཚོན་པའི་ཡིག་ཆ་སྣ་ཚོགས་ཀྱང་བཤམས་འདུག
     ངས་གོ་ཐོས་ལྟར་ན་སྔོན་ཆད་ལྷ་སའི་སྐུ་དྲག་དག་ལ་ང་རྒྱལ་ཆེ་ཞིང་། ཆེ་ཆེ་དྲག་དྲག་བྱེད་པར་དགའ། འོན་ཀྱང་སྐུ་དྲག་ནི་སྐུ་དྲག་ཡིན་པ་ལས་བོད་ཀྱི་དཔོན་ས་འཛིན་པ་མིན་མོད། བོད་སྲིད་གཞུང་གི་གཞུང་ཞབས་པའི་ནང་དུ་སྐུ་དྲག་མང་བོ་ཞིག་ཡོད། འོན་ཀྱང་སེར་མོ་བ་ལས་བྱུང་བའི་དཔོན་རིགས་མང་ཆེ་བ་སྐུ་དྲག་ལས་བྱུང་བ་མ་ཡིན་པར་མི་སེར་ཕལ་བ་ལས་བྱུང་བའི་ཡོན་ཏན་པ་རྐྱང་རྐྱང་རེད།  འོན་ཀྱང་བཅུ་གསུམ་པ་ཆེན་པོས་ལམ་ལུགས་བཅོས་བསྒྱུར་གནང་དུས་ཡོན་ཏན་ཅན་གཙོ་བོར་འཇོག་པ་དང་མི་དམངས་གཙོ་བོ་འཇོག་པ། སྤྱི་བ་གཙོ་བོར་འཇོག་པའི་སྲོལ་གཏོད་པས་བཀྲ་ཤིས་ལྷུན་པོ་ལྟ་བུར་ཕོག་ཐུག་བྱུང་ནས་འགལ་བ་བྱུང་བ་ལྟ་བུ་རེད།
     དུས་རབས་འགྱུར་བ་དང་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ཀྱང་འགྱུར་འདུག འོན་ཀྱང་འདི་དག་ལ་འགྱུར་བ་ཡོད་མེད་ངས་ཤེས་མ་སོང་། ངས་འདི་ལ་བསམ་བཞིན་སྔོན་གྱི་ཡིག་ཆ་ཞིག་མཐོང་ཐུབ་མིན་ལ་རེ་བ་བྱས་མོད། ཕངས་པ་ཞིག་ལ་དེ་འདྲའི་ཡིག་ཆ་འཚོལ་བ་ནི་གསེར་བརྐོ་བ་ལས་ཀྱང་དཀའ།
     སྐབས་འདིར་ངའི་སེམས་ལ་ཞོལ་ལས་ཁུངས་ཀྱིས་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་བོ་རྩོམ་པའི་ཆེད་དུ་འབྲུ་དང་ཕོགས་བྱིན་ཏེ་མཇུག་ངེས་པར་འགྲུབ་དགོས་ཞེས་གདམས་པ་དེ་རེད། དེ་ནི་ཁོ་ཚོས་དགེ་འདུན་ཆོས་འཕེལ་བཙོན་དུ་བཟུང་རྗེས་དེབ་དཀར་དེ་དགེ་འདུན་ཆོས་འཕེལ་ལས་ཀྱང་གལ་ཆེ་བ་ཞིག་ཏུ་ཤེས་པས་བཙོན་ནས་བཏང་མ་ཐག་ཏུ་ཐག་གཅོད་འདི་བྱས་པར་མངོན།
     འོན་ཀྱང་ཁོ་ཚོས་འདི་དང་འདི་ལྟ་བུའི་ལས་ཀ་མང་དུ་བྱས་ཡོད་མེད་ད་ལྟ་སུས་ཀྱང་ཤེས་ཐུབ་པ་ཞིག་མིན་པ་འདྲ།
     སྐུ་དྲག་འདི་དག་སྔོན་གྱི་སྐུ་དྲག་དག་ཡིན་ནམ། ཡང་ན་ད་ལྟའི་སྐུ་དྲག་ཅིག་ཡིན། འོན་ཀྱང་སྔོན་གྱི་སྐུ་དྲག་འདི་དག་ཀྱང་རིག་གསར་མགོ་ལ་ཡོང་དུས་ད་ལྟའི་འདི་ལྟ་བུའི་གཟི་བརྗིད་ཅིག་ཡོད་དམ།
3
     ཞོལ་བཙོན་ཁང་ལ་འགྲོ་དུས། དེ་ནི་ཉེ་བའི་ཆར་བཟོས་པའི་སྣང་བ་ཞིག་ངང་གིས་འཆར་བྱུང་། སྐབས་དེར་ལྷ་ས་ན་བཙོན་ཁང་གཉིས་ཡོད་པའི་གཅིག་འདི་དང་གཅིག་སྣང་རྩེ་ཤག་རེད། ང་རང་སྣང་རྩེ་ཤག་ལ་ཡང་སོང་མོད། སྔོན་གྱི་བཙོན་ཁང་གི་ཤུལ་དེ་མཐོང་མ་བྱུང་། གཙུག་ལག་ཁང་གི་འདབས་འབྲེལ་གཉེར་ཚང་ལས་ཁུངས་ཟེར་བ་དེ་ལ་ལྷོ་རྒྱུད་ཀྱང་ཟེར་ཞིང་དེ་ནི་བཙོན་པ་མཐོ་རིམ་འདྲི་གཅོད་བྱེད་ས་ཞིག་རེད།
     དེ་ན་མིག་འདོན་པ་དང་ཁྲིམས་གཅོད་ལག་ཆ་སྣ་ཚོགས། ཕྱུག་བདག་གིས་བཤུས་པའི་བྲན་གཡོག་གི་པགས་པ་ཡིན་ཟེར་བ་མདོག་ནག་པོར་ཆགས་པ་ད་དུང་བཙོན་མ་སྣ་ཚོགས་ཀྱི་འདྲ་གཟུགས་བཅས་ཏེ། བཙོན་ཁང་འདིར་ཆེས་མང་ན་ཡང་བཙོན་མ་ཉིས་བརྒྱ་ཡས་མས་ལས་མི་ཤོང་བ་འདྲ། ད་དུང་མིག་འདོན་པའི་ཨག་སྐད་དང་ཁྲིམས་གཅོད་པའི་འཁུན་སྒྲ་སོགས་ཀྱང་བཟོས་འདུག་ལ། སྲིན་བུས་བཙོན་མའི་སྟེང་དུ་རྨུགས་བཞིན་པའང་བཟོས་འདུག
     བཙོན་ཁང་འདིར་སླེབས་དུས་ང་ཧ་ལས་བྱུང་། མངའ་བདག་ཆེན་པོ་གསུམ་ལ་ཞེ་འཁོན་འབར་ངེས་ལ་དེ་འབར་བའི་ཆེད་དུ་བཙོན་ཁང་འདིར་དེང་རབས་ཅན་གྱིས་ལག་རྩལ་གྱིས་ཆེད་དུ་བཟོས་པའང་ཡིན་ལ། ད་དུང་བཙོན་མ་དག་ལ་རྐང་ལྕགས་བརྒྱབས་ནས་ཁྲོམ་དུ་སྒོར་དང་ཟ་མ་སློང་བའི་ཚུལ་གྱི་འདྲ་པར་ཀྱང་བཤམས། དགེ་འདུན་ཆོས་འཕེལ་གྱིས་ང་སྒོར་སོང་ན་མི་ཆོག་ཀྱང་སྐྱེ་དམན་དེ་ང་ལ་དྲིན་ཆེན་པོ་ཞེ་དྲག་ཡིན། བཙོན་ཁང་ནང་སྡོད་པའི་སྐབས་ང་ཕྱི་ལ་འགྲོ་ཆོག་གི་མ་རེད། མོ་རང་འགྲོ་ཆོག་གི་རེད། ངས་སྐུ་དྲག་དེ་ཚོར་ཡི་གེ་རེ་བྲིས་ནས་བཏང་ན་ག་རེ་དགོས་པ་དེ་གནང་གི་ཡོད། མོ་རང་སོང་ནས་བླངས་ཆོག་གི་རེད་ཅེས་གསུངས་འདུག དེར་བལྟས་ན་ཆབ་སྲིད་ཀྱི་བཙོན་མ་ཕྱི་ལོགས་ལ་འགྲོ་མི་ཆོག་པ་གཞན་དག་འགྲོ་ཆོག་པ་འདྲ་པར་དེས་ཀྱང་ཤེས། འོན་ཀྱང་ལ་ལ་རྐང་ལྕགས་བརྒྱབས་ནས་སོང་ཆོག་ལ་ལ་ལ་མ་བརྒྱབས་ཀྱང་སོང་ཆོག་པ་འདྲ། སྐབས་དེར་ངའི་སེམས་ལ་དགེ་འདུན་ཆོས་འཕེལ་གྱི་བོད་ནི་དམ་པའི་ཆོས་དར་བའི་ས་ཆ་ཡིན་པས་འཛམ་བུའི་གླིང་གི་ནང་དུ་བོད་ཀྱི་བཙོན་ཁང་འདྲ་འདྲའི་བཙོན་ཁང་སྐྱིད་པོ་ཞིག་ཡོད་རྒྱུ་མ་རེད་ཅེས་པ་དེ་དྲན་བྱུང་། 
    གཏན་ཚིགས་ཀྱི་སྟེང་ནས་བལྟས་ན་ད་ལྟའི་བཙོན་ཁང་འདིའི་ཇུས་འགོད་འདིར་ནང་འགལ་དང་ནོར་འཁྲུལ་མང་བོ་བྱུང་འདུག ངས་བལྟས་ཤིང་ལྟ་བཞིན་དགོད་བྲོ་བ་ཞིག་ཀྱང་བྱུང་སོང་། ལྟོས་དང་། འདི་འདྲའི་མནར་གཅོད་གཏོང་བའི་བཙོན་ཁང་ཞིག་གི་བཙོན་མ་སྲང་ལ་འཁྱམས་ནས་དངུལ་དང་ཟ་མ་སློང་སྲིད་དམ། བཙོན་པ་ཁྲོམ་ལ་འགྲོ་བའི་རང་དབང་ཡོད་པའི་བཙོན་ཁང་ཞིག་ཡིན་ན་དེ་ནི་ཆེས་རང་དབང་ལྡན་པའི་བཙོན་ཁང་ཞིག་མིན་པ་ཅི་ལ་སྲིད། 
    ཞོལ་བཙོན་ཁང་གི་མིང་གཞན་ལ་སྤང་སྟེང་ཐོག་ཁ་ཟེར། སྤྱིར་བཙོན་པ་ཚང་མ་ཤར་ངོས་དེར་བཞག་ཡོད། ཡིན་ནའང་། བོད་རང་གི་བྲིས་པའི་དཔྱད་གཞིའི་ཡིག་ཆ་ལས་བཙོན་ཁང་འདིའི་སྐོར་བཤད་པ་ཤིན་ཏུ་ཉུང་། ལྷ་ཀླུས་བྲིས་པའི་རང་གི་བྱུང་བ་བརྗོད་པ་ལས། བཙོན་ཁང་དེ་ཉིས་ཐོག་ཡིན་ལ། ཐོག་ཁང་དུ་བཙོན་མ་ཡང་ཤོས་རྣམས་སྡོད་པས་ལྷ་ཀླུས་ཐབས་ཤེས་སྣ་ཚོགས་ཀྱིས་ལུང་ཤར་དེར་སྤོར་བཅུག་པ་དང་། ལུང་ཤར་ལ་རྒྱུན་ཏུ་ཉིན་རེར་ཐེངས་གཉིས་ལ་ཟ་མ་སྐྱེལ་བའི་སྐོར་བཀོད་ཡོད།
     ལུང་ཤར་གྱི་མིག་བཏོན་པའི་ས་ཡང་འདི་ཡིན་ངེས་ཏེ། ད་ལྟ་ལུང་ཤར་གྱི་མིག་འདོན་པའི་ཚུལ་གློག་གིས་བཟོས་ནས་ཨག་སྐད་རྣ་བར་གཟན་པ་ཞིག་གིས་ལྷང་ངེར་ཐོས་བྱུང་། གལ་ཏེ་ལུང་ཤར་གྱི་བུ་དག་གིས་ཐོས་ན་སྙིང་ལ་ན་ཟུག་མི་རྒྱས་རང་རྒྱས་ཡིན། བོད་ཀྱི་ལོ་རྒྱུས་སྟེང་བཙོན་མ་ལུང་ཤར་མིག་འདོན་པ་ནི་ལོ་རྒྱུས་སྟེང་བཀོད་པའི་དབང་བོ་བཏོན་པའི་ལོ་རྒྱུས་ཁོ་ན་ཡིན་ལ་དེ་ལས་གཞན་གང་ཡང་མ་ཐོས། 
     སྐབས་འདིར་ངས་ཨ་མ་རྒན་མོ་འདས་པོ་ཞིག་གིས་བདག་ལ་བཤད་པའི་སྐད་ཆ་སྟེ། སྔོན་ཆད་རྐུན་མ་ལང་ཤོར་བྱུང་ནས་ཅི་བྱས་ཀྱང་ཐབས་མེད་ན་ད་གཟོད་ཁོའི་ལག་པ་བཅད་དེ། སློང་མོ་བྱེད་དུ་འཇུག་པ་ཡིན་གསོད་འོས་པ་དག་གི་མགོ་ལེན་པའི་ཚབ་ཏུ་མིག་འདོན་ནས་འཇིག་རྟེན་གྱི་བྱ་བའི་ལས་ལ་འཇུག་མི་ཐུབ་པ་བཟོས་ནས་དལ་འབྱོར་ལ་སྙིང་བོ་ལེན་པའི་ཆེད་དུ་མ་ཎི་འདོན་ཆོག་ཅེས་བཤད་པའི་གནས་ཚུལ་དེ་དྲན་ནས་ཆོས་ལུགས་དར་བའི་ས་འདིའི་ཁྲིམས་ལུགས་ལ་ཡང་བསམ་རྒྱུ་ཡོད་པ་ཞིག་རེད་སྙམ་བྱུང་། 
     དུས་རབས་རིམ་བྱོན་གྱི་བོད་ཀྱི་ཁྲིམས་ཡིག་ནི་སྐབས་དེའི་སྤྱི་ཚོགས་ལ་ལྟ་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་པས་རང་དབང་མེད་པར་ཁྲིམས་ཡིག་ལ་བལྟ་དགོས་བྱུང་།
     བོད་ཀྱི་ཁྲིམས་ཀྱི་མགོ་མ་གཉའ་ཁྲི་ནས་བྱུང་མོད་དེའི་སྐབས་ཁ་ཚང་བ་ཞིག་གཏན་ནས་མིན། སྲོང་བཙན་གྱི་སྐབས་སུ་ཐོན་མི་དང་མགར་གཉིས་ཀྱིས་ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེར་བླངས་པའི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་བཅས་ཀྱི་ཁྲིམས། ཁབ་སོ་ནང་བའི་ཁྲིམས་ཏེ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སྙིང་བོར་བྱས་པའི་ཁྲིམས་ཆེན་པོ་དྲུག་གིས་མཚོན་ལྷ་ཆོས་མི་ཆོས་ཀྱི་ཁྲིམས་བཅས་པ་འདི་ནི་ཁྲིམས་ལུགས་ཀྱི་ཚད་མཐོན་པོ་ཞིག་ཏུ་སོན་པའི་རྟགས་ཤིག་ཡིན་པ་འདྲ།
     དེའི་རྗེས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཕོ་མིག་མི་འདོན་པ་དང་མོ་སྣ་མི་གཅོད་པ། མཚང་ཅན་མི་དགུམ་པ། སྐྱེ་བོ་ཐམས་ཅད་ཀྱི་རྗེ་བོའི་བཀའ་དྲན་པ། རྗེ་འབངས་ཐམས་ཅད་ཀྱི་རབ་བྱུང་བ་འཁུར་བ་སོགས་ཁྲིམས་བྱས། དེ་ནས་མུ་ནེ་བཙན་པོ་དང་ཁྲི་ལྡེ་སྲོང་བཙན། ཁྲི་རལ་བ་ཅན་གྱི་བར་ཕྱི་ཡི་འབངས་རྣམས་ཕྱུགས་ལུག་བཞིན་དུ་སྐྱོང་། །ནང་གི་འབངས་རྣམས་བུ་ཚ་བཞིན་དུ་འདུལ། །བར་གྱི་འབངས་རྣམས་བུ་སྤུན་བཞིན་དུ་འདྲིས། །དེ་ལྟར་མཛད་པས་བོད་ཀྱི་རྒྱལ་ཁམས་བདེ་ཞེས་པའི་ཁྲིམས་མཛད་པས་རྒན་མོའི་གསེར་འཁུར་ཞེས་པའི་གཏམ་རྒྱུད་བྱུང་།
     དཔལ་ལྡན་ས་སྐྱ་བའི་སྐབས་སུ་ཁྲིམས་ཀྱི་སྦྱོར་བ་ཐམས་ཅད་ཆེན་པོ་ཧོར་གྱི་ལུགས་བཞིན་མཛད་དེ་མི་བསད་ན་སྲོག་ཚབ་ཏུ་སྲོག་གཏོང་བར་མཛད། ཏ་སི་ཏུ་རྒྱལ་མཚན་གྱིས་རྒྱལ་ས་བཟུང་དུས། སྔོན་གྱི་ཆོས་རྒྱལ་བཙན་པོའི་སྲོལ་བཟང་མི་ཉམས་པ་བཅས་དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་བརྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། སྨྱོན་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲལ་འབྲེལ་བཟླུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་བར་ཚུར་གྱི་ཞལ་ལྕེ་སྟེ་ཞལ་ལྕེ་བཅོ་ལྔ་གཏན་ལ་ཕབ།
     སྡེ་སྲིད་གཙང་བས་བོད་ཀྱི་སྲིད་དབང་བཟུང་སྐབས་སྔར་གྱི་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔའི་སྟེང་དུ་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་བསྣན་ནས་ཞལ་ལྕེ་བཅུ་དྲུག་གཏན་ལ་ཕབ།
     དགའ་ལྡན་ཕོ་བྲང་གི་སྐབས་ལྔ་བ་ཆེན་པོས་མཆོག་དམན་ཀུན་ལ་ལུགས་ཟུང་དང་འབྲེལ་བའི་བསླབ་བྱ་དྭངས་ཤེལ་མེ་ལོང་དང་། མེས་པོའི་ཞལ་ལུང་། མུ་ཐི་ལིའི་ཕྲེང་བ་སོགས་གཞིར་བཟུང་ནས་ཁྲིམས་བསྒྱུར་བ་དང་། བདེན་པ་འདྲ་གཉིས་བྱུང་ན་གཅོད་རྒྱ་མི་བདེ་བ་བྱུང་ན་ལྷ་སྲུང་དཔང་དུ་བྱས་ནས་མནའ་སྐྱེལ་བ་དང་བདེན་པ་བརྡར་ཏེ་ཤོ་རྒྱག་པ། རྡོ་སྣུམ་འདོན་པ་སོགས་ཡོད་ཀྱང་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་ཁྲིམས་ལ་ཡང་བཅོས་བསྒྱུར་ཆེན་པོ་བྱས་ཏེ་དེ་ནས་བཟུང་སྲོག་ཁྲིམས་གཅོད་པ་གཏན་འགོག་མཛད།
     འདི་ནི་འཛམ་གླིང་གི་ཁྲིམས་ལུགས་ཀྱི་ལོ་རྒྱུས་ཐད་ནས་ལྒིང་རིན་ཡོད་པ་ཞིག་རེད་ཨང་། དེའི་སྔོན་དུ་མི་གསོད་པའི་ཁྲིམས་ཡོད་མོད། བོད་ནི་ཆོས་ལྡན་གྱི་ཞིང་ཁམས་ཡིན་པས་མི་གསོད་གྱོད་གཞི་ཉུང་བས་ཉེས་ཅན་ཁྲག་སྦྱོར་གྱི་ལོ་རྒྱུས་བཙལ་ཀྱང་མང་བོ་ཞིག་རྙེད་དཀའ་བ་རེད།
     སྐབས་འདིར་བདག་གི་ཡིད་ལ་ཤར་འོང་བ་ནི་དགེ་འདུན་ཆོས་འཕེལ་རེད། ཁོང་ནི་དམིགས་བསལ་གྱི་མི་སྣ་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་སུ་ཁོང་བཙོན་ལ་བཅུག་པའི་སྐོར་ཅུང་མང་ཙམ་བཤད་འདུག་ཅིང་ཁོང་གི་སྐོར་ལས་བཙོན་ཁང་འདིར་ཆ་རྒྱུས་ཅུང་ཟད་ལོན་ངེས་རེད།
     སྐབས་སུ་བོད་པ་རྣམས་ཀྱིས་བཙོན་དུ་བཅུག་པ་ལ་དོ་དམ་ཞེས་མིང་སྙིང་རྗེ་བོ་ཞིག་ཡོད་འདུག མིང་འདི་ནི་རིག་གནས་མཚོན་པའི་མིང་ཞིག་ཡིན་པས་བསམ་གཞིག་གནང་རིན་ཡོད་མོད་ངས་བསམ་གཞིག་དེ་ཁྱེད་ཚོའི་བསམ་གཞིག་གི་ཚབ་བྱ་མི་འདོད་པས་རང་རང་གི་ས་ནས་བསམ་གཞིག་བྱ་རོགས།
     བཙོན་ཁང་དེར་ཕྱི་ནས་ག་རེ་བྱིན་ན་སྟེར་ཆོག་པ་དང་ནང་དུ་རང་དང་བློ་ཁ་མཐུན་པའི་བུད་མེད་བཙོན་མ་དང་ལྷན་ཅིག་བསྡད་ཆོག་ལ། ཆང་ཡང་འཐུང་ཆོག དགེ་འདུན་ཆོས་འཕེལ་གྱིས་ཆང་དང་ཨ་རག་བཙོན་ཁང་ནས་ལོབས་པ་ཡིན་ཞེས་ཁོང་གི་སློབ་མ་དང་གྲོགས་པོ་དག་གིས་ལྒིང་། དགེ་ཆོས་བཙོན་ཁང་དེ་ནས་ཁམས་མོ་ཞིག་ཁྲིད་ནས་ཡོང་བའི་ལོ་རྒྱུས་འདི་རིགས་ཤིན་ཏུ་མཚར་བོ་ཞིག་མ་ཡིན་ནམ། འདི་ལྟ་བུའི་ལོ་རྒྱུས་ཤིག་འཛམ་གླིང་ན་ག་ཚོད་ཡོད་དམ། ངས་གཏན་ནས་ཤེས་མ་སོང་།
     ད་ལྟ་བཙོན་ཁང་འདིར་རྟ་ལྕག་བྲབས་པའི་སྒྲ་བཟོས་ཡོད་པ་བཞིན་སྔོན་ཆད་བཙོན་པ་ལ་རྟ་ལྕག་བྲབས་པའི་སྲོལ་ཡོད་དེ་དགེ་འདུན་ཆོས་འཕེལ་ལ་སྣང་རྩེ་ཤག་ནས་རྟ་ལྕག་ལྔ་བཅུ་གཞུས་པ་རེད། ད་ལྟ་ང་ཚོས་བཙོན་མ་ལ་རྟ་ལྕག་གཞུས་པའི་གྲངས་ཚད་མི་ཤེས་ཀྱང་དགེ་འདུན་ཆོས་འཕེལ་ལ་གཞུས་པ་དེ་ཉེས་པ་ཆེས་ལྕི་བའི་ཚད་ཅིག་ཨེ་ཡིན་ནམ་སྙམ་བྱུང་། ཡང་སྲིད་སྐྱོང་སྟག་བྲག་གིས་དགེ་ཆོས་ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་ཐང་ག་བཞེངས་བཅུག་པའི་ལོ་རྒྱུས་ཀྱང་ཡོད་པ་རེད།
     ལོ་སར་སྐབས་སྣང་རྩེ་ཤག་གི་བཙོན་མ་རྣམས་ལྷ་སར་བསྡད་མི་ཆོག་པར་ཞོལ་ལས་ཁུངས་ལ་སྤོར་དགོས་པ་སྨོན་ལམ་ཆེན་མོ་འཚོགས་ནས་ཕྱིར་སྤོར་དགོས་པ་རེད། དེ་ནི་སྨོན་ལམ་ཆེན་མོའི་དགོས་མཁོར་བསམ་པ་ཞིག་ཡིན་ཤོས་ཆེ།
     ངོ་མཚར་བ་ཞིག་ལ་བོད་ཀྱི་བཙོན་ཁང་དུ་ཚུད་ནས་ལྷོད་བཀྲོལ་བྱེད་པའི་དུས་ལ་སླེབས་ན་ཡང་འགན་ལེན་མཁན་མེད་ན་མུ་མཐུད་དུ་བཙོན་ཁང་ནས་འདུག་དགོས་པ་དང་། བཙོན་ཁང་ཁྱིམ་ཚང་ལྟ་བུར་བྱས་ནས་འདུག་དགོས་པ་དེ་རེད། དེ་བས་དགེ་འདུན་ཆོས་འཕེལ་གྱི་འདུག་རོགས་བུད་མེད་དེ་ཡང་དེ་ལྟ་བུ་ཞིག་རེད། དེ་བས་ཀྱང་ཧ་ལས་པ་ཞིག་ནི“བཙོན་ཁང་ནས་བཞུགས་པའི་སྐབས་དཔེ་ཆ་ཁྲིད་པ་སེམས་ཐག་རེད། སྐུ་དྲག་དེ་ཚོས་གསོལ་རས་དེ་འདྲ་གནང་གི་ཡོད་པ་རེད། དེའི་སྐབས་སྐུ་དྲག་གི་ལྟ་བ་དེ། བཙོན་ཁང་ཛོར་པོ་དེ་འདྲ་ནང་ལ་འགྲོ་གི་མ་རེད”ཅེས་པ་འདིར་བལྟས་ན་བཙོན་ཁང་དུ་དཔེ་ཁྲིད་ཀྱང་བྱེད་ཆོག་པ་འདྲ།
     ལྷག་པར་བཙོན་ཁང་དེར་བཙོན་མ་ཤི་བ་དག་འདྲེར་སྐྱེས་པའི་བཤད་རྒྱུན་མང་བ་དང་མཚམས་མཚམས་སུ་བཙོན་མ་དག་གིས་དངོས་སུ་མཐོང་བ་ཡང་བཤད་རྒྱུ་ཡོད། དགེ་ཆོས་ཀྱིས་ཀྱང་དེ་འདྲ་བའི་བྱ་དེ་མགོ་བོ་མེད་པ་ཞིག་ཕར་རྒྱུགས་ཚུར་རྒྱུགས་བྱེད་པ་མཐོང་བྱུང་ཟེར། ཡང་བཙོན་མ་ཤི་ནས་ཐུགས་དམ་ལ་བཞུགས་པ་ཡང་མཐོང་རྒྱུ་ཡོད་སྐད། 
     དགེ་འདུན་ཆོས་འཕེལ་བཙོན་ཁང་འདིར་བཞུགས་དུས་དོ་དམ་པ་གསུམ་ལས་མེད་ཅིང་ས་འདིའི་རྒྱ་ཁྱོན་ལ་བལྟས་ན་དོ་དམ་གསུམ་ལས་དགོས་ཚོད་ཀྱང་མི་འདུག
     དགེ་ཆོས་ཀྱིས་དགོད་བྲོ་བ་ཞིག་ལ་སྐབས་དེར་ཞོལ་ལ་ཚེ་བཙོན་ཡིན་ཟེར་བའི་མི་རྒན་ཞིག་འདུག ད་ཆ་ལོ་མང་བོ་སོང་ཟིན་ནས་བཙོན་སྲུང་བ་ཚོ་དང་གྲོགས་པོར་གྱུར་ནས་ཕན་ཚུན་ལ་བློ་འཁེལ་ཏེ་ལོ་ལྟར་ཟླ་བ་རེ་གཉིས་ལ་འཕན་པོ་ལ་གཉེན་འཕྲད་དུ་འགྲོ་ཞིང་། འགྲོ་ཁར་བཙོན་སྲུང་བས་ཁོ་ལ་སྤོ་རྒྱུན་རིང་ན་སྐུ་དྲག་ཚོས་མཁྱེན་ཡོང་། དུས་ཚོད་ཏག་ཏག་ལ་ལོག་ཤོག་ཟེར་ཞིང་ཁོས་ཀྱང་ཀོ་ཐག་ཀློད་མི་ཡོང་ཟེར་ནས་གཉེན་འཕྲད་ཚར་བ་དང་ཕ་ཁྱིམ་ལ་ལོག་པ་དང་འདྲ་བར་ལག་ལྕགས་སོགས་ཀྱང་འཁྱེར་ནས་ཡོང་གིན་འདུག འདི་འདྲའི་བཙོན་ཁང་བོད་ལ་མ་གཏོགས་ས་སྒང་འདིའི་སྟེང་དུ་ག་པར་ཡོད་ཅེས་གསུངས་འདུག
     བོད་ཀྱི་བཙོན་མ་རྣམས་ཀྱིས་རེ་བ་བྱེད་ས་ཞིག་ཡོད་པ་ནི་རྒྱལ་བ་གསེར་ཁྲིར་འགོད་པ་སོགས་ཀྱི་གནས་ཚུལ་ཁྱད་པར་ཅན་དེ་སྟེ། དེར་འཕྲད་ན་ཚེ་བཙོན་ཡང་བཙོན་ཐར་གཏོང་ངེས་རེད། ང་ཚོར་བོད་ལ་ཚེ་ཐར་ཞེས་པ་ཞིག་ཡོད་པ་མ་ཟད་བཙོན་ཐར་ཞེས་པ་ཞིག་ཀྱང་ཡོད་འདུག་ལ། འདིའི་སྟེང་ནས་བཙོན་ཁང་གི་གནས་ཚུལ་དག་ལ་ཞིབ་འཇུག་བྱེད་ཆོག་ཆོག་ཅིག་རེད།  དགེ་འདུན་ཆོས་འཕེལ་ཀྱང་རྒྱལ་བ་གསེར་ཁྲིར་འཁོད་པ་དང་བསྟུན་ནས་བཙོན་མ་ཡོད་ཚད་བཙོན་གྲོལ་བཏང་བ་མཉམ་དུ་བཙོན་བཀྲོལ་བཏང་བ་རེད། ཡིན་ན་ཡང་བཙོན་བཀྲོལ་གཏོང་ཁར་འགན་ལེན་མཁན་ཞིག་ཅིས་ཀྱང་དགོས་ངེས་རེད། ཏག་ཏག་དགེ་འདུན་ཆོས་འཕེལ་གྱི་བཙོན་བཀྲོལ་གཏོང་དུས་དགེ་བཤེས་ཆོས་གྲགས་དང་འབྲས་སྤུངས་ཀླུ་འབུམ་ཁང་ཚན་གྱིས་འགན་བླངས་པ་རེད།
4
     ཞོལ་དངུལ་པར་ཁང་ནི་བདག་གིས་ཆེས་བལྟ་འདོད་པའི་ཞོལ་གྱི་ལས་ཁུངས་ཤིག་རེད། སྟབས་ལེགས་པ་ཞིག་ལ་ལ་མོ་ཚེ་རིང་བཀྲ་ཤིས་ལགས་འདིའི་ནང་དུ་ལས་བྱ་ཡིན་འདུག ཁོང་གིས་དངུལ་ཁང་གི་སྒོ་ཕྱེས་ནས་ཞིབ་ཏུ་བལྟས་པ་ཡིན། 
     འདིར་འགྲེམ་སྟོན་བྱེད་སའི་ལག་རྡུང་དངུལ་ཊམ་གྱི་འགྲེམ་སྟོན་ཁང་དང་། ཤོག་སྒོར་གྱི་འགྲེམ་སྟོན་ཁང་། འཕྲུལ་འཁོར་གྱིས་བཟོས་པའི་དངུལ་ཊམ་འགྲེམ་སྟོན་ཁང་བཅས་ཁང་བ་གསུམ་ཡོད་ཅིང་། འདི་དག་གི་ནང་དུ་བོད་ཀྱི་ཤོག་སྒོར་དག་གི་དཔར་ཤིང་དང་ཚོན་སྣ་ཚོགས། བོད་དངུལ་བཟོ་བྱེད་ཀྱི་ལག་ཆ་སྣ་ཚོགས་འདུག མི་རེ་འགས་སྒོར་མོ་བཟོ་བའི་འདྲ་འབག་བཟོས་འདུག དེ་དག་ནི་ཕལ་ཆེར་དངུལ་རྡུང་བའི་ཚུལ་དང་བོད་སྡོད་ཨམ་བན་གྱིས་ལྟ་རྟོག་བྱེད་བཞིན་བོད་དངུལ་རྡུང་བའི་ཚུལ་རེད། འདི་ལས་ཆེས་དོན་སྙིང་དང་ལྡན་པ་ནི་དུས་རབས་སོ་སོར་བོད་དུ་སྤྱད་པའི་སྒོར་མོ་དག་འགྲེམ་སྟོན་བྱས་པ་དེ་ནི་ལོ་རྒྱུས་ཀྱི་རྒྱུ་ཆ་རིན་ཐང་དང་བྲལ་བ་སྐོར་ཞིག་རེད། 
     ངས་སེམས་སུ་བོད་དངུལ་གྱི་བཟོ་གྲྭ་གྲྭ་བཞི་ན་ཡོད་པ་དེ་གསལ་བོ་ཤར་བྱུང་། འོན་ཀྱང་ད་ལྟ་གྲྭ་བཞི་ན་དེའི་འགྲེམ་སྟོན་བྱེད་ས་ཡོད་པའི་སྐད་ཆ་མ་ཐོས་ཤིང་། འདི་རུ་གྲྭ་བཞི་ནས་བཟོས་པའི་བོད་སྒོར་དག་གི་ཤིང་དཔར་དག་ཀྱང་ཡོད་པ་ལ་བལྟས་ན་ད་ལྟ་དེའི་ཚབ་ཀྱང་འདི་ནས་བྱེད་བཞིན་ཡོད་པ་ཤེས་ཐུབ། སྐུ་ཞབས་ལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་ཤིང་དཔར་འདི་དག་སྔོན་མའི་ཤིང་དཔར་མ་ཡིན་པར་གསར་དུ་བཟོས་པ་ཡིན་ཟེར། 
     དངུལ་པར་ཁང་འདི་ནི་དུས་རབས་བཅོ་བརྒྱད་དང་བཅུ་དགུའི་ནང་བེད་སྤྱོད་བཏང་མྱོང་བའི་བོད་དངུལ་བཟོ་ས་སྟེ། བོད་དངུལ་དེ་དག་ཟངས་དམར་ལས་བཟོས་པ་ཤ་སྟག་ཡིན། དེ་ལ་དབྱེ་ན་ཁ་གང་དང་ཁ་གང་ཟུར་བརྒྱད། ཕྱེད་བརྒྱད། ཞོ་གང་། སྐར་མ་བཅས་ཡོད། དངུལ་ཁང་དེའི་ནང་ལ་སྐུ་སྣ་ཚོགས་ཀྱང་པར་འདེབས་བྱེད་ཀྱིན་ཡོད། 
     ཐང་དང་སུང་རྒྱལ་རབས་ཀྱི་སྔ་རོལ་དུ་བོད་མིས་སྟར་ག་དང་དར་གོས། མར་སོགས་སྒོར་མོའི་ཚབ་བྱས་པའི་ངག་རྒྱུན་ཡང་བཤད་རྒྱུ་ཡོད། ཐང་དང་སུང་རྒྱལ་རབས་ཀྱི་ལོ་རྒྱུས་དང་། དབྱི་ཏ་ལིའི་ཡུལ་སྐོར་བ་མ་ཁེ་པོ་ལོ་ཡི་རྒྱལ་ཁམས་འགྲིམ་པའི་ཟིན་ཐོ་ལས་བོད་མིས་སྐབས་དེར་གསེར་སྒོར་མོའི་ཚབ་ཏུ་ཚྭ་ལེབ(སྲ་གཟུགས་སུ་ཆགས་པའི་ཚྭ་ཁུ་ལེབ་མོ)སྤྱོད་བཞིན་པ་བཀོད་འདུག སྲོང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊར་གསེར་དང་དངོས་རྫས་མང་བོས་རྒྱ་གར་དུ་མངགས་པ་དང་། བློན་པོ་མགར་སྟོང་བཙན་གྱིས་གསེར་ལས་གྲུབ་པའི་དངོས་རྫས་མང་བོ་འཁྱེར་ནས་རྒྱ་ནག་ཏུ་གཉེན་སློང་བར་སོང་བ་ལྟ་བུས་སྐབས་དེར་སྒོར་མོའི་ཚབ་ཏུ་གསེར་བྱས་ནས་བཀོལ་བཞིན་པ་ཤེས་ཐུབ། 
     གསེར་དངུལ་སྒོར་མོའི་ཚབ་བྱས་ན་དེ་འཇལ་བྱེད་ཀྱི་ཡོ་བྱད་ཡོད་དགོས་པས་ལོ་རྒྱུས་དེབ་ཐེར་ནང་དུ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྤོས་རྗེས་ཕྱོགས་མང་བོ་ནས་བཅོས་སྒྱུར་བྱས་པ་དང་། དེའི་ནང་དུ་སྒོར་མོ་འཇལ་བྱེད་ཀྱི་ཚད་གྲངས་གཏན་ལ་ཕབ་པ་གསལ་བོར་བཀོད་ཡོད། 
     དུས་རབས་བཅུ་དྲུག་པའི་དུས་དཀྱིལ་དུ། ནེ་པ་ལའི་ཅ་ཏེ་མན་ཏུའུ་རྒྱུད་ཀྱི་རྒྱལ་ཕྲན་གསུམ་སྟེ་པ་ཏེ་ཀང་དང་ཅ་ཏེ་མན་ཏུའུ། ཕ་ཐན་བཅས་ཀྱིས་བཟོས་པའི་སྒོར་མོ(དངུལ་སྒོར)བོད་དུ་བཀོལ་འགོ་བརྩམས། རྒྱལ་ཕྲན་ཅ་ཏེ་མན་ཏུའུ་ཡི་རྒྱལ་བོ་མཱ་ཧིན་ཏེ་ལཱ་མཱ་ལཱས་རྒྱལ་སྲིད་སྐྱོང་སྐབས། རྒྱལ་ཕྲན་དེ་དང་བོད་ལྗོངས་བར་ལ་དངུལ་སྒོར་དང་དངུལ་བརྗེ་རེས་བྱེད་པའི་ཚོང་རྫས་བརྗེ་རེས་ཀྱི་གནས་ཚུལ་བྱུང་རྗེས། 
     རྒྱལ་ཕྲན་པ་ཏེ་ཀང་དང་ཕ་ཐན་གཉིས་ཀྱང་སྔ་ཕྱིར་ཚོང་རྫས་བརྗེ་རེས་དེའི་ནང་དུ་ཞུགས། དེ་ནས་བཟུང་བོད་ལྗོངས་དང་བལ་བོའི་བར་ལ་དངུལ་སྒོར་དང་དངུལ་བརྗེ་རེས་བྱས། དངུལ་སྒོར་དང་དངུལ་བརྗེ་ཚུལ་ནི་དངུལ་སྒོར་དང་དངུལ་གྱི་ལྗིད་ཚད་འདྲ་མཚུངས་ཀྱིས་བརྗེ་རེས་བྱེད་པ་ཡིན་ལ། དངུལ་སྒོར་བཟོས་པའི་བཟོ་གླ་སྟེར་གྱི་མེད། 
རྒྱལ་ཕྲན་པ་ཏེ་ཀང་གི་རྒྱལ་བོ་ཆེས་རྗེས་མ་ལཱ་ནཱ་ཅི་ཐི་མཱ་ལཱ་ཡིས་དངུལ་སྒོར་ནང་དུ་ཟངས་བསྲེས་ནས་སླད་སྐྱོན་བཏང་བའི་དངུལ་སྒོར་འབོར་ཆེན་བོད་དུ་སྐྱེལ་ནས་བལ་བོར་ཁེ་སྤོགས་མང་བོ་ཐོབ་པ་དང་། བལ་བོའི་རྒྱལ་ཕྲན་གསུམ་པོས་དངུལ་སྒོར་ནང་དུ་ཟངས་མ་བསྲེས་པས་བོད་མི་རྣམས་གཏན་ནས་མི་དགའ་བར་གྱུར། 
     དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ། བལ་བོའི་མི་ཕུའུ་ལཱ་ཐི་ཝེ་ནཱ་ལ་དབྱང་ཧྲ་ཨཱ་ཡི་འགོ་ཁྲིད་འོག་ཏུ་བལ་བོ་གཅིག་གྱུར་བྱས། དངུལ་སྒོར་སླད་སྐྱོན་ཅན་བཟོས་ནས་བལ་བོར་ཁེ་སྤོགས་འབོར་ཆེན་ཐོབ་མྱོང་བའི་སྟབས་ཀྱིས་ནཱ་ལ་དབྱང་གིས་མུ་མཐུད་དུ་བོད་ལྗོངས་དང་དངུལ་སྒོར་གྱི་ཚོང་བརྒྱབ། སྐབས་དེར། རྒྱལ་བ་འཇམ་དཔལ་རྒྱ་མཚོས་དངུལ་སྒོར་ནང་ལྕགས་དང་ཟངས། ཞ་ཉེ་སོགས་འབོར་ཆེན་བསྲེས་པའི་སླད་སྐྱོན་ཐེར་འདོན་བྱས་ཡོད་ལ། གནས་ཚུལ་འདི་གོང་མ་རྒྱལ་བོས་ཤེས་རྗེས། བལ་བོར་དངུལ་སྒོར་རྫུན་མ་བཟོ་རྒྱུ་གཏན་འགོག་བྱེད་དགོས་པའི་བཀའ་རྒྱ་བཀྲམ། 
     དེ་བས་བལ་བོས་གསར་དུ་བཟོས་པའི་དངུལ་སྒོར་རྒྱུ་སྤུས་བཟང་ཞིང་སླད་སྐྱོན་མེད་པར་གྱུར་ན་ཡང་། དངུལ་ཊམ་གསར་རྙིང་དུས་མཉམ་དུ་སྤྱོད་བཞིན་པའི་དབང་གིས་རྙོག་དྲ་ཆེན་པོ་བྱུང་ཞིང་། དེར་བསྟུན་ནས་མི་སྒེར་གྱིས་བཟོས་པའི་དངུལ་སྒོར་རྫུན་མ་ཡང་ཚོང་རར་ཁྱབ། 1790ལོར་རྒྱལ་དབང་རིན་པོ་ཆེས་ཡང་བསྐྱར་ཕྱིན་ཆད་སླད་སྐྱོན་མེད་པའི་དངུལ་སྒོར་གསར་བ་ལས་དངུལ་སྒོར་རྙིང་མ་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བཀྲམ་ཞིང་། བོད་གཞུང་གིས་བལ་བོར་དངུལ་སྒོར་རྙིང་བ་ཕྱིར་བསྡུ་བྱེད་དགོས་པའི་བླང་བྱ་བཏོན། འོན་ཀྱང་བལ་བོ་ཕྱོགས་ནས་བོད་གཞུང་ལ་སྒོར་མོ་རྙིང་བ་ཕྱིར་བསྡུ་བྱེད་དགོས་ན་དངུལ་སྒོར་གསར་བ་གཅིག་ལ་དངུལ་སྒོར་རྙིང་བ་གཉིས་རེ་སྤྲོད་དགོས་ཤིང་། དེ་མིན་དངུལ་སྒོར་དང་དངུལ་གྱི་ལྗིད་ཚད་འདྲ་མཚུངས་ཀྱིས་བརྗེ་བའི་སྲོལ་སྒྱུར་ཏེ་དངུལ་སྲང་གཅིག་ལ་དངུལ་སྒོར་གསར་བ་དྲུག་ལས་མི་སྤྲོད་པའི་ཆ་རྐྱེན་བཏོན། 
     ཆ་རྐྱེན་དེ་བོད་གཞུང་གིས་ཁས་མ་བླངས་པས1788ལོར་བལ་བོས་དམག་དྲངས། སྤྱི་ལོ1791ལོར་གཞི་ཁྱོན་ཆེན་པོས་བོད་ལྗོངས་ལ་བཙན་འཛུལ་བྱས་ནས། ཆིང་རྒྱལ་རབས་སྲིད་གཞུང་གིས་དམག་དཔུང་དང་། རྒྱལ་མོ་ཚ་བ་རོང་སོགས་ནས་དམག་རོགས་སླེབས་ཏེ1792ལོའི་ཟླ5པར་བལ་བོའི་བཙན་འཛུལ་བ་ཡོངས་རྫོགས་བོད་ཀྱི་ས་ཁོངས་ནས་མཐའ་ལ་བསྐྲད། 
     བལ་བོ་དང་བོད་ལྗོངས་བར་གྱི་སྒོར་མོའི་ཀླན་ཀ་དེས་བོད་གཞུང་དང་བོད་རིགས་མི་དམངས་ལ་གྱོང་གུད་ཚབས་ཆེན་བཟོས་པས་བོད་ལྗོངས་ཀྱིས་ཀྱང་རང་གི་སྒོར་མོ་བཟོ་དགོས་པ་གསལ་བོར་རྟོགས་བྱུང་བས་བོད་རང་གིས་སྒོར་མོ་བཟོ་བའི་དབུ་བརྙེས་པ་རེད། 
     1763ནས1764ལོའི་བར་དུ་ལན་ཛ་བཀོད་པའི་ཊམ་ཀ་ཁེ་ལྔ་ཅན་དང་། ཁེ་ལྔ་ཚེག་སོ་ལྔ་ཅན། ཁེ་ལྔ་ཚེག་བཅོ་བརྒྱད་ཅན། ཁེ་ལྔ་ཚེག་ཐིག་ལྔ་ཅན་བླུགས། 1775ལོ་ནས1777ལོའི་བར་དུ་སྟེང་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་རྒྱབ་ཏུ“མིགགླཤི”ཞེས་བཀོད་པའི་དངུལ་སྒོར་ཁེ་ལྔ་ཚེག་སུམ་ཅུ་ཅན་བླུགས། 1790ནས1793ལོའི་བར་དུ་བཅུ་གསུམ་ཞེ་ལྔ་དང་བཅུ་གསུམ་ཞེ་དྲུགབཅུ་གསུམ་ཞེ་བདུན་ཟེར་བའི་དངུལ་སྒོར་བླུགས། 
     1792ལོར་ཆིང་སྲིད་གཞུང་གིས་ལྷ་སར་སྒོར་མོ་བཟོ་བའི་ལས་ཁུངས་ཏེ་པའོ་གཙང་ཅུས(宝藏局)འཛུགས་རྒྱུའི་གཏན་ལ་ཕབ། བོད་གཞུང་གི་བཀའ་བློན་དང་མཉམ་དུ་སྒོར་མོ་བཟོ་བའི་སྟ་གོན་བྱས། པའོ་གཙང་ཅུས་ཀྱིས་ཐོག་མར་ཚོད་ལྟའི་ཚུལ་དུ་བཟོས་པ་ནི་ཆན་ལུང་ཐོང་པོ་ཟེར་བའི་དངུལ་སྒོར་ཧ་ཅང་སྲབ་བུ་ཞིག་ཡིན། དངུལ་སྒོར་དེའི་ངོས་གཉིས་སུ་བོད་ཡིག་མ་གཏོགས་རྒྱ་ཡིག་བྲིས་མེད་པས་ཆིང་གཞུང་གི་འདོད་བློ་དང་མ་འཚམ་པས་སྤྱོད་པའི་ཆོག་མཆན་ཐོབ་མ་ཐུབ། 
     1793ལོར་པའོ་གཙང་ཅུས་ཀྱིས“ཆན་ལུང་པོའོ་གཙང”ཟེར་བའི་དངུལ་སྒོར་སྲབ་བུ་ཞིག་བཟོས་པ་དེའི་མཐུག་ཚད་ལ་ཧའོ་སྨིས0.25ཡོད་ཅིང་། ངོས་གཅིག་ཏུ“ཆན་ལུང་པོའོ་གཙང”ཞེས་པའི་རྒྱ་ཡིག་བྲིས་ཤིང་ངོས་གཅིག་ཏུ་བོད་ཡིག་བྲིས་ཡོད། མཐའ་འཁོར་དུ་སྒོར་མོ་བཟོ་བའི་ལོ་བྲིས་ཡོད། སྒོར་འདི་བོད་ལྗོངས་ས་ཁུལ་ཁོ་ནར་བཀོལ་ཅིང་གྲངས་ཚད་ཀྱང་མང་བོ་མེད་པས་གོ་ཐོས་ལྟར་ན་ཨ་མེ་རི་ཀའི་སྒོར་མོ་ཉར་ཚགས་བྱེད་མཁན་ཞིག་གི་ལག་ཏུ“ཆན་ལུང་པོའོ་གཙང”གཅིག་ཉར་བ་ལས་ད་ལྟའི་བར་དུ་ཉར་ཚགས་བྱས་ཡོད་པ་ཤིན་ཏུ་ཉུང་སྐད། ཅ་ཆིན་པོའོ་གཙང་ཟེར་བ་སོགས་ཀྱང་རིམ་བཞིན་དཔར།
     1889ལོར་ཀོང་བོ་ས་ཁུལ་དུ་དངུལ་པར་བཟོ་གྲྭ་བཙུགས། 1890ལོར་ཊམ་དཀར་བཅོ་ལྔ་ཅན་དང་ཉེར་བཞི་ཅན། དེའི་ཕྱི་ལོར་བཅོ་ལྔ་ཅན་དང་ཉེར་ལྔ་ཅན་པར་འདེབས་གནང་བ་དང་ཆབས་ཅིག1892ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དངུལ་ཕུད་སྐུ་འགྱེད་གནང་། དེ་ནས་བཟུང་རྒྱ་ཆེར་འགྲེམ་གཏོང་གནང་། 
     1912ནས་གྲྭ་བཞི་ནས་བོད་དངུལ་གྱི་བཟོ་གྲྭ་བཙུགས་ཤིང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཀོད་པའི་སྒོར་མོ་བླུགས་པ་བཟོས། གོང་ལ་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོ་ལུགས་ཟུང་ཆབ་སྲིད་དབུ་བརྙེས་ཀྱི་ལོ་ཆིག་སྟོང་དྲུག་བརྒྱ་ང་བཅུ་ང་བརྒྱད། ཅེས་དང་གཤམ་དུ། ཕུན་ཚོགས་སྡེ་བཞིའི་དཔལ་མངའ་ཕན་བདེ་སྤྱི་ནོར་ཆོས་སྲིད་གཉིས་ལྡན་གྱི་རབ་བྱུང་བཅོ་ལྔ་བའི་ཤོག་དངུལ་ཞེས་བྲིས་པའི་སྔོ་མདོག་ལྔ་ལོ་དང་དམར་བོ་བཅུ་ལོ་གཉིས་དཔར། 
     1913ལོར་གོང་ལ་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོ་ལུགས་ཟུང་ཆབ་སྲིད་དབུ་བརྙེས་ཀྱི་ལོ་ཆིག་སྟོང་དྲུག་བརྒྱ་ང་བཅུ་ང་དགུ། ཞེས་དང་གཤམ་དུ། ཕུན་ཚོགས་སྡེ་བཞིའི་དཔལ་མངའ་ཕན་བདེ་སྤྱི་ནོར་ཆོས་སྲིད་གཉིས་ལྡན་གྱི་རབ་བྱུང་བཅོ་ལྔ་བའི་ཤོག་དངུལ་ཅེས་བྲིས་པའི་ཚོན་མདོག་མི་འདྲ་བའི་བཅུ་ལོ་དང་བཅོ་ལྔ་ཅན། ཉེར་ལྔ་ཅན། ལྔ་བཅུ་ཅན་བཅས་དཔར། ལོ་དེར་སྨད་སྐྱིད་དངུལ་པར་ཁང་སྐྱིད་ཆུའི་བྱང་ངོས་སུ་བཙུགས། 
     1914ལོར་གྲྭ་བཞི་དངུལ་པར་ཁང་ནས་དངུལ་སྲང་གཉིས་ལྡན་གྱི་ཊམ་ཀ་དཔར་ཞིང1918ལོར་གྲྭ་བཞི་དང་སྨད་སྐྱིད་དངུལ་པར་ཁང་ནས་སོ་སོར་དངུལ་སྲང་གཅིག་ཅན་དང་ལྔ་ཅན་དཔར། 
     1918ལོར་རྒྱལ་བའི་སྤྱན་བསལ་ཚ་རོང་ལ་དངུལ་ཁང་གི་དབང་ཆ་ཐོབ་ཅིང་། ནོར་བུའི་གླིང་ཀའི་ནུབ་ཕྱོགས་སུ་ལོ་འདུལ་གསེར་ཊམ་ཁང་བཅས་ནས་སྲང་ཉི་ཤུ་ཅན་གྱི་གསེར་སྒོར་བླུགས། 
    1917ལོ་ནས་ཟངས་ཊམ་ལྡུག་མགོ་བརྩམས་ཏེ། ལོ་དེར་སྐྱིད་སྨད་དངུལ་པར་ཁང་ནས་མདུན་དུ་མཐའ་རུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཡི་གེ་དང་དཀྱིལ་ན་སེང་གེ་རྒྱབ་ཏུ་ཞོ་གྲངས་བཀོད་པའི་ཟངས་ཊམ་ཞོ་གང་ཅན་དང་། མདོ་སྡེ་དངུལ་པར་ཁང་ནས་དེ་ལྟ་བུའི་ཟངས་སྒོར་ཞོ་གང་ཅན་བླུགས། 1920ལོར་མདོ་སྡེ་དངུལ་པར་ཁང་ནས་དེ་ལྟ་བུའི་ཟངས་སྒོར་ཞོ་གང་ཅན་བླུགས། 1922ལོར་ཡང་ཐེངས་གཅིག་ལ་བླུགས་མྱོང་ཞིང་བསྡོམས་པའི་དགའ་ལྡན་ཕོ་བྲང་གིས་ཐེངས་ལྔ་ལ་བླུགས་ཤིང1925ལོར་ཡང་བསྐྱར་ཁ་སྣོན་དུ་བླུགས། 1918ནས1922བར་ཞོ་ལྔ་ཅན་གྱི་ཟངས་སྒོར་ཐེངས་ལྔ་ལ་བླུགས་ཤིང1918ནས1921ལོའི་བར་སྐར་གང་ཕྱེད་ལྔ་ཅན་གྱི་ཟངས་སྒོར་ཐེངས་གསུམ་ལ་བླུགས། 1927ལོ་ནས་མདོ་སྡེ་དངུལ་པར་ཁང་ནས་ཟངས་ཊམ་ཞོ་གང་ཅན1930ལོར་ཞོ་ལྔ་ཅན་བླུགས་ཀྱང་བཀྲམ་མེད། 
     1929ལོར་དངུལ་ཊམ་ཞོ་ལྔ་ཅན་དང1930ལོར་དངུལ་ཊམ་ཞོ་གཉིས་ཅན་བླུགས། 
     1923ལོར་འབྲོང་རྩེ་ཐུབ་བསྟན་ཀུན་འཕེལ་གྱིས་རྒྱ་གར་དུ་དཔར་ལས་ལག་རྩལ་སྦྱངས་ཤིང་། 1925ལོར་དཔར་ཆས་ཉོས་ཏེ་ཕྱིར་ལོག་རྗེས་གྲྭ་བཞི་གློག་འཕྲུལ་ཁང་བཙུགས་ཏེ1931ལོར་ནས་ཟངས་དང་དངུལ་གྱི་ཊམ་ཁ་དང་ཤོག་དངུལ་ཚོན་ཁྲ་མ་སོགས་པར་འདེབས་བྱས། 1937ལོར1931ལོའི་སྒོར་རྫུན་མང་དུ་མཐོང་བས་གྲྭ་བཞི་དངུལ་ཁང་གིས་དེ་དག་ཕྱིར་བསྡུས་ནས་ཤོག་སྒོར་གསར་བ་སྲིད་གཞུང་གི་ཐེའུ་བརྒྱབ་ཡོད་པ་བཏོན། 
    1932ལོར་ཟངས་སྒོར་བརྫུན་མ་བཟོས་པ་མཐོང་བས་ཟླ་བརྒྱད་པར་ཟངས་སྒོར་གསར་བ་ཞིག་བཟོས། དེའི་འཆར་གཞི་ཅུང་ཕྲ་ཞིང་ཞིབ་ཏེ། མཐའ་སྐོར་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་དཀྱིལ་དུ་སེང་གེ རྒྱབ་ཀྱི་མཐའ་སྐོར་དུ་རབ་ལོ་དང་དཀྱིལ་དུ་ཞོ་གང་ཞེས་འཁོད་ཡོད། 
     1932ལོ་ནས་ཤོག་སྒོར་པར་གཞི་མི་འདྲ་བ་གསུམ་བཟོས། དེ་ལ་ཊམ་སྲང་བརྒྱ་ཅན་དང་། སྲང་བཅུ་ཅན། སྲང་ལྔ་ཅན་བཅས་ཡོད། དེ་དག་གི་མདུན་ཤོག་གོང་དུ་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ལུགས་ཟུང་ཆབ་སྲིད་དབུ་བརྙེས་ཀྱི་ལོ་ཆིག་སྟོང་བདུན་བརྒྱ་ཞེས་ལྷ་ཐོ་ཐོ་རི་ནས་བརྩིས་པའི་ལོ་གྲངས་དང་བར་དུ་སེང་གེ་གཉིས་གཤམ་དུ་ཕུན་ཚོགས་སྡེ་བཞིའི་དཔལ་མངའ་ཕན་བདེ་སྤྱི་ནོར་ཆོས་སྲིད་གཉིས་ལྡན་གྱི་རབ་བྱུང་བཅུ་དྲུག་པའི་ཤོག་དངུལ་བཀོད་པ་སོགས་འཆར་བཀོད་ཅུང་ཕྲ་ཞིང་ཞིབ་པ་ཡིན། 
     ལོ་དེར་གྲྭ་བཞི་དངུལ་ཁང་གིས་ལོ་ཉི་ཤུའི་རིང་གི་དངུལ་སྒོར་ཕྱིར་བསྡུས་ནས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཀོད་པའི་དངུལ་སྒོར་སྲང་གང་ཞོ་ལྔ་ཅན་དང་སྲང་གསུམ་ཅན་བཟོ་བའི་འཆར་གཞི་བཟོས་ནས་རིམ་བཞིན་བཟོས་ནས་བཀྲམ། 
     1937ལོར་མདུན་གྱི་གོང་དུ་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། ཞེས་དང་གཤམ་དུ་ཆོས་སྲིད་གཉིས་ལྡན་གྱི་དངུལ་སྲང་བརྒྱ་ཐམ་པ་ཞེས་བྲིས་པའི་བརྒྱ་ཤོག་ཅན་གྱི་སྒོར་མོ་ཁྲི་བཅུ་དཔར། 1941ལོར་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ལུགས་ཟུང་ཆབ་སྲིད་དབུ་བརྙེས་ཀྱི་ལོ་ཆིག་སྟོང་དྲུག་བརྒྱ་གོ་གཅིག་ཅེས་དང་གཤམ་དུ་ཕུན་ཚོགས་སྡེ་བཞིའི་དཔལ་མངའ་ཕན་བདེའི་སྤྱི་ནོར་ཆོས་སྲིད་གཉིས་ལྡན་གྱི་རབ་བྱུང་བཅུ་དྲུག་པའི་ཤོག་དངུལ་ཞེས་བཀོད་པའི་ཤོར་སྒོར་སྲང་བཅུ་ཅན་དང་སྲང་ལྔ་ཅན་དཔར། 
     1949ལོར་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་གཤམ་དུ་ཆོས་སྲིད་གཉིས་ལྡན་གྱི་ཤོག་དངུལ་སྲང་ཉི་ཤུ་རྩ་ལྔ། ཞེས་པའི་ཚོན་མདོག་ཅན་གྱི་ཤོག་སྒོར་བཀྲམ། 
     1951ལོར་གྲྭ་བཞི་དངུལ་ཁང་གིས་མདུན་དུ་ཕོ་བྲང་པོ་ཏ་ལ་དང་མཐའ་སྐོར་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་གཤམ་དུ་དངུལ་སྲང་གྲངས་ཞེས་དང་རྒྱབ་ཏུ་གངས་ལྗོངས་ཆོས་སྲིད་གཉིས་ལྡན་རབ་ལོ925སྤྱི་ལོ1951དབུས་སུ་ཆོས་འཁོར་བཀོད་པའི་དངུལ་སྒོར་སྲང་ལྔ་བཅུ་ཅན་དང་ཉེར་ལྔ་ཅན་འགྲེམ་སྤེལ་བྱས། 1953ལོར་སྲང་བདུན་དང་ཞོ་ལྔ་ཅན་དང་སྲང་ལྔ་ཅན་གྱི་དངུལ་སྒོར་འགྲེམ་སྤེལ་བྱས།
     1953ནས1954བར་དུ་མདུན་དུ་དབུས་སུ་གངས་རི་དང་སེང་གེ་ཡོད་ཅིང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་སྲང་གྲངས་དང་། རྒྱབ་ཏུ་ཆོས་སྲིད་གཉིས་ལྡན་རབ་ལོ་བཀོད་པའི་ཟངས་སྒོར་སྲང་ལྔ་ཅན་དང་དངུལ་སྒོར་སྲང་ལྔ་ཅན་བླུགས། 
     1953ལོར་གྲྭ་བཞི་དངུལ་ཁང་གིས་དངུལ་སྒོར་གཉིས་འཆར་འགོད་བྱས་ནས་བཀའ་ཤག་ལ་སྙན་ཞུ་ཕུལ་མོད། དེ་ལས་ཊམ་ཀ་དཀར་བོ་ཁོ་ནར་ཆོག་མཆན་བཀོད། 1954ལོར་མདུན་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་རྒྱབ་ཏུ་བཀྲ་ཤིས་རྟགས་བརྒྱད་བཀོད་པའི་སྲང་ལྔ་ཅན་གྱི་དངུལ་སྒོར་དེ་འགྲེམ་སྤེལ་བྱས། དེ་ནི་བོད་གཞུང་གིས་བཀྲམ་པའི་ཆེས་མཐའ་མ་ཡིན་ནམ། དེའི་རྗེས་སུ་དཔར་བའི་སྒོར་མོ་ཡོད་པའི་སྐོར་ངས་ཤེས་མ་བྱུང་། 
     1957ལོའི་ཟླ་བདུན་པར་བོད་དངུལ་སྤྱོད་པར་མཚམས་བཞག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤོག་དངུལ་སྤྱོད་པའི་བཀའ་རྒྱ་བཀྲམ་པ་ནས་བོད་དངུལ་གྱི་ནུས་པ་ཐོན་པའི་ལོ་རྒྱུས་མཇུག་རྫོགས་སོང་། བོད་དངུལ་འགྲེམ་སྟོན་ཁང་ནས་མི་བཞུགས་ཀ་མེད་ཆགས་སོང་། དེ་ནས་བཟུང་བོད་དངུལ་དངོས་སུ་འགྲེམ་སྟོན་ཁང་ལ་སྐྱེལ་དགོས་བྱུང་། ད་ལྟ་འགྲེམ་སྟོན་ཁང་འདི་ན་ཡོད་པའི་བོད་དངུལ་དག་ཀྱང་ངོ་མ་མ་ཡིན་པར་འདྲ་བཟོ་བྱས་པའི་ཚབ་མ་ཏག་ཏག་རེད།
     ད་ལྟ་བོད་ཡིག་ཏུ་བོད་ཀྱི་སྒོར་མོའི་ལོ་རྒྱུས་བཤད་པ་མ་མཐོང་བས་ངས་ཞིབ་ཏུ་བཤད་དགོས་བྱུང་། འོན་ཀྱང་ཞོལ་དངུལ་པར་ཁང་འདིར་ལྟ་སྐོར་བྱེད་དུས་བོད་ཀྱི་སྒོར་མོའི་བཟོ་གྲྭ་འདི་ཡིན་པར་འདོད་སྲིད། སྔོན་མའི་སྒོར་མོའི་བཟོ་གྲྭ་དེ་ནི་གྲྭ་བཞི་ན་ཡོད་པ་དེ་གཏན་ནས་བརྗེད་མི་རུང་། སྐབས་འདིར་ངས་སྔོན་ནས་ཐེངས་མང་བོ་ཞིག་ལ་བོད་སྒོར་གྱི་ལོ་རྒྱུས་བྲིས་ནས་མཚམས་འཇོག་བྱུང་བའི་ཚུལ་ཀྱང་དྲན། 
5
     ལུང་ཤར་གཟིམ་ཤག་ནི་ད་ལྟ་སྒོ་ཕྱེས་ཡོད་པའི་བཀའ་ཤག་གི་དཔོན་རིགས་ཉག་གཅིག་རེད། ངས་ད་ལྟའི་སྲིད་གཞུང་གིས་ལུང་ཤར་ལ་འདི་འདྲའི་མཐོང་ཆེན་བྱེད་པའི་རྒྱུ་མཚན་ཤེས་མ་བྱུང་། ཡིན་ན་ཡང་ལུང་ཤར་ཚང་ལ་འགྲོ་འདོད་པ་ནི་ཁོང་དང་ཁོང་དང་འབྲེལ་བའི་གནས་ཚུལ་སྐོར་ཆེས་རྩོད་གཞི་ཆེ་བའི་གནད་དོན་ཞིག་དང་འབྲེལ་བ་ཡོད་པས་ཀྱང་ཡིན་སྲིད།  ལུང་ཤར་ཚང་པོ་ཏ་ལའི་སྒོ་ཆེན་གྱི་གཡས་འགྲམ་དུ་ཡོད་ཅིང་། ར་སྐོར་ཆུང་བ་ཞིག་ཡིན། ང་ལུང་ཤར་ཚང་གི་ཁྱིམ་དུ་སོང་ནས་ཁོང་ཚང་གི་ཁང་བར་ལྟ་སྐོར་བྱེད་ཀྱིན་ཁོང་གི་གནས་ཚུལ་ལ་ཕྱིར་དྲན་དང་བསམ་གཞིག་བཏང་བ་ཡིན།  ལུང་ཤར་རྡོ་རྗེ་ཚེ་རྒྱལ་ནི་བོད་ཀྱི་རྩིས་དཔོན་གྱི་འགན་བཞེས་མྱོང་བ་མ་ཟད། བོད་ཀྱི་སློབ་མ་བཞི་དབྱིན་ཇིར་སློབ་སྦྱོང་དུ་ཁྲིད་མཁན་ཡིན་ལ། “སྐྱིད་ཕྱོགས་ཀུན་མཐུན”ཟེར་བའི་ཚོགས་པ་བཙུགས་ཏེ་རྗེས་སུ་དེ་ལས་ཉེས་པ་ཕོག་སྟེ་བོད་གཞུང་གིས་མིག་བཏོན་པ་རེད། 
     ད་ལྟ་བོད་ནང་དུ་ལུང་ཤར་སྐོར་བྲིས་ཡོད་པ་ནི་ཁོང་གི་བུ་ལྷ་ཀླུ་ཚེ་དབང་རྡོ་རྗེ་ཡིན་ལ། ཕྱི་གླིང་གི《བླ་མའི་རྒྱལ་ཁབ་ཀྱི་ཉམས་རྒུད》ཅེས་པ་ཞིག་བྲིས་ཡོད་ལ། དེའི་ནང་ལུང་ཤར་སྔོན་ཐོན་ཞིག་ཡིན་པའི་སྐོར་བྲིས་ཡོད། ད་ལྟ་བོད་ཀྱི་ན་གཞོན་དག་དེའི་རྗེས་སུ་རྒྱུགས་ནས་ལུང་ཤར་སྔོན་ཐོན་ཞིག་ཡིན་པའི་སྐོར་སྒྲོག་གིན་འདུག འོན་ཀྱང་འཇམ་དབྱངས་ནོར་བུས་ལུང་ཤར་ནི་བཅོས་སྒྱུར་བ་ཞིག་དང་ཡར་ཐོན་པ་ཞིག་མ་ཡིན་པའི་ཁར་ཧ་ཅང་རྙིང་ཞེན་པ་དང་སྲོལ་རྒྱུན་མཆོག་འཛིན་གྲས་ཀྱི་ནུས་པ་ཐོན་ཤོས་ཤིག་ཡིན་པར་ངོས་བཟུང་ཡོད་ཅིང་། ཀེ་དོན་གྲུབ་ཟེར་བས“ལྟས་ངན”“འདོད་རྔམ་ཅན”“རང་འདོད་སྒྲུབ་མཁན་ཞིག”ཡིན་པ་མ་ཟད། ད་དུང“མ་རུངས་བྱེད་གཏེ”དང“གསར་བརྗེ་བ་རྫུན་མ”ཞིག་ཡིན་ཞེས་བྲིས་ཡོད། 
     མི་སྣ་གཅིག་ལ་ཕྱོགས་གཉིས་ཀྱི་གདེང་འཇོག་མི་འདྲ་བ་ནི་ཆོས་ཉིད་རེད། འོན་ཀྱང་གདེང་འཇོག་བྱེད་དུས་མི་སྣ་དེ་གསལ་བོར་ཤེས་དགོས་པ་ནི་སྔོན་འགྲོ་ལྟ་བུ་ཞིག་རེད། སྐབས་དེའི་དབྱིན་ཇིའི་གཞུང་གི་གསར་འགྱུར་དུ། ཁོ་མ་རབས་དང་ཐ་ན་དགྲ་ཞིག་ཡིན་པ་འཁོད་པ་ཙམ་དུ་མ་ཟད། བཀའ་ཤག་གིས་ཁོ་ལ“གཞུང་མགོ་རྟིང་སློག་ནས་ཨུ་རུ་སུའི་གཞུང་སྲོལ་འཛུགས་འཆར་ཡོད་པའི”ཉེས་འགེལ་བཀལ་བ་སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་ཐོས། འོན་ཀྱང་མི་ཞིག་ལ་གདེང་འཇོག་བྱེད་དུས་ཁོའི་བྱས་རྗེས་ལས་གདེང་འཇོག་བྱ་དགོས་པ་རེད།  དེ་བས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པ་དོན་དངོས་སུ་དམངས་གཙོའི་ཚོགས་པ་ཞིག་ཡིན་ནམ་དབང་ཆ་འཕྲོག་པའི་ཚོགས་པ་ཞིག་ཡིན་ནམ་དེ་ལ་དཔྱད་རྒྱུ་ནི་ཁོང་ལ་གདེང་འཇོག་བྱེད་པའི་ཚད་གཞི་ཉག་གཅིག་རེད། མི་སུ་ལ་ཡང་ཆབ་སྲིད་ཀྱི་ཧམ་སེམས་ཡོད་ངེས་པས་ཧམ་སེམས་དེས་མི་དེ་ཆབ་སྲིད་པ་ཐ་ཤལ་ཞིག་ཏུ་བསྒྲུབ་འདོད་པ་ནི་ཐལ་དྲགས་པ་རེད། དེ་བས་ངས་བལྟས་ན་འཇམ་ནོར་ཡང་ཚད་ལས་བརྒལ་འདུག་ལ་མེགྷོར་སི་ཏན་གྱིས་བསྟོད་དྲགས་པ་མིན་ནམ་བསམ་བྱུང་། 
     ངས་འདི་ལྟར་བསམ་བྱུང་། ལུང་ཤར་བྱུང་བའི་སྐབས་དེ་ནི་བཀའ་ཤག་གི་ལམ་ལུགས་བཅོས་བསྒྱུར་བྱེད་པ་དང་། མི་རིགས་ཡར་རྒྱས་སུ་གཏོང་བའི་བསམ་བློ་ཆེས་ཆེར་རྒྱས་པའི་སྐབས་ཤིག་རེད། དེ་ལྟ་བུའི་བསམ་བློ་ཞིག་རྒྱས་ཐུབ་པ་དེ་གཞན་སུ་ཡང་མ་ཡིན་པར་རྒྱལ་བ་བཅུ་གསུམ་པ་ཆེན་པོར་ཐུག་ཡོད་པ་རེད། གལ་ཏེ་བཅུ་གསུམ་པ་ཆེན་པོ་མེད་ན་ལུང་ཤར་བརྒྱ་ཡོད་ཀྱང་དེ་ལྟ་བུའི་བསམ་བློ་རྒྱས་ཐབས་མེད། 
     དབྱིན་ཇི་དང་ཁྲོན་དམག་བོད་དུ་སླེབས་པ་དེ་མེད་ན་བཅུ་གསུམ་པ་པེ་ཅིན་དང་རྒྱ་གར་དུ་འབྲོ་མི་སྲིད་ལ། དེར་མ་བྲོས་པ་ཡིན་ན་ཁོང་ལ་དེ་ལྟ་བུའི་བསམ་བློ་སྐྱེ་ཐབས་མེད། དེ་བས་རྒྱལ་དབང་བཅུ་གསུམ་པའི་རྐྱེན་གྱིས་བོད་ལ་ཚན་རིག་དང་། སློབ་གསོ། དམག་དོན། དེང་རབས་ཀྱི་ཚན་རིག་སྤེལ་བའི་ཡོ་ལང་རྒྱས་པ་རེད། ངོ་མ་ཕམ་ཁ་ཐེངས་གཅིག་ལས་སྐྱེས་པའི་ཉམས་མྱོང་དེ་ཕམ་ཁ་མ་མྱོང་བའི་ལོ་བཅུ་ཕྲག་གི་ཉམས་མྱོང་ལས་ཀྱང་ཆེ་བ་རེད། 
     དེ་བས་རྒྱལ་དབང་རིན་པོ་ཆེ་སློབ་མ་མང་བོ་དབྱིན་ཇི་དང་རྒྱ་གར་ཨུ་རུ་སི་སོགས་ལ་དེང་རབས་ཀྱི་རིག་གནས་སྟེ། དམག་དོན་དང་ཚན་རིག་སོགས་སྦྱང་བར་མངགས་པ་རེད། ད་དུང་བོད་མི་ཚོས་པར་ཆས་སྤྱོད་པ་དང་རླུང་འཕྲིན་དང་སྒྲ་སྡུད་འཕྲུལ་འཁོར་ལ་ཉན་པ། སྐུ་དྲག་ཚོས་རང་གི་བྱིས་པ་དབྱིན་ཇིའི་ཡི་གེ་སྦྱོང་བ་དང་། ཐ་ན་རང་གི་བྱིས་པ་རྣམས་ལ་དེང་རབས་སློབ་སྦྱོང་ཐོབ་ཆེད་དུ་རྒྱ་གར་ལ་མངགས་ཡོད། ཚ་རོང་གིས་ཁྲི་ཟམ་ས་ཆར་ལྕགས་ཀྱི་ཟམ་པ་ཐོག་མ་དེ་རྒྱག་པའི་ལས་འཆར་བཙུགས་པ་དང་། རིན་སྒང་པས་ལྷ་སར་གློག་འཐེན་པའི་ལས་འཆར། ཀུན་འཕེལ་ལགས་ཀྱིས་གྲྭ་བཞི་རུ་བཟོ་གྲྭ་ཞིག་བཙུགས་པ་དང་། དེ་བཞིན་སྨོན་ལམ་ཆེན་མོའི་སྐབས་ཀྱི་དགེ་འདུན་པའི་གསོལ་ཇའི་ཆེད་ཇོ་ཁང་གི་ཐབ་ཚང་དུ་ཆུ་གཙང་མ་ལེན་པའི་སྦུ་གུ་འཐེན་ནས་དེང་རབས་ཀྱི་ཡུར་རྐ་བཙུགས་པ་རེད།
     ལུང་ཤར་ཞེས་པའི་མི་སྣ་འདི་སྐབས་དེར་བྱུང་བ་རེད། ལུང་ཤར་ཞེས་པའི་ཁྱིམ་གཞིས་དེ་གཙང་རྟ་ནག་གི་ཡིན། བཅུ་གསུམ་པ་ཆེན་པོས་བོད་ཡར་རྒྱས་སུ་གཏོང་བའི་སྐབས་སུ་དཔོན་རིགས་ཀྱི་བུ་ཕྲུག་ཁོངས་ནས་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་རྣམས1915ལོར་དབྱིན་ཇིར་སློབ་གཉེར་དུ་མངགས་པའི་འགོ་བ་དང་གཞུང་གི་སྐུ་ཚབ་ལ་ལུང་ཤར་ལ་རིམ་པ་བཞི་བའི་གོ་གནས་གནང་ནས་མངགས། ད་ལྟ་ལུང་ཤར་ལ་གདེང་འཇོག་བྱེད་པའི་རྒྱུ་མཚན་ཆེན་པོ་གཅིག་ནི་རྒྱལ་དབང་ཚང་གིས་བསམ་བློ་འདི་ལུང་ཤར་ལ་སྦྱར་ཡོད་ཅིང་རྒྱལ་དབང་གིས་མཛད་རྗེས་དེ་ལུང་ཤར་གྱི་མཛད་རྗེས་ལ་ནོར་ནས་བྱུང་བ་རེད། འོན་ཀྱང་དེ་ཡིས་ཁོང་ལ་གདེང་འཇོག་བྱེད་པ་ཅུང་སྔ་སོང་སྟེ། ཁོང་ལོན་ཏུན་དུ་ལོ་ངོ་གཅིག་ལ་བསྡད་ནས་དབྱིན་སྐད་ཐོར་བུ་ཤེས་པ་དང་ཧྥ་རན་སི་དང་དབྱི་ཏ་ལི། འཇར་མན་ལ་གནས་སྐོར་བྱས་ཤིང་། ལོ་གཅིག་གི་རྗེས་ནས་ཆུང་མར་མངལ་སྦྲུམ་པས་ཕྱིར་བོད་དུ་ཕེབས། རང་གི་འགན་ཡང་མཐར་ཕྱིན་མེད་པ་ཆུང་མའི་མངལ་སྦྲུམ་པར་ཁ་གཡར་ནས་ཕྱིར་ལོག་པ་དེར་བལྟས་ན་ཁོང་གིས་རྒྱལ་བ་བཅུ་གསུམ་པའི་དགོངས་པ་བཞིན་བྱ་བ་དེ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་མེད་པ་དེ་མཚོན་པ་རེད། 
     བཅུ་གསུམ་པ་ཆེན་པོའི་སྐབས་སུ་ཁོང་སྤྱན་བསལ་གནང་བས་བོད་གཞུང་གི་དོན་དག་མང་བོ་ཞིག་ལ་ཁོང་གིས་ཞིབ་བཤེར་དང་ཐག་གཅོད་གནང་གིན་ཡོད་པས་དོན་དངོས་སུ་བཀའ་ཤག་གི་དབང་ཆ་ཁོང་དང་སྤྱན་བསལ་ཀུན་འཕེལ་ལགས་གཉིས་ཀྱིས་བཟུང་ཡོད་ཅེས་ལྷ་ཀླུས་གསལ་བོར་བྲིས་འདུག
     དེ་བས་ཁོང་དང་བཀའ་ཤག་གི་བར་དུ་འགལ་བ་བྱུང་བ་མ་ཟད། སྤྱན་བསལ་ཀུན་འཕེལ་དང་ཁོང་གཉིས་ཀྱི་བར་དུ་ཡང་འགལ་བ་ཆེན་པོ་བྱུང་། འགལ་བ་དེ་དག་ནི་བོད་ཀྱི་གཞུང་དོན་མ་ཡིན་པར་མི་སྒེར་གྱི་དབང་ཆ་ལ་ཐུག་ཡོད། དེ་བས་འཇམ་ནོར་གྱིས་བཤད་པ་ལ་གནས་ལུགས་ཅུང་ཙམ་མེད་པ་ཞིག་གཏན་ནས་མ་རེད། 
     བཅུ་གསུམ་པ་ཆེན་པོ་གློ་བུར་དུ་སྐུ་གཤེགས་པས་གཤེགས་རྐྱེན་ལ་རྩད་གཅོད་བྱས་པས་བཅུ་གསུམ་པའི་སྲིད་ཀྱི་ཕྱག་བྲིས་དག་རྩིས་ལེན་བྱས་པའི་ཁྲོད་དུ་ལུང་ཤར་གྱི་ཡི་གེ་མང་བར་མཐོང་བས་བཀའ་ཤག་གིས་ལུང་ཤར་ལ་མི་འདོད་པའི་རྣམ་འགྱུར་མང་དུ་བསྟན་ཅིང་། སྤྱན་བསལ་ཀུན་འཕེལ་ལགས་འཛིན་བཟུང་བྱས་པས་ལུང་ཤར་ཡང་ཉེན་ཁའི་གནས་ལ་སླེབས། 
     ཏག་ཏག་སྐབས་འདི་ལ་བོད་ཀྱི་ལམ་ལུགས་ལེགས་བཅོས་བྱེད་པའི་ཚོགས་པ་སྐྱིད་ཕྱོགས་ཀུན་མཐུན་བྱུང་བ་འདིས་ཁོང་ལ་ཉེས་འཛོལ་བྱུང་བའི་རྒྱུ་རྐྱེན་ཉག་གཅིག་ཏུ་གྱུར་ཡོད། ལྷ་ཀླུས་རྒྱལ་དབང་རིན་པོ་ཆེ་དང་རྒྱལ་ཚབ་ཀྱི་གོ་གནས་དང་ཐོབ་ཐང་ལ་འགྱུར་བ་མི་གཏོང་བར་བཀའ་བློན་ལོ་བཞི་རེ་ནས་འདེམས་དགོས་པ་དེ་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ཡིན་པར་བཤད་ཡོད། དེར་མ་ཟད་སྲིད་སྐྱོང་རྭ་སྒྲེང་ལ་སྙན་གསན་ཞུ་དགོས་པར་བཤད། 
     ཚོགས་པ་དེར་ས་ཡིག་འགོད་མཁན་རྩེ་དྲུང་བརྒྱ་ལྷག་དང་སེ་འབྲས་དགེ་གསུམ་གྱི་འཐུས་མི་སོགས་མི་མང་བོ་བྱུང་ཡོད་ཚོད་རེད། དེས་ན་གསང་བའི་ཚོགས་པ་ཞིག་ཡིན་ཚོད་མི་འདུག་ཀྱང་། དེ་ལྟ་བུའི་ཚོགས་པ་ཞིག་མངོན་གསལ་དུ་བྱུང་བ་ལ་ཀ་ཤོད་ཆོས་རྒྱལ་ཉི་མས་ཞུ་གཏུགས་ཀྱི་བར་དུ་བཀའ་ཤག་གིས་མ་ཤེས་པ་ཡང་ངོ་མ་ཡ་མཚན་པ་ཞིག་རེད། དེ་ལས་བལྟས་ན་ད་དུང་ཚོགས་པ་དེའི་གསང་བ་ལྷང་ལ་འཕུད་མེད་པ་འདྲ། 
     ཚོགས་པ་དེའི་ཚོགས་མི་ལྷའུ་རྟ་རས། བཀའ་ཤག་གི་ཞབས་ལོའི་དུས་ཡུན་ཚད་བཀག་བཟོ་བ་ལྟ་བུའི་ཆབ་སྲིད་ཀྱི་འགྱུར་བཅོས་དེ་འདྲ་ཞིག་རྩ་ནས་བཤད་མེད་ཅིང་།  ཁོང་རང་ཞུགས་མྱོང་བའི་གྲོས་མོལ་དང་ཚོགས་འདུའི་ནང་གྲོས་བསྡུར་བྱས་མྱོང་མེད་ པའི་ཁར་ལུང་ཤར་གྱིས“ཆབ་སྲིད་ཀྱི་དབང་ཆ་ལེན་ཆེད་གསང་བའི་ཚོགས་པ་ཞིག་བཙུགས་པ་རེད”ཅེས་བཤད་འདུག
     ཀ་ཤོད་པས་བཀའ་ཤག་ལ་གསང་བ་སྐྱེལ་བ་དང་ལུང་ཤར་འཛིན་བཟུང་བྱས། ལྷག་པར་ཀ་ཤོད་པས་བཀའ་བློན་གསོད་པ་འཆར་གཞི་ལ་ཡོད་ཚུལ་ཁ་སྣོན་བརྒྱབ་ནས་ཞུས་པས་བཀའ་བློན་ཁྲི་སྨོན་པ་བྲོས་བྱོལ་དུ་སེ་ར་ལ་ཕེབས། འོན་ཀྱང་ཕངས་པ་ཞིག་ལ་ལུང་ཤར་ལ་ཚ་ལེན་བྱས་པའི་གནས་ཚུལ་སུས་ཀྱང་བཤད་མེད་པ་རེད། དེ་བས་ལུང་ཤར་ཁྲིམས་གཅོད་བྱས་པ་དེས་ཁོང་གི་ངོས་ལེན་བྱས་པ་མཚོན་པ་ཡིན་ངེས། བདག་གི་སེམས་པར་ཚོགས་པ་དེས་དྲག་པོས་ལུང་ཤར་འཕྲོག་པའི་འཆར་གཞི་ལྷ་ཀླུ་ལྕམ་གྱི་དབང་དུ་སོང་ནས་དང་ལེན་མ་བྱས་པ་དང་དེའི་གསང་བ་བཀའ་ཤག་གིས་ཤེས་པ་དེས་ལུང་ཤར་གྱི་ཉེས་པ་ལ་བདེན་དཔང་བྱས་པ་ལྟ་བུ་སོང་ནས་སྣུམ་ཐོག་མེ་བླུགས་པའི་ཚུལ་དུ་སོང་འདུག ད་ལྟ་བསམ་ན་དེ་ནི་གུ་ཐུག་པའི་བྱེད་ཐབས་ཤིག་ཡིན་ལ་གོ་ལོག་ཏུ་སོང་བའི་འཆར་གཞི་ཞིག་ཀྱང་རེད། 
     རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་བོད་ཀྱིས་སྲོག་ཁྲིམས་བཅད་མི་ཆོག་པའི་ཁྲིམས་བཟོས། འོན་ཀྱང་། ལུང་ཤར་ལ་འདི་ལྟ་བུའི་ཁྲིམས་བཅད་པ་འདི་ངས་གོང་དུ་བཤད་པའི་གསོད་ཁྲིམས་འོས་པ་ཞིག་དལ་འབྱོར་གྱི་སྙིང་བོ་ལེན་པའི་ཆེད་དུ་སྲོག་ཁྲིམས་མ་བཅད་པར་མིག་དབང་བྲུས་པ་ཡིན་ནམ། མི་སྒེར་གྱི་ཞེ་འཁོན་གྱིས་དབང་གིས་མིག་དབང་བྲུས་པ་ཡིན། དེ་ནི་བསམ་གཞིག་བྱ་དགོས་པ་ཞིག་རེད། 
     འཇམ་དབྱངས་ནོར་བུས་ལུང་ཤར་གྱི་སྐྱོན་ཆ་མང་བོ་བགྲང་བའི་ནང་དུ་ཁོང་གིས་ཚ་རོང་གིས“གཞུང་མགོ་རྟིང་སློག་འཆར”ཡོད་པའི་བསྙད་འདོགས་བྱས་ནས་ནུས་མེད་སྒྱིད་ལུག་གི་སྦྲུམ་པ་དམག་སྤྱིར་བསྐོས་ནས་དམག་མིའི་དབང་ཚད་ཡོངས་རྫོགས་བཟུང་བ་དང་། པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་བྲོས་པའི་ཉེས་མིང་ཡང་ལུང་ཤར་ལ་བཀལ་ཡོད། 
     གྷོར་སི་ཐེན་གྱིས“ལུང་ཤར་གྱི་ལས་འགུལ་དེ་ནི་སྲོལ་རྒྱུན་གྱི་གཞུང་སྲོལ་ལེགས་བཅོས་དང་བཅོས་བསྒྱུར་བྱེད་ཐབས་བྱས་པ་མཐའ་མ་སྟེ་ཁོང་ལ་ཕམ་ཉེས་བྱུང་བ་ནི་བླ་མའི་རྒྱལ་ཁབ་ཉམས་པའི་རྒྱུ་རྐྱེན་གཙོ་བོར་ཏན་ཏན་མཐོང་ཡོད་པ་རེད།”ཅེས་བྲིས་འདུག
     ལུང་ཤར་ཁྱིམ་དུ་སླེབས་དུས་ཁོང་གི་རོལ་མོས་བཀྲོལ་ནས་བག་མེད་ལ་རོལ་ཟེར་བ་དེ་ཡང་མཐོང་བྱུང་། འོན་ཀྱང་ད་ལྟ་སྐུ་དྲག་དག་ལ་ལུང་ཤར་ཁོ་ནའི་གཞིས་ཀ་སྒོ་འབྱེད་པ་འདི་ངས་ཡང་ཡང་བསམ་དགོས་བྱུང་ལ། བསམ་པའི་འབྲས་བུ་མཐར་གཏུགས་ན་ལུང་ཤར་གྱི་མིག་བྲུས་པའི་བཀའ་ཤག་གི་ཉེས་པ་དེ་མཐོང་བའི་ཆེད་དུ་ཡིན་པ་འདྲ། 
     1940ལོར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གནས་འདི་ནས་ཚེ་ལས་འདས། ཁོང་ནི་གསར་བརྗེའི་ལས་འགུལ་གྱི་ནང་དུ་ཞུགས་མ་མྱོང་ཡང་ད་ལྟ་ཁོང་ནི་གསར་བརྗེའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་འདུག་པ་འདྲ། དེ་མིན་བོད་ཀྱི་སྐུ་དྲག་དག་ལས་ངན་པ་དགུ་འཛོམས་སུ་སྟོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་གནས་གཞི་འདིར་ཅིའི་ཕྱིར་ལུང་ཤར་ལ་གདུང་སེམས་མཉམ་སྐྱེས་བྱེད་པ་ཡིན་ནམ།

མཆན་འགྲེལ།

1ཚལ། 2ཆོས་ལུང་། 3བདེ་ཆེན་རྫོང་། 4འབྲོམ་ཐོད་གཞིས་ཀ 5སྣེའུ་རྫོང་། 6རྣམ་རྒྱལ་སྒང་གཞིས་ཀ7ཤེལ་གྲོང་གཞིས་ཀ8སྦགས་གཞིས་ཀ9ཕྲེང་སྒོ་གཞིས་ཀ10ལུམ་པ་ས་ཚིགས།11འཇང་གཞིས་ཀ12གནམ། 13གདོང་དཀར་རྫོང་། 14སྙེ་ཐང་གསེར་ཁང་གཞིས་ཀ15གླང་རུ་གཞིས་ཀ16ལྷོ་མོས་གཞིས་ཀ17གྲྭ་བཞི་གཞིས་ཀ18འབྲས་བུ་གླིང་གཞིས་ཀ(ཕ་ལྷའི་གཞིས་ཀ)བཅས་ཡིན། གླིང་ སྐོར་ནང་ཚུད་པའི་ཁྱིམ་དུད་དང་མི་ཚང་སྒེར་བ་ཆེ་འབྲིང་ཆུང་གསུམ་ལ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་འབྲས་སྤུངས་ཚོགས་ཆེན་ཞལ་ངོས་ཁྲིམས་འདོམས་བྱེད་པ་ལས་དུས་རྒྱུན་དུ་སྣང་རྩེ་ཤག་ལས་ཁུངས་ཀྱིས་ཁྲིམས་འདོམས་བཀའ་བཀོད་བྱེད་ཀྱིན་ཡོད། གླིང་སྐོར་ནང་ཚུད་པའི་ཁྱིམ་དུད་དང་མི་ཚང་སྒེར་བ་ཆེ་འབྲིང་ཆུང་གསུམ་ལ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་འབྲས་སྤུངས་ཚོགས་ཆེན་ཞལ་ངོས་ཁྲིམས་འདོམས་བྱེད་པ་ལས་དུས་རྒྱུན་དུ་སྣང་རྩེ་ཤག་ལས་ཁུངས་ཀྱིས་ཁྲིམས་འདོམས་བཀའ་བཀོད་བྱེད་ཀྱིན་ཡོད། འདི་དག་གི་ཆོས་སྲིད་གཉིས་ལྡན་གྱི་ཆབ་སྲིད་དབུ་བརྙེས་པའི་ལོ་བོད་རྒྱལ་ལོ་མ་ཡིན་པར་ལྷ་ཐོ་ཐོ་རི་གཉན་བཙན་ནས་བརྩིས་འདུག


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། das7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།   སྤེལ་མཁན།: བཞོན་ཚང་འཇིགས་མེད། སྤེལ་དུས:2017/2/6
རྒན་མོ་གསེར་འཁུར་གྱི་དཔེ་དེ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྐབས་སུ་མ་རེད་དམ།
  གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།   སྤེལ་མཁན།: བཞོན་ཚང་འཇིགས་མེད། སྤེལ་དུས:2017/2/6
རྒན་མོ་གསེར་འཁུར་གྱི་དཔེ་དེ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྐབས་སུ་མ་རེད་དམ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23504959
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།